ཀོ་བོ་དགོན་སྒྲུབ་གྲྭའི་གསས་ཁང་རྩྭ་རླུང་གཞལ་ཡས་ཁང་། 

[ཟླ་ཚེས། 2015-04-06 12:27:02][རྩོམ་པ་པོ། ཤོ་བཙུན་ཁྲི་གཙུག་རྒྱལ་པོ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

1.gif

ཀོ་བོ་དགོན་སྒྲུབ་གྲྭའི་གསས་ཁང་རྩྭ་རླུང་གཞལ་ཡས་ཁང་གི་བཞེངས་རིམ་ངོ་སྤྲོད་ཐུང་ངུ་། 

ལུས་ཟུངས་དག་པ་རྩ་རླུང་ཐིག་ལེའི་ལྷ།། མངོན་གྱུར་ཏིང་འཛིན་ལམ་གྱིས་རྩལ་འབྱིན་ནས།།
བདེ་སྟོང་ཟུང་དུ་འཇུག་པའི་རྩེ་དགའ་ཡིས།།  སྒྱུ་ལུས་གཞལ་ཡས་ལྷུན་གྱིས་གྲུབ་ལ་འདུད།།

2-1.gif2-2.gif

      དེའང་རྒྱལ་བའི་འཕྲིན་ལས་མཐའ་དག་གདུལ་བྱའི་ལས་བསོད་ཀྱིས་དབང་དུ་གྱུར་བ་ཡིན་ཕྱིར། བསྟན་པ་རིན་པོ་ཆེར་འཕེལ་འགྲིབ་ཀྱི་རིམ་པ་ཅི་སྙེད་ཅིག་སོང་ནའང་། དེང་ཆར་དམུ་གཤེན་བསྟན་པའི་ལུས་ཡོངས་སུ་རྫོགས་པ་སྟེ་མདོ་སྔགས་བླ་མེད་ཀྱི་ཐེག་སྒོ་གང་འདུལ་དུ་འཛམ་བུ་འཛིན་མའི་ཀློང་འདིར་བདལ་ཞིང་བཤད་སྒྲུབ་སྒོམ་པའི་གནས་གཞི་ཕྱོགས་སུ་རྒྱས་པའི་ཆར། ཁམས་སྟོད་ཁྱུང་ཡུལ་མཐིལ་གྱི་གདན་ས་ཆེན་མོ་ཀོ་རྒྱལ་ཀུན་གྲགས་གླིང་གི་ཁྲི་འཛིན་དམ་པ་མཆོག་སྤྲུལ་ཟླ་བ་གྲགས་པ་རིན་པོ་ཆེའི་བཤད་སྒྲུབ་བསྟན་པའི་སྙན་པ་ཀུན་ནས་མཆེད་པའི་སྒང་དེར། དགོན་འདིའི་མཁན་པོ་དགེ་ལེགས་ཚུལ་ཁྲིམས་དབང་རྒྱལ་རིན་པོ་ཆེ་ནས་སྒྲུབ་གྲྭའི་གསས་ཁང་རྙིང་པ་སླར་གསོ་སྟེ། ཀོ་སྟོན་ཡེ་ཤེས་རྒྱལ་མཚན་གྱིས་སྒྲུབ་སྡེའི་གསས་ཁང་ཐོག་མར་ཕྱག་བཏབ་པའི་ས་མིག་བྱིན་ཆེན་ཏེ། གསང་ཆེན་གསང་བ་རིག་པའི་བསྟི་གནས་འདིར། ཀུན་མཁྱེན་ཤར་རྫ་བའི་གསུང་མཛོད་ལྟར་དུ་དགའ་བཞི་སྒྱུ་མའི་རྣལ་འབྱོར་གྱི་གནས་གཞི། རྩ་རླུང་ཐིག་ལེ་འབྱོངས་བའི་བློས་བསླང་ཞི་བའི་གཞལ་ཡས་ཁང་གི་བཀོད་པ་བསྒོམ་ཡུལ་དུ་འཆར་བར་སླ་བ་ཞིག་བསྐྲུན་ཐུབ་ན་ཕྱི་རབས་འདུས་པ་རྣམས་ལ་དཔེ་ལྟོས་དང་། གསང་ཆེན་ཐབས་དྲུག་ལམ་གྱི་དམིགས་རྐྱེན། ཐུན་མིན་བོན་གྱི་སྒྲུབ་སྡེའི་གསས་ཁང་སོགས་དགོས་དམིགས་དགོངས་འཆར་དུ་མ་ཐུགས་ལ་བཀོད་ནས། སྤྱི་ལོ་༢༠༠༦ལོར། མཆོག་སྤྲུལ་རིན་པོ་ཆེ་གཙོས་དགོན་འདིའི་བླ་མ་དགེ་བའི་བཤེས་གཉེན་རྣམས་ལ་དེ་དོན་ཡར་ཞུ་ཕུལ་བས། ཚང་མ་ཐུགས་དགྱེས་པའི་སྒོ་ནས་མོས་མཐུན་གནང་ཞིང་ཁོང་གི་ལས་རོགས་སུ། ཨ་རོལ་ཚུལ་ཁྲིམས་རྣམ་རྒྱལ་དང་། ས་ཆེན་སྦྱིན་པ་བློ་གསལ། འདན་མ་ཚུལ་ཁྲིམས་རྒྱལ་མཚན་རྣམ་གསུམ་ཐད་བསྐོས་གནང་ཞིང་ཟུར་ནས་ཕྱག་རོགས་གང་འགབ་གནང་རྒྱུའི་ཞལ་བཞེས་བྱས། 

3-1.gif3-2.gif

      ལོ་དེར་མཁན་རིན་པོ་ཆེར་རིང་ནས་གཡུ་བུན་སྤྲུལ་སྐུ་བསྟན་འཛིན་ཚུལ་ཁྲིམས་མཆོག་གིས་མ་རྒྱུད་ཁྲིད་དབང་གནང་བར་ཕེབས་ཞུས་ཀྱིས་ཡང་དུ་བསྐུལ་བ་ལ་བརྟེན་ནས། སྟོད་གནས་རྟ་དྭངས་ཕྱོགས་སུ་ཞབས་ཀྱིས་འཆག་པས་དཔལ་འབྱོར་གྱི་གྲ་སྒྲིག་ཕྲན་བུར་བྱུང་བ་དང། སྒྲུབ་ཐེངས་བཞི་པས་བཞག་པའི་མ་དངུལ་ཕྲན་ཚེགས་སོགས་ལ་བརྟེན་ཏེ་ཕྱི་ལོ་གསར་ཚེས་དབུ་ནས་བཟུང་ས་རྡོ་དབོར་འདྲེན་གྱི་ལས་འགོ་བཙུགས་ཤིང་བོད་མེ་ཕག་ལོའི་༢༠༠༧།༤།༡༡གཟའ་སྐར་འབྱུང་འཕྲོད་དགེ་བའི་ཉིན་གཞལ་ཡས་ཁང་གི་གནས་གཞིའི་དབུས་སུ་ས་སློང་པྲ་བརྟག་གི་ལས་ཆོག་དང་། རྨིང་མཁར་གྱི་ས་ཐིག་ཕྱོགས་སུ་གདབ་ནས་ཁང་དཔེའི་ཞལ་ཐང་རྟེན་འབྲེལ་གྱིས་ཕྱེས་པས། ཤར་གྱི་མཁའ་དབྱིངས་སུ་སྤྲིན་གཞའི་གུར་ཁང་དབུབ་པ་དང་། བྱ་རྒོད་ཁྱུ་གཅིག་ལྡིང་བསྐོར་ཁྱིལ་ཁྱིལ་གྱིས་གམ་མོ་ཤོད་ཀྱི་གདོང་ཟུར་གཡས་གཡོན་དུ་བབ་པ་སོགས་རྟེན་འབྲེལ་མཚན་ལྟས་ཡིད་སྨོན་འཆོར་བར་བྱུང་། ལོ་དེ་ནས་དབུ་བཟུང་སྟེ་རིམ་གྱིས་འབྱུང་རྩེག་དང་རྨིང་གཞི་རྡོ་ནག་གིས་བརྩེགས་ཤིང་། གསས་ཁང་ཕྱི་ལོགས་ཁྱུང་སེར་གཤག་རྡོ་དཀར་པོས་བརྩེགས། ཐོག་གི་མཆོད་རྟེན་ཆེ་ཆུང་དང་རི་དྭགས་འཁོར་ལོ་རྒྱལ་མཚན་ཙི་པར་སོགས་ཟངས་མ་རིགས་རྣམས་མཁར་ནག་སྤྲུལ་སྐུ་དང་ཆེ་རྒྱུད་རྣམ་ཚེ་གཉིས་ཀྱིས་རམ་འདེགས་འོག་ཨ་མདོ་སྐུ་འབུམ་ལྷ་མགར་གྱི་ཕྱག་རྩལ་ལས་དྲོངས། ཕྱི་མཐའི་རྡོ་བརྐོས་ལག་འགྱུ་དང་སྒོ་རྒྱན་གླང་སེང་། འདོད་སྣམ་གྱི་མཆོད་འབུལ་ལྷ་མོ་སོགས། མཁན་དགེ་ལེགས་ཁོང་ཆེད་ཕེབས་ཀྱིས་ཨ་རོལ་ཚེ་དབང་དོན་འགྲུབ་རོགས་པ་ཁྲིད་དེ་དེང་རབས་ཚན་འཕྲུལ་གྱིས་བཟོས་པ་ཤ་སྟག་རྒྱ་ནག་ཁྲིན་འདུ་ནས་ཡར་དྲོངས་པ་སོགས། 

4-1.gif4-2.gif

      མདོར་ན་སྤྱི་ལོ་༢༠༡༠ལོའི་སྟོན་པའི་དུས་ཆེན་སྟེང་དགོན་འདིའི་སྒྲུབ་ཐེངས་ལྔ་པ་གསར་འཛུགས་བྱས་པ་དག་བཞུགས་ཆོག་ཆོག་གི་ཕྱི་ལོགས་གྲུབ་ཡོད། ལོ་འདིར་འབྱུང་རྩེག་རི་རབ་ཀྱི་རྣམ་པ་དག་ཨར་འདམ་གྱིས་བརྐོས་བཀྲོལ་བྱས་པ་དང་། ནང་གི་ཀུན་དགའ་ར་བ་བླ་ཁྲི་གྲྭ་ཁྲི་གཏོར་སྒྲོམ་གཡས་གཡོན་སོགས་ཚོན་རྩི་ལས་རགས་ཙམ་གྲུབ་པར་གནང་། མདོར་ན་གསས་ཁང་འདི་ཉིད་བཞེངས་རིམ་ཐད་དཔལ་འབྱོར་དང་ཕྱི་རྐྱེན་སོགས་ཀྱིས་ལོ་གྲངས་མང་ཙམ་འགོར་སོང་ནའང་ཆགས་དབྱིབས་ཐིག་ཚད་གོང་ཞུས་ལྟར་དབལ་མོ་ལས་ཐིག་གི་དགོངས་པ་ཀུན་མཁྱེན་ཤར་རྫ་བའི་ལྷ་གཉེན་ཤེལ་སྒོང་དང་། སྡེ་སྣོད་མཛོད་གཉིས་ལ་གཞི་བཅོལ་ཞིང་། ཡོངས་འཛིན་སྨྲ་བའི་དབང་པོ་དང་། མཁས་དབང་བོན་བརྒྱ་བ་རྣམ་གཉིས་ལ་ལག་ལེན་དངོས་འཕྲད་ཀྱི་དོགས་འདྲི་དང་སློབ་སྟོན་ཞུ་སའི་གོ་སྐབས་བྱུང་ཡོད། 

5-1.gif5-2.gif

      ནང་ལོགས་ཀྱི་ཕྱོགས་མཚམས་སུ་རྣམ་རྒྱལ་བུམ་གཏེར་གྱི་གཟུངས་རྫས་དག་སྐྱབས་རྗེ་བོན་བརྒྱ་བ་དང་མཆོག་སྤྲུལ་རིན་པོ་ཆེ་རྣམ་གཉིས་ནས་བཀའ་དྲིན་བསྩལ། འགྲོ་སོང་གཙོ་འགན་མཁན་རིན་པོ་ཆེ་སྐུ་སྒེར་གྱིས་དགོངས་བཞེས་གནང་སྟེ། ལྷ་སྡེར་ཞལ་འདེབས་བྱོན་པ་དང་། འབུ་སྡོམ་ལོ་མང་ཕེབས་ཤིང་། མདུན་སྟེགས་ཀྱི་དད་རྫས་ཉུང་ངུ་ནས་བསགས་པ་སོགས་ཀྱིས་ལོ་མང་གི་དཔལ་འབྱོར་གང་དག་རྒྱུ་སྤུས་དག་པའི་རྟེན་བཞེངས་འདི་ཉིད་ཀྱི་ཆེད་དུ་ཕུལ་ཞིང་། བླ་མ་མཁྱེན་རབ་རྒྱ་མཚོ་ནས་ཕྱི་ཡི་ཚོན་རྩིའི་འགྲོ་གྲོན་སོགས་ཀྱིས་རམ་འདེགས་གནང་བ་དང་། མཐའ་སྐོར་གྲྭ་ཤག་ཁག་གི་ནང་ལོགས་གོ་བཅལ་དང་། ཐོག་ཁེབས་སོགས་ཀྱི་ཐད་བཤད་སྒྲུབ་འདུས་སྡེས་འགྲོ་སོང་གང་འཚམ་བྱས་ཤིང་རྒན་ཡོན་ཏན་ཕུན་ཚོགས་ཀྱིས་དབུ་འགན་བཞེས་ཏེ་ཕྱག་རོགས་གནང་། ནང་རྟེན་དུ་བླ་ཆེན་དྲན་པའི་སྐུ་འདྲ་དེང་རབས་བླུགས་སྐུ་ལི་མ་རྨིས་ཕྱད་བཞི་ཅན་འདི། དགེ་སྟོབས་ཅན་གྱི་ལྷ་སྡེ་ཨ་རོལ་ཡུས་ཧ་ཚང་ནས་བཞེངས་པའོ། །གོང་ཞུས་ལས་རོགས་རྣམ་གསུམ་ནས་ཕྱི་རུ་དབྱར་རྩྭ་སློང་རོགས། ནང་གི་ལས་བཟོ་བསྐུལ་འདེད་སོགས་ལོ་མང་རིང་ལྷག་བསམ་བསླད་མེད་ཀྱིས་དཀའ་སྡུག་བརྒྱབ་ཅིང་རྒྱུན་སྐྱོང་བྱས་པའོ།།

6-1.gif6-2.gif

      གཞལ་ཡས་ཁང་གི་ནང་ལོགས་གདུང་ཤོག་གསུམ་ལ་རྨིས་བཅུ་གསུམ་གྲུ་བཞི་མ་ཀ་བཞི་གདུང་བསྣོལ་ཅན་མཐོ་ཚད་རྨིས་ཕྱད་བརྒྱད་ཡོད་ཅིང་འདུས་གྲྭ་བརྒྱ་ལྷག་བདེ་འཚོགས་ཆོག་པ་དང་། འདུ་ཁང་གི་ཕྱི་མཐའི་ལོགས་གཡས་གཡོན་གཉིས་ལ་གྲྭ་ཤག་ཁེར་གཙང་དགུ་གཉིས་བཅོ་བརྒྱད་དང། རྒྱབ་ལོགས་སུ་ཇ་ཁང་གཉེར་ཚང་སོགས་མཛོད་མིག་དྲུག མདུན་གྱི་སྒོ་ཆེན་གཡས་གཡོན་ན་དཔེ་ཁྲིད་ཁང་དང་སྣེ་ལེན་ཁང་གཉིས་བཅས་ཁྱོན་ཁང་མིག་ཉེར་དྲུག་གིས་ལྕགས་རིས་བསྐོར་ཤིང་ནང་གི་ཕྱོགས་སྐོར་དུ་སྤང་གཤོང་དང་། ལྡུམ་ར་རིས་ལམ་སོགས་འཆར་ཅན་ཁམས་གཙང་ཡིད་འོང་གི་རྣམ་པ་བཅས། མདོར་ན་རྒྱུན་བཞུགས་སྒྲུབ་གྲྭར་དགོས་པའི་ཆ་རྐྱེན་ཡོངས་སུ་ཚང་བའི་ཐུན་མིན་གསས་ཁང་ཞིག་ཏུ་བཞེངས་གནང་བའོ།། 

ཞེས་རྩ་རླུང་གཞལ་ཡས་ཁང་གི་ངོ་སྤྲོད་ཐུང་ངུ་འདི་ལས་དོན་འདིའི་ཐད་ཐོག་མཐའ་ཀུན་ལ་ཞབས་ཞུ་གང་འཇོན་ཞུས་པའི་གྲྭ་རིགས་ཤོ་བཙུན་ཁྲི་གཙུག་རྒྱལ་པོ་ནས་བྲིས།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།