གཤེན་བསྟན་དར་སྤེལ་ཚོགས་པ་ཞེས་གསར་འཛུགས་གནང་བ།

[ཟླ་ཚེས། 2013-04-27 15:12:30][རྩོམ་པ་པོ། ཀ་ཤུལ་བསོད་རིན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

11.JPG

      གཤེན་བསྟན་དར་སྤེལ་ཚོགས་པ་ནི་སྤྱི་ལོ༢༠༡༣ལོའི་སྤྱི་ཟླ༡ཚེས༢༨ཉིན་གངས་ལྗོངས་མདོ་སྨད་རིག་པའི་གྲོང་ཁྱེར་རྔ་ལྗོངས་གཡང་ལྡན་ཕྱུག་མོའི་ས་ཡི་ལྟེ་བར་མདོ་སྨད་བོན་གྱི་བསྟན་པའི་བསྟི་གནས་ཆེན་པོ་སྣང་ཞིག་དགོན་གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་མཐོ་རིམ་སློབ་མ་ཁག་ཅིག་གིས་མ་བསྐུལ་དང་བླངས་སྒོས་སྒེར་གཉེར་རྩ་འཛུགས་བྱས་པའི་སངས་རྒྱས་གཡུང་དྲུང་བོན་གྱི་རིག་གཞུང་དར་སྤེལ་གྱི་རྒྱུན་ལས་ཚོགས་པ་ཞིག་གསར་དུ་བཙུགས།

22.jpg

     འདི་ནི་རྒྱལ་ནང་བོད་ཀྱི་ས་ཁུལ་དུ་སྒེར་གཉེར་རྩ་འཛུགས་བྱས་པའི་བོན་པོའི་ཚོགས་པ་ཆེས་ཐོག་མ་དེ་ཡིན། སྣང་ཞིག་དགོན་དོ་དམ་ཨུ་ཡོན་ལྷན་ཁང་གིས་ཐུགས་ཁུར་དང་རྒྱབ་སྐྱོར་འོག་སྒྲིག་བཀོད་ཀྱི་རྣམ་པ་ཡང་གཏམ་གླེང་ཚོགས་ཁང་དང༌། བགྲོ་གླེང་ཟབ་སྦྱོང་འཛིན་གྲྭ། གཤེན་རབ་རིག་གནས་གླེང་སྟེགས་བཅས་ཀྱི་ཁོར་ཡུག་བསྐྲུན་ཞིང་གཟའ་འཁོར་རེའི་ནང་ལོ་རྒྱུས་རིག་གནས་སྒྲོགས་སྤེལ་དང་འཆད་ཁྲིད་གླེང་སྟེགས། རང་མོས་བགྲོ་གླེང་སོགས་ཀྱི་གཏམ་གླེང་སྐབས་རེར་འཚོགས་པ་དང་ལོ་རེའི་དུས་ཚིགས་རེར་བརྡ་ཁྱབ་སྤེལ་ཏེ་སྤྱི་ཚོགས་དང་དགོན་སྡེ་སོ་སོའི་ཁྲོད་ཀྱི་ཤེས་ཡོན་བསམ་བློ་བ་དང༌། སློབ་གསོ་ཆེད་མཁས་པ། ཕྱི་ནང་གི་རིག་གནས་ཞིབ་འཇུག་པ་སོགས་རྒྱལ་ཕྱི་ནང་གི་ཤེས་ལྡན་པ་མང་པོ་གདན་འདྲེན་ཞུས་ཏེ་གཤེན་རབ་རིག་གནས་གཏམ་གླེང་ཟབ་རྒྱས་སྐོར་འཚོགས་ཀྱི་བྱ་འགུལ་སྤེལ་གྱིན་ཡོད། གཞན་ཡང་བོན་གྱི་ཆ་འཕྲིན་བརྒྱུད་སྒྲོགས་སོགས་ཀྱིས་མཚོན་པའི་ཞབས་ཞུའི་ཚན་ཁག་གི་སྒྲིག་བཀོད་རྣམ་པ་ཅུང་འཐུས་ཚང་ཅན་དུ་གྲུབ།

33.jpg

      ཚོགས་པའི་དམིགས་ཡུལ་ནི། བོད་མི་རིགས་རིག་གནས་ཀྱི་འབྱུང་ཁུངས་ལྟ་བུར་གྱུར་ཡོད་པའི་འཚེ་མེད་ཞི་བདེའི་སྙིང་ནོར་ནང་བའི་གྲུབ་མཐའ་ཀུན་གྱི་རྒྱལ་པོ་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་འདི་ཉིད་གོ་ལ་ཧྲིལ་པོའི་སྟེང་དུ་དྲིལ་སྒྲོགས་ཀྱི་ནུས་ཤུགས་ཁྱབ་ཆེར་སྤེལ་ཞིང་གཤེན་རབ་སྙིང་སྟོབས་འཛམ་གླིང་ལ་བསྒྲོན་པའི་ལྟ་བོན་གྱིས་ང་ཚོ་དུས་རབས་གསར་བའི་གོམས་འགྲོས་མཉམ་སྐྱོད་ཀྱིས་སྙིང་སྟོབས་ཆེར་སྐྱེས་ཏེ་གཤེན་བསྟན་དར་སྤེལ་ཚོགས་པའི་མདུན་ལམ་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་ཞིག་ཐོན་རྒྱུར་ཡིད་ཆེས་དང་རེ་བས་བསུ་བཞིན་ཡོད།

44.JPG

      ཚོགས་པ་འདི་ཚོགས་ཐེངས་རེའི་བགྲོ་གླེང་གི་གནས་ཚུལ་དང་ཁོར་ཡུག་གི་རྣམ་པ་སོགས་དྲ་ལམ་བརྒྱུད་ནས་རྒྱང་བཞུགས་ཀྱི་སློབ་དཔོན་ཚོ་དང་སྤུན་གྲོགས་ཡོངས་ཀྱི་སྤྱན་ལམ་དུ་འབུལ་ཅི་ཐུབ་བྱེད་རྒྱུ་ཡིན་པས། དུས་ལྟར་རྣམ་པ་ཚོས་གཟུགས་རྟོག་འོག་ཚོགས་པ་འདི་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་མཁྱེན།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།