གསང་སྔགས་གཡུང་དྲུང་བདུད་འདུལ་གླིང་དང་ཞང་བོད་གསོ་རིག་བདེ་ཕན་སློབ་གླིང་།

[ཟླ་ཚེས། 2016-01-04 12:00:02][རྩོམ་པ་པོ། སྤུ་བླ་དྲུང་མུ་སྐལ་བཟང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

 གསང་སྔགས་གཡུང་དྲུང་བདུད་འདུལ་གླིང་དང་ཞང་བོད་གསོ་རིག་བདེ་ཕན་སློབ་གླིང་།

13.jpg 

   སྤྱིར་ན་ལོ་རྒྱུས་ཀྱི་འགོ་ཕུགས་ཇི་ལྟར་རིང་བ་དེའི་ཚོད་ཀྱིས་དར་རྒུད་ཀྱི་བརྒྱུད་རིམ་མང་བ་ནི་དངོས་པོའི་གཤིས་ལུགས་སུ་སྣང་བ་ལྟར་འཛམ་གླིང་ཤེས་རིག་ཕལ་མོ་ཆེའི་མེས་པོ་ལྟ་བུར་གྱུར་པའི་༸ཞྭ་དཀར་གཡུང་དྲུང་བསྟན་པའི་རིང་ལུགས་འདི་ནི་འཕེལ་འགྲིབ་ཀྱི་དུས་ཚིགས་ལན་མང་བརྒྱུད་དེ་ད་ལྟ་ཆེས་འཁྲུག་ཆ་དོད་པའི་དུས་རབས་ཉེར་གཅིག་པའི་འགྲོ་བ་མིའི་སྤྱི་ཚོགས་ཀྱི་དགོས་མཁོའི་ཁྲོད་གོ་གནས་ངེས་ཅན་ཞིག་བཟུང་ཡོད་ཅེས་བཤད་ཆོག ལྷག་པར་དུ་ཉེ་བའི་ལོ་རབས་ནང་རིག་གནས་གསར་བརྗེ་ཞེས་པའི་དུས་ཀྱི་འགྱུར་བ་ཆེན་པོ་དེའི་ཁྲོད་རིས་སུ་མང་ཆད་པའི་གངས་ལྗོངས་རྒྱལ་བསྟན་སྤྱི་ལ་གྱོང་གུད་ཚབས་ཆེར་བྱུང་སྐབས། ལུང་པ་ཆུ་ཡིས་གང་ན་གཡའ་ལེབ་སྐམ་པོ་མི་ལྷག་པའི་དཔེ་ལྟར་རང་རེའི་བསྟན་པ་རིན་པོ་ཆེ་འདི་ཡང་མིང་གི་ལྷག་མ་ལྟ་བུར་གྱུར་པའི་གཉན་འཕྲང་ཞིག་ལ་སླེབས་ན་ཡང་། སངས་རྒྱས་ཀྱི་ཐུགས་རྗེ་དང་། སེམས་ཅན་སྤྱི་འཐུས་ཀྱི་བསོད་ནམས་མ་ཟད་པ་ལ་བརྟེན་ནས་བསྟན་པའི་མེ་རོ་སྤར་བའི་རླུང་གཡབ་ཏེ་གཡུང་དྲུང་བོན་གྱི་བསྟན་འཛིན་སྐྱེས་ཆེན་སྤྱི་དང་ཁྱད་པར་དུ་༸སྐྱབས་རྗེ་རྒྱལ་བ་སྨན་རི་བའི་མཁན་སློབ་རྣམ་པའི་ཐུགས་རྗེ་བཀའ་དྲིན་གྱི་མཐུ་དང་དཔལ་ལ་བརྟེན་ནས་༸ཞྭ་དཀར་གཡུང་དྲུང་བོན་གྱི་བཤད་སྒྲུབ་བསྟན་པའི་འཆད་ཉན་གྱི་འདུས་སྡེ་བཙུགས་ཤིང་། བཅུ་ཕྲག་རིག་པའི་གནས་ལ་མངའ་བརྙེས་པའི་ངེས་པ་དོན་གྱི་བསྟན་འཛིན་གྱི་སྐྱེས་བུ་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་བརྒྱ་ཕྲག་དུ་མ་བསྐྱེད་བསྲིངས་གནང་ཞིང་། དེ་དག་གིས་ཀྱང་༸སྐྱབས་རྗེ་མཁན་སློབ་རྣམ་པའི་དགོངས་བཞེད་ལྟར་འཛམ་གླིང་ཤར་ལྷོ་ནུབ་བྱང་གི་ས་ཕྱོགས་གང་སར་ཆེ་ཕྲ་ཆུང་གསུམ་གྱིས་འཆད་རྩོད་རྩོམ་གསུམ་གྱི་སྒོ་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་བའི་མཛད་འཕྲིན་བསྐྱངས་ཏེ། དུས་ད་ལྟའི་ཆར་བོན་གྱི་བསྟན་པ་རིན་པོ་ཆེ་འདི་ཉིད་འཇིག་རྟེན་གོ་ལ་ཟླུམ་པོའི་ཕྱོགས་བཅུ་ཀུན་ཏུ་ནམས་ལངས་ཤིང་ཉི་མ་ཤར་བ་ལྟ་བུར་གྱུར་ཡོད་པ་རེད།

9.jpg

   དེ་དག་གི་ཁྲོད་ནས་ད་ལམ་འདིར་ངོ་སྤྲོད་ཞུ་རྒྱུ་ནི་༸གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༸དཔལ་གཤེན་བསྟན་སྨན་རིའི་གླིང་དུ་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་མཁན་སློབ་རྣམ་པའི་ཐུགས་རྗེའི་སྐྱབས་འོག་ཏུ་ཐུན་མིན་མདོ་སྔགས་རིག་པའི་གཞུང་ཆེན་ཁག་དང་། ཐུན་མོང་རིག་གནས་དང་བཅས་པར་མི་ལོ་བཅོ་ལྔ་ལྷག་གསན་བསམ་གནང་བའི་༸སྨན་རིའི་དགེ་བཤེས་འཚོ་བྱེད་པ་རིན་ཆེན་བསྟན་འཛིན་མཆོག་གིས་འཛམ་གླིང་སུམ་གཉིས་ས་ཡི་དཀྱིལ་འཁོར་དབང་བསྒྱུར་མྱོང་བའི་སྟོབས་ཆེན་རྒྱལ་ཁབ་ཨུ་རུ་སུ་(Russia)ནང་གཡུང་དྲུང་བོན་གྱི་འདུ་གནས་‘‘གསང་སྔགས་གཡུང་དྲུང་བདུད་འདུལ་གླིང་’’དང་། གསོ་རིག་འབུམ་བཞིའི་སློབ་གྲྭ་‘‘ཞང་བོད་གསོ་རིག་བདེ་ཕན་སློབ་གླིང་’’གཉིས་གསར་འཛུགས་གནང་བའི་བརྒྱུད་རིམ་དང་དེའི་གནས་ཚུལ་མདོར་བསྡུས་ནི།

2.jpg

   དེ་ཡང་དགེ་བཤེས་ལགས་ནས་༸བཀའ་དྲིན་སུམ་ལྡན་དཔོན་གསས་བླ་མ་༧སྐྱབས་རྗེ་རྒྱལ་བ་སྨན་རི་བ་ལུང་རྟོགས་བསྟན་པའི་ཉི་མ་དཔལ་བཟང་པོ་མཆོག་གིས་རྒྱུན་དུ་‘‘རང་རེ་ཁྱིམ་སྤངས་རབ་ཏུ་བྱུང་བ་རྣམས་ཀྱི་དམིག་ཡུལ་གཙོ་བོ་ནི་ཚེ་འདི་ཕྱི་གཉིས་ཀྱི་ནང་ནས་ཕྱི་མ་གཙོ་བོར་བཟུང་དགོས་པ་དང་། རང་དོན་དང་གཞན་དོན་གཉིས་ཀྱི་ནང་ནས་གཞན་དོན་གཙོ་བོར་འཛིན་དགོས། གཞན་དོན་ལ་གནས་སྐབས་ཀྱི་གཞན་དོན་དང་མཐར་ཐུག་གི་གཞན་དོན་གཉིས་ཀྱི་ནང་ནས་མཐར་ཐུག་འཁོར་བ་ངན་སོང་གི་སྡུག་ངལ་ལས་སྐྱོབས་པའི་གཞན་དོན་དེ་འདེམ་དགོས་པ་ཡིན་ལ། དེ་ཡང་མཐར་ཐུག་གི་གཞན་དོན་འགྲུབ་པ་ལ་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་དར་བ་ལ་རག་ལས་པ་དང་། སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་དར་བ་ལ། མདོ་སྔགས་སེམས་གསུམ་གྱི་གཞུང་ལུགས་ལ་ཐོས་བསམ་སྒོམ་པའི་ཤེས་རབ་ལེགས་པར་སྦྱོང་བའི་དགེ་འདུན་གྱི་སྡེ་ལ་རག་ལས་པ་ཡིན་པས། རིགས་ཀྱི་བུ་སློབ་རྣམས་ད་ལན་གྱི་གོ་སྐབས་བཟང་པོ་འདི་དང་བསྟུན་ནས་རང་དོན་དུ་ཐོས་བསམ་སྒོམ་པའི་ཤེས་རབ་ཟབ་མོ་ལ་མཐར་ཕྱིན་པར་སྦྱོང་ནས། གཟོད་འཆད་རྩོད་རྩོམ་པའི་འཁོར་ལོ་གསུམ་གྱིས་རིས་སུ་མ་ཆད་པའི་འགྲོ་བ་ཡོངས་ལ་གང་ནུས་དེ་སྒྲུབ་ཀྱིས་གཞན་དོན་རླབས་པོ་ཆེ་ཞིག་བསྒྲུབ་དགོས་’’ཞེས་རིན་བྲལ་གྱི་བཀའ་སློབ་ཟབ་མོ་ཡང་ནས་ཡང་དུ་གསུངས་པ་དག་རིང་ནས་ཐུགས་ལ་བརྣགས་ཏེ། ཕྱི་ལོ་༢༠༠༨ལོར་༸གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༸དཔལ་གཤེན་བསྟན་སྨན་རིའི་གླིང་དུ་༧སྐྱབས་རྗེ་སྨན་རིའི་མཁན་སློབ་ཉི་ཟླ་ཟུང་འབྲེལ་གྱི་མདུན་ནས་དགེ་བའི་བཤེས་གཉེན་ཀྱི་མཚན་གནས་ཐོབ་པ་ནས་བཟུང་ད་ལྟའི་བར་དུ་བགྲང་བྱ་བཅུ་ལ་ཉེ་བའི་རིང་བྱང་རྒྱུད་ཨུ་རུ་སུའི་(Russia)རྒྱལ་ཁབ་ཆེན་པོའི་རྒྱལ་ས་དང་མངའ་སྡེ་འདྲ་མིན་བཅུ་ཕྲག་ལྷག་ནང་དཀའ་བརྒྱ་ངལ་སྟོང་ཁྱད་དུ་བསད་དེ་འབྲེལ་ཐོགས་དད་ལྡན་བོན་ཞུ་བ་རྣམས་ལ་གང་ལ་གང་འདུལ་དང་དེ་ལ་དེར་འཚམས་བོན་དང་བོད་ཀྱི་ཆོས་དང་རིག་གཞུང་ངོ་སྤྲོད་དང་འཆད་ཁྲིད་ཞུས་དང་ཞུ་མུས་ཡིན་འདུག་པ་མ་ཟད།

11.jpg

   དེ་དག་གི་ཞོར་དུའང་བོད་ལུགས་གསོ་བ་རིག་པའི་སྒོ་ནས་ནད་བཅོས་སྲོག་སྐྱོབས་ཀྱི་མཛད་པ་རླབས་པོ་ཆེས་རིས་སུ་མ་ཆད་པའི་ཟུག་རྔུ་ནད་ཀྱིས་གདུང་བ་རྣམས་ལ་མངོན་གསལ་དོད་པོའི་ཕན་བདེ་བསྐྲུན་དང་སྐྲུན་བཞིན་ཡོད་སྟབས། འབྲེལ་ཡོད་དད་ལྡན་སློབ་མ་དང་དེ་བཞིན་མང་ཚོགས་རྣམས་ཀྱི་སྐོམ་པ་ཆུ་འདོད་ལྟ་བུའི་རེ་བ་སྐོང་ཆེད། ཕྱི་ལོ་༢༠༡༢་ཟླ་བ་བཅུ་གཅིག་པའི་ནང་དད་སྦྱིན་གཏོང་ཕོད་ཅན་འགའ་ཡིས་གཞོགས་འདེགས་འོག་རང་རེ་བོད་ཀྱི་རིག་པའི་གནས་ཆེན་ལྔ་ཡི་ཡ་གྱལ་གསོ་བ་རིག་པའི་གཞུང་ལུགས་རྒྱལ་བའི་བཀའ་ཚད་མ་གསོ་རིག་འབུམ་བཞི་སློབ་ཚན་གཙོར་བཟུང་བྱས་པའི་‘‘ཞང་བོད་གསོ་རིག་བདེ་ཕན་སློབ་གླིང་’’ཞེས་པའི་སྨན་གྱི་སློབ་གྲྭ་དངོས་སུ་བཙུགས་ཏེ་ད་བར་ལོ་རིམ་གསུམ་པ་ལ་སླེབས་ཡོད་པ་དང་། ད་ལྟའི་ཆར་འཛིན་གྲྭ་གོང་འོག་གཉིས་ལ་དངོས་གཞི་དང་ཟུར་སྦྱོང་སློབ་མ་བཅས་ཁྱོན་བསྡོམས་གསོ་རིག་འབུམ་བཞི་དོན་གཉེར་བ་དགུ་བཅུ་གོ་གྲངས་ཡོད་པ་དང་། སློབ་གྲྭའི་ལས་གཞི་སྒོ་ཀུན་ནས་ཚགས་ཚུད་དུ་ཡོད་པ་མ་ཟད་རིང་མིན་དགོན་གནས་ལེགས་གྲུབ་བྱུང་བ་དང་གསོ་རིག་སློབ་གྲྭ་ཡང་དེར་གནས་སྤོ་བྱ་རྒྱུའི་འཆར་གཞི་ཨང་གསར་ཡོད་འདུག དེ་བཞིན་མ་འོངས་དཔེ་ཚོགས་ཀྱི་མཐུན་རྐྱེན་སོགས་དགོས་པ་དང་དགེ་མཚན་དུ་མ་ལ་གཞིགས་ཏེ་གསོ་རིག་འབུམ་བཞིའི་ཕྱག་དཔེ་ཡང་ཨུ་རུས་སུའི(Russia)་རང་གི་སྐད་ཡིག་ཐོག་ལ་ཡིག་བསྒྱུར་གྱི་ལས་གཞིའང་འགྲོ་བཞིན་ཡོད་འདུག

11.jpg

   ཕྱི་ལོ་༢༠༡༤་ལོར་དད་སྦྱིན་ཆེན་མོ་སྒྱེ་ཉིས་སི་(Denyisi)ཡིས་མཐུན་འགྱུར་རོགས་སྐྱོར་ཐོག་བོད་སྐད་དུ་དག་ཞིང་དང་ཨུ་རུ་སུ་(Russia)སྐད་ཐོག་ནས་ཆིས་སི་ཏིས་བཟིམ་ལིས་(PURE LANDS)ཞེས་པའི་བོན་གྱི་རིག་གཞུང་གི་ཚོགས་པ་ཞིག་ཁྲིམས་མཐུན་དེབ་སྐྱེལ་ཞུས་ནས་དེའི་ཆ་རྐྱེན་འོག བསྟན་སྦྱིན་གོང་གིས་མཆོད་ཡོན་སྦྱར་ཏེ་‘‘༧གསང་སྔགས་གཡུང་དྲུང་བདུད་འདུལ་གླིང་’’ཞེས་གནས་ཡུལ་རྒྱལ་ཁབ་དེ་རུ་ལས་སྨོན་གྱིས་འབྲེལ་བའི་གཡུང་དྲུང་བོན་སྒོར་ཞུགས་པའི་དད་ལྡན་སློབ་མ་རྣམས་ཀྱིས་བསླབ་པ་སློབ་སྦྱོང་དང་། ཉམས་ལེན་སྒོམ་སྒྲུབ་གནང་ཡུལ་བོན་གྱི་འདུ་གནས་ཞིག་བཞེངས་རྒྱུའི་དམིགས་འདུན་འཆང་སྟེ་ཨུ་རུ་སུའི་(Russia)གཞུང་ལ་རིག་གཞུང་སློབ་གྲྭའི་མིང་ཐོག་ནས་ཁྲིམས་མཐུན་དེབ་སྐྱེལ་ཚད་ལྡན་བྱས་ཏེ།  ལོ་དེའི་སྟོན་ཀར་༸སུམ་ལྡན་དཔོན་གསས་བླ་མ་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་དང་།  ༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་རྣམ་གཉིས་ཀྱི་ཕྱག་མོ་ཐུགས་རྟགས་དང་ལམ་སྟོན་བཀའ་སློབ་གཞིར་བཟུང་ཐོག་ཨུ་རུ་སུ་(Russia)རྒྱལ་ཁབ་ཆེན་པོའི་གྲོང་ཁྱེར་གཉིས་པ་སང་སི་པིས་ཊ་སི་སྦུར་གི་(Saint Petersburg)སྟེ་མཐའ་ཡི་རྒྱ་མཚོའི་ཉེ་འགྲམ་དུ་ཟང་ཟིང་གི་འདུ་འཛིས་དབེན་ལ་ས་དཔྱད་ལེགས་པའི་གནས་ཤིག་ཏུ་ས་ཆ་ཉོས་ཏེ་སྟོན་ཀ་རང་དུ་དགོན་གནས་ཀྱི་ས་ལེན་དང་བྱིན་འབེབ་བྱས་ཡོད་པ་མ་ཟད།

7.jpg

   ལོ་དེའི་དགུན་ཁར་དགོན་པའི་ཕྱི་ནང་གི་བཀོད་པའི་དཔེ་རིས་ཏེ། དབུས་སུ་གཙུག་ལག་ཁང་སྨིན་གྲུ་བཞི་མ་༣༠༠་ཙམ་ལ་གཉིས་ཐོག་སྟེ། གོང་མ་དཔེ་མཛོད་དང་འོག་མ་ལྷ་ཁང་ངམ་ཚོགས་ཁང་ཡིན་པ། གཡས་གཡོན་མདུན་སོགས་དགེ་སློབ་ཡོངས་ཀྱི་བཞུགས་ཤག་ཁྲུས་ཁང་གསང་སྤྱོད་རང་འགྲིག་ཡོད་པའི་ཁང་མིག་ཆེ་ཆུང་ལྔ་བཅུ་ང་བཞི་ཙམ་དང་། གཞན་ཡང་ཐབ་ཚང་དང་། གསོལ་ཚིགས་ཁང་། འཕོ་བ་ཁང་དང་། འཕྲུལ་འཁོར་ཁང་སོགས་ཕྱི་ནང་གི་བཀོད་པ་ཡོངས་རྫོགས་དེང་རབ་ཚན་རྩལ་མཁས་པས་འཆར་འགོད་གྲུབ་རྗེས། སྔར་ལོ་སྟེ་ཕྱི་ལོ་༢༠༡༥ལོ་སྟོད་དུ་སྣ་སེལ་དང་རབ་གནས་མདོར་བསྡུས་ཞིག་གནང་སྟེ་དགོན་གནས་གསར་བཞེངས་ཀྱི་ལས་གཞི་དངོས་སུ་དབུ་བཙུགས་ནས་ད་ལྟའི་བར་དུ་ཟླ་བ་བརྒྱད་ཙམ་གྱི་རིང་ལ་འཆར་འགོད་ལྟར་ཁང་པའི་ཐོག་བརྩེགས་འོག་མ་ཕལ་ཆེར་གྲུབ་ཟིན་པ་མ་ཟད། རིང་མིན་ཕྱི་ལོ་༢༠༡༧་ལོའི་སྟོན་ཀར་མཇུག་ཡོངས་སུ་གྲུབ་རྒྱུའི་འཆར་གཞི་ཡོད་པ་བཅས་སོ། །

5.jpg

   དེ་བཞིན་གོང་གསལ་དེབ་སྐྱེལ་བྱས་པའི་ཚོགས་པའི་མིང་ཐོག་ནས་ཨུ་རུ་སུའི་(Russia)རྒྱལ་ས་མོ་སི་ཁོ་(Moscow)ལ། ཕྱི་ལོ་༢༠༡༤་ཟླ་དང་པོ་ནས་བཟུང་‘‘སྔགས་དང་རྫོགས་ཆེན་གྱི་གཞི་རིམ་སློབ་གྲྭ་’’ཞེས་པ་༧གཡུང་དྲུང་བོན་གྱི་སྔགས་དང་རྫོགས་ཆེན་གྱི་རྨང་གཞི་སློབ་སའི་འཛིན་གྲྭ་ཞིག་གསར་འཛུགས་བྱས་ཏེ།  སློབ་ཚན་དང་པོ་སྔོན་འགྲོ་ཕྱི་ནང་གི་རིམ་པ་ནས་འཕོ་བ་དང་ཞི་གནས། དངོས་གཞིའི་རིམ་པ་ཕྱི་ནང་འཁོར་འདས་རུ་ཤན་སེམས་འཚོལ་རྣལ་བབ་སོར་གཞུག་ངོ་སྤྲོད་སོགས་ཁྲིག་ཆོད་ཀྱི་ཉམས་ལེན་དང་། གཞན་གཏུམ་མོ་དང་བཅུད་ལེན་མུན་མཚམས་ཐོད་རྒལ་བཅས་ཁྲིད་སྦྱོང་གནང་བཞིན་ཡོད་པ་དང་། སློབ་གྲྭ་ཚོགས་བཞིན་པའི་སྐབས་སུ་ཉིན་ལྟར་སྦྱིན་པ་རྣམ་བཞི་སྟེ་སྔར་སྲོལ་བཞིན་ཞོགས་པ་བསང་མཆོད་ཀུན་མཁྱེན་ཤར་རྫ་པས་བསྒྲིགས་པའི་བསང་བསྡུས་འདོད་དགུའི་སྤྲིན་ཆེན་དང་། ཆུ་གཏོར་ནི་ཏྲེ་སྟོན་རྒྱལ་མཚན་དཔལ་གྱིས་གནོད་བྱེད་འཇོམས་པའི་རྒྱུད་ལས་བཏུས་པའི་ལན་ཆགས་གཏོར་མ། དགོང་མོ་གསུར་མཆོད་ནི་ཀུན་མཁྱེན་ཤར་རྫ་པས་མཛད་པའི་རྒྱུན་སྤྱོད་ལས་དཀར་དམར་གྱི་གསུར་བསྔོ་དང་།ལུས་སྦྱིན་ནི་མཁའ་འགྲོ་གད་རྒྱང་བཅས་སོ། གཞན་ཡང་ཐེག་འགྲེལ་མེ་ལོང་དགུ་སྐོར་ལྟར་ཐེག་པ་རིམ་པ་དགུ་ཡི་སྤྱི་དོན་རགས་ཟིན་གྱི་ཚུལ་དུ་འཆད་ཁྲིད་གནང་བཞིན་ཡོད་པ་དང་། སློབ་ཡུན་ནི་ལོ་རིམ་གསུམ་དང་། ལོ་རེར་དབྱར་དགུན་སྟོན་དཔྱིད་དུས་བཞི་སྟེ་དུས་རེར་བདུན་ཕྲག་གཉིས་རེ་འཆར་ཅན་ལྟར་འཚོགས་བཞིན་ཡོད་པ་དང་། ད་ཆར་འཛིན་གྲྭ་གོང་མ་ལོ་རིམ་དང་པོ་གྲུབ་ཟིན་ནས་ལོ་རིམ་གཉིས་པ་ལ་འགྲོ་བཞིན་པའི་ཁར། འཛིན་གྲྭ་གསར་པ་སློབ་བསྡུ་བྱས་ཏེ་སྔར་ལྟར་སྔོན་འགྲོའི་འཛིན་གྲྭ་དང་པོར་འགྲོ་བཞིན་ཡོད་པ་རེད།

10.jpg

 སློབ་གྲྭའི་སློབ་དེབ་ཕྱག་དཔེ་གཙོ་བོ་ཀུན་མཁྱེན་ཤར་རྫ་པས་མཛད་པའི་སྔོན་འགྲོ་ངག་འདོན་བསླབ་གསུམ་རིན་ཆེན་འདྲེན་པའི་ཤིང་རྟ་དང་དེ་ཡི་སྒོམ་རིམ་ཐར་ལམ་མྱུར་སྒྲོད་། མན་ངག་རིན་པོ་ཆེ་ཨ་ཁྲིད་ཐུན་མཚམས་བཅོ་ལྔ་པའི་སྔོན་འགྲོའི་ཁྲིད་རིམ་བཀའ་ལུང་རྒྱ་མཚོ་ལྟར་ཉེར་མཁོ་འཕོ་བའི་ཁྲིད་དང་། ཞི་གནས་ལ་འཇུག་པའི་ཐབས་བློ་གསར་དགའ་སྟོན། མན་ངག་རིན་པོ་ཆེ་ཨ་ཁྲིད་ཐུན་མཚམས་བཅོ་ལྔ་པའི་དངོས་གཞིའི་ཡང་ཏིག་རྫོགས་པ་ཆེན་པོ་སྐུ་གསུམ་རང་ཤར། རྫོགས་པ་ཆེན་པོ་སྐུ་གསུམ་རང་ཤར་ལས་ཐུན་མོང་གཏུམ་མོའི་ཉམས་ལེན་ཡེ་ཤེས་མེ་དཔུང་། རྫོགས་པ་ཆེན་པོ་སྐུ་གསུམ་རང་ཤར་ལས་སྐུ་གསུམ་བཅུད་ལེན་ཐར་པའི་རྒྱག་ཕྱེ། རྫོགས་པ་ཆེན་པོ་སྐུ་གསུམ་རང་ཤར་ལས་ཐོད་བརྒར་སྣང་བཞི་ཉམས་ལེན་ངོ་མཚར་སྣང་བའི་ལྟས་མོ། རྫོགས་པ་ཆེན་པོ་སྐུ་གསུམ་རང་ཤར་ལས་མཚན་སྣང་ཨར་གཏད་གདམས་པ་འོད་གསལ་ཁོར་ཡུག་བཅས་ཡིན།

4.jpg

   དེ་དག་ཕལ་ཆེ་བ་ད་ཆར་ཨུ་རུས་སུའི་(Russia)སྐད་ཐོག་ཏུ་ཡིག་བསྒྱུར་བྱས་ཟིན་ཡོད་འདུག གོང་གསལ་གཞི་རིམ་འཛིན་གྲྭ་རེར་སློབ་མ་དྲུག་ཅུའི་སྐོར་རེ་ཡོད་པ་མ་ཟད། དེང་སྐབས་ཨུ་རུ་སུ་(Russia)གྲོང་ཁྱེར་གཞན་དག་དུ་མའི་ནང་དུའང་སློབ་མ་མང་པོས་‘‘སྔགས་དང་རྫོགས་ཆེན་གྱི་གཞི་རིམ་སློབ་གྲྭའི་’’ཡན་ལག་འཛུགས་དགོས་པའི་འབོད་བསྐུལ་ཡང་ཡང་གནང་བ་གཞིར་བཟུང་ཐོག་ད་ལྟ་ཡན་ལག་སློབ་གྲྭ་ཁག་འགའ་ཤས་ཀྱང་ཚུགས་ཏེ་སློབ་སྦྱོང་བྱེད་མུས་ཡིན་འདུག་པ་བཅས་ངོ་སྤྲོད་རགས་བསྡུས་སུ།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།