རྟོགས་ལྡན་དགོན་ཞང་ཞུང་རྫོགས་ཆེན་སློབ་གླིང་།

[ཟླ་ཚེས། 2013-04-16 22:31:39][རྩོམ་པ་པོ། ][རྩོམ་ཁུངས། ][ཀློག་གྲངས། ]

 2011122722190892.jpg.jpg

གངས་ཅན་མདོ་སྨད་རྔ་ལྗོངས་གསེར་ལྡན་ཕྱུག་མོའི་ལྟེ་བར་བཞུགས་པའི་ཞང་ཞུང་རྫོགས་པ་ཆེན་པོའི་

སློབ་གླིང་གི་ངོ་སྤྲོད་མདོར་བསྡུས་བཞུགས་སོ།།

      ཞང་ཞུང་རྫོགས་ཆེན་སློབ་གླིང་ནི། སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆང་རིགས་རང་སྐྱོང་ཁུལ་རྔ་བ་རྫོང་གི་རྔ་ལྗོངས་བོན་གྱི་འདུས་སྡེ་ཆེན་པོ་རྟོགས་ལྡན་དགོན་༧དཔལ་གཤེན་བསྟན་བཤད་སྒྲུབ་སྨིན་གྲོལ་བཀྲ་ཤིས་གཡས་སུ་འཁྱིལ་བའི་གླིང་ཆེན་པོ་འདིར་བཞུགས་ཡོད་ལ། སློབ་གླིང་འདི་ནི་བོད་རབ་བྱུང་བཅོ་ལྔ་ཞེས་པ་ལྕགས་སྤྲེལ་ལོར་ཀུན་མཁྱེན་འཇའ་ལུས་པ་ཆེནཔོ་ཤར་རྫ་བ་རིན་པོ་ཆེ། གྲུབ་དབང་རྗེ་བཙུན་མངྒ་ཝེར་ཞི་མཆོག་ཉིད་དགུང་ལོ་རེ་གཉིས་བཞེས་པའི་སྐབས་སུ། དགོན་གྱི་བསྟན་པའི་བདག་ཉིད་ལྔ་རིག་མཁས་པའི་དབང་པོ་པཎྚི་ཏ་ཆེན་པོ་ཚུལ་ཆེན་ཚུལ་ཁྲིམས་བསྟན་པའི་རྒྱ་མཚན་རིན་པོ་ཆེས་སྒོ་གསུམ་ཡང་དག་གིས་གདན་ཞུ་མཛད་སྒོ་སྤེལ་ནས། བཤད་པ་འཆད་ཉན། སྒྲུབ་པ་ཉམས་ལེན། བཀའ་ལུང་དབང་གསུམ་སོགས་རྒྱ་ཆེན་པོ་ཟླ་བ་བདུན་ལྷག་ལ་སྤེལ་གནང་མཛད་ནས་བསྟན་འགྲོའི་ཕྱག་ལས་རྒྱ་ཆེན་པོ་གནང་། དེའི་སྐབས་སུ་ཚུལ་ཆེན་རིན་པོ་ཆེའི་དགོངས་བཞད་ལྟར་དུ་ཞང་ཞུང་རྫོགས་པ་ཆཻན་པོའི་སློབ་གླིང་། སྒྲུབ་པ་གྲྭ་ཚང་གསར་འཛུགས་བྱེད་པའི་སྟ་གོན་གནང་བ་དང་གཞི་འདིང་བའི་བཀའ་འདྲི་དང་འཕྲོས་མོལ་ཞིབ་པར་གནང་། སྡེ་སྣོད་མཛོད་ཀྱི་སློབ་གྲྭ་དང་། སྐུ་གསུམ་རང་ཤར་དང་སྙིང་ཐིག་སྐོར་ལ་སྒོམ་གྲྭ་མཛད་པའི་ཐུགས་འདུན་གནང་ནས། ཀུན་མཁྱེན་རིན་པོ་ཆེའི་ཐུགས་བཀོད་ལྟར་ལོ་གསུམ་ལ་བཅད་རྒྱ་དམ་པོར་མཛད་ནས། ཟླ་བ་བཅོ་བརྒྱད་ལ་འཆད་ཉན་དང་། ཟླ་བ་བཅོ་བརྒྱད་ལ་ཉམས་ལེན་མཛད་པའི་སྲོལ་ཆེན་ཕྱེས་ནས། ལོ་རེ་བཞིན་ཨ་རྫོགས་སྙན་གསུམ་གྱི་སྔོན་འགྲོའི་བསགས་ཞིང་འབུམ་དགུ་རེ་རེ། རྫོགས་པ་ཆེན་པོའི་རྣམ་རིག་དབྱེ་བ་སོགས་ཀྱི་སེམས་ཁྲིད་དངོས་གཞི། རྫོགས་ཆེན་དབང་བཞི། ཨ་རྫོགས་སྙན་གསུམ་གྱི་རྩ་རླུང་། བཅུད་ལེན། མུན་ཁང་བཅས་ལེགས་པར་སྒྲུབ་དགོས་པའི་བཅའ་བཀོད་དང་འཆད་ཉན་སྐོར་ལ། ཤར་རྫའི་བཀའ་འབུམ་ལས་སྔོན་འགྲོའི་ཁྲིད་ཡིག་བཀའ་ལུང་རྒྱ་མཚོ། སྡེ་སྣོད་མཛོད། ལྷ་གཉེན་ཤེར་སྒོང་། རྫོགས་ཆེན་ཐབས་དྲུག ཚུལ་ཆེན་རིན་པོ་ཆེའི་ལམ་ཁྲིད་གཤེན་བསྟན་གསལ་སྒྲོན། སྒོམ་རིམ་རྣམ་མཁྱེན་གྲོང་འཇུག་གསུར་དང་གཅོད་ཀྱི་དམིགས་རིམ། སྔོན་འགྲོའི་ཁྲིད་ཡིག་དམར་མོ་མཛུད་ཁྲིད་ཀུན་གྲོལ་ཆེན་པོ་སོགས་ཀྱི་བཤད་ཁྲིད་རྒྱས་གནང་། དེ་དག་རིམ་པར་ལེགས་པར་སྒྲུབ་པའི་སློབ་མ་མཆོག་གྱུར་ལྔ་རེ་རྩ་འཛུགས་བྱེད་པའི་གཞི་གསར་དུ་བཙུགས་ནས་སྒོམ་སྒྲུབ་གཟུང་འབྲེལ་གྱི་གཞི་བཙུགས་ཏེ། དང་པོ་ཚུལ་ཆེན་སྐུ་ཕྲེང་གཉིས་པ་ཚུལ་ཁྲིམས་བསྟན་པའི་རྒྱ་མཚན་རིན་པོ་ཆེ་དང་ཡོངས་འཛིན་རིན་པོ་ཆེ་བཟོད་པ་རྒྱལ་མཚན་དང་། རྗེས་སོར་འཇིག་རྟེན་གསར་བརྗེ་ལ་མཆོག་གྱུར་སློབ་མ་བཅུ་རེ་རྩ་འཛུགས་གནང་ནས་ཁྲི་བ་རིན་པོ་ཆེ་ནས་འཆད་ཁྲིད་ཀྱི་མཁན་པོ་གནང་ནས་དམ་པ་གོང་མའི་བཀའ་སྲོལ་དང་ཕྱག་ལེན་མ་ཉམས་པའི་ཕྱག་བཞེས་གནང་བའོ། །དེ་ལྟར་སྒྲུབ་གྲྭའི་ལོ་རིམ་གསུམ་རེ། རེས་བསྐོར་གྱི་ལམ་རིམ་དྲུག་ཅུ་ཙམ་རྫོགས་བཞིན་པ་ལགས་སོ། །

       ༧ བཤད་པ་གྲྭ་ཚང་ནི་བོད་རབ་བྱུང་བཅུ་བདུན་ཞེས་པ་བསྐལ་བ་ཕག་གི་ལོར་ཚུལ་ཆེན་སྐུ་ཕྲེང་གསུམ་པ་ཐེག་མཆོག་བསྟན་པའི་ཉི་མ་རིན་པོ་ཆེས། གྲྭ་བ་ལྔ་བཅུ་ལྷག་གསར་འཛུགས་གནང་ནས་དབྱར་དགུན་གྱི་ན་བཟའ། ཟླ་བ་རེ་རེའི་འཚོ་བའི་གྲོན་དངུལ། སློབ་དེབ། སློབ་ཁུག སློབ་རྟགས། བྲི་ཤོག བྲི་སྨྱུག་བཅས་ཀྱི་ཞབས་འདེགས་རྒྱུན་དུ་གནང་བཟིན་པ་དེ་ལྟར་ལགས་ལ། གཞན་འཆད་ཉན་གྱི་རིམ་པ་ལའང་སྨན་རིའི་མཁན་རབས་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེས། སློབ་གླིང་གི་མཚན་འཛིན་གླིང་གཙོའི་མཚན་བཞེས་ནས་ཁོང་གི་ཞལ་བཀོད་ལྟར། རིག་གནས་གྲྭ་ཚང་ལྔ་རིག་པད་མའི་དགའ་ཚལ་གླིང་གི་གཙོ་བོའི་སྦྱང་བྱ། དག་ཡིག་ཟབ་ཁྲིད་དང་། གཟབ་གཤར་གྱི་ཡིག་རིགས་འབྲི་སློབ། དེ་ནས་སུམ་བཅུ་བ་དང་རྟགས་ཀྱི་འཇུག་པ་གསན་སྦྱངས། དེ་ནས་སྙན་ངག་གི་རྒྱས་ཁྲིད། རྩིས་རིགས་སྐར་ནག སྨན་གྱི་སྐོར་ཕྲན་བུ། སྒྲ་རིགས་མཚམས་སྦྱོར་ལྔ་བ་སོགས་རྒྱས་ཁྲིད། གཞན་གར་ཐིག་དབྱངས་གསུམ། འབུད་བརྡུང་དཀྲོལ་གསུམ། ལན་ཝར། སྤུངས་སོ་ཆེ་ཆུང་། ཡིག་གཟུགས་རིང་ཐུང་སོགས་གསན་སྦྱང་དང་། གཞན་ཡང་བཤད་པ་གྲྭ་ཚང་སྡེ་སྣོད་ཐོས་བསམ་ཉིན་བྱེད་གླིང་གི་ཁྲིད་བྱ་གཙོ་བོ། ནང་དོན་རིག་པའི་སྐོར་ཡིན་ལ། དེ་ལ་དང་པོ་སྔོན་འགྲོའི་ཁྲིད་ཡིག་དམར་མོ་འཛུབ་ཁྲིད། བཀའ་ལུང་རྒྱ་མཚོ། ལམ་རིམ་དྲུག་ཅུ་བ། ཁྲིད་སྟབས་གསལ་བའི་སྒྲོན་མེ། ལོ་རྒྱུས་ཀྱི་སྐོར། ཤར་རྫའི་མཛོད་ཆེན་ལྔ་སོགས་གཟབ་ནན་སྦྱང་གསུམ་རྒྱས་པའི་སྒོ་ནས་ཟབ་སྦྱོང་ནན་མོ་བྱ་རྒྱུ། ཁ་རྒྱུགས་བློ་རྒྱུགས་སོགས་ཐམས་ཅད་སྦྱང་བརྩོན་ཆེན་པོས་འབད་བརྩོན་ལྷོད་མེད་ཉིན་མཚན་ལྟོས་མེད་ཀྱིས་སྦྱང་ནས་གཟའ་འཁོར་རེ་རེ་བཞིན་རིག་རྩལ་འགྲན་ཚོགས་སྣ་ཚོགས། ཤེས་རིག་ལ་ཕྱོགས་པའི་སེམས་ཀྱི་འགྲན་ཚོགས་དང་། བློ་རིག་འགྲན་ཚོགས། བསམ་བློའི་གླེང་སྟེགས་སོགས་དང་དུས་ཚིགས་ཀྱི་ལུས་རྩལ་འགྲན་བསྡུར་སྣན་ཚོགས་ཀྱི་རིམ་པ་སོགས་ཀྱི་བྱ་འགུལ་རབ་དང་རིིམ་པ་སྤེལ་བ་དང་། དབྱར་དུས་དང་དགུན་དུས་ཀྱི་སྤྲོ་སངས་དུས་སྟོན་སོགས་བཤད་པ་གྲྭ་ཚང་གི་སློབ་སྦྱོང་ལམ་ལུགས་རྒྱུད་ལྡན་ངང་སྤེལ་བཞིན་པ་ལྟར་དང་། གཞན་ཡང་མཐར་ཕྱིན་སྐབས་སུ། བཤད་གྲྭ་དང་། སྒྲུབ་གྲྭ་དང་། སྒོམ་གྲྭ་གང་གི་ཆེད་སྦྱང་སྒོམ་སྒྲུབ་ཀྱི་བྱ་བ་ཡང་དག་མཐར་ཕྱིན་པ་ལ་རྟོགས་ལྡན་དགོན་སྨིན་གྲོལ་བཀྲ་ཤིས་གཡས་སུ་འཁྱིལ་གླིང་ངམ། དབེན་གནས་བསམ་གཏན་བོན་གླིང་། དོ་དམ་ཨུ་ཡོན་ལྷན་ཁང་ནས། སྦྱང་རྒྱུགས་ཚད་ལྡན། སྦྱང་འབྲས་གཡུལ་དུ་ཟ་བ་སྒོམ་གྲྭ་རྟགས་ཐོན་བཅས་ལ། མཐར་ཕྱིན་དཔང་ཡིག་གི་ལག་འཁྱེར་ཚད་ལྡན་གནང་བ་སོགས་སློབ་སྦྱོང་གི་གོ་རིམ་ཡང་དག་པར་ལག་ལེན་དུ་ལྟར་བ་ལགས་ན། འདིར་ཞང་ཞུང་རྫོགས་པ་ཆེན་པོའི་སློབ་གླིང་འདི་ཡི་རིག་སློབ་གྲྭ་ཚང་ལྔ་རིག་པད་མའི་དགའ་ཚལ་གླིང་། བཤད་པ་གྲྭ་ཚང་སྡེ་སྣོད་ཐོས་བསམ་ཉིན་བྱེད་གླིང་། སྒྲུབ་པ་གྲྭ་ཚང་ལྷུན་གྲུབ་འོད་གསལ་ཟླ་གཞོན་གླིང་། སྒྲུབ་པ་གྭ་ཚང་གསང་སྔགས་འདོད་དགུ་རིན་ཆེན་གླིང་བཅས་ཀྱི་ངོ་སྤྲོད་མདོ་བསྡུས་བྱས་པ་ལ། སླད་མའི་ཆར་ཡང་། སྟོད་མངའ་རིས། བར་དབུས་གཙང་། སྨད་མདོ་ཁམས་སོགས་ཀྱི་རྨད་བྱུང་རང་ལུགས་ཞྭ་དཀར་འཆང་བའི་གྲུབ་མཐའ་འཛིན་པའི་དགོན་སྡེ་རྒན་དར་གཞོན་གསུམ་གྱི་མི་སྣ་དང་སློབ་མ་སུ་ཞིག་ཡིན་ཀྱང་། སློབ་གླིང་འདིའི་གྲྭ་ཚང་ཁག་བཞི་བོ་གང་ལ་བཞུགས་མོས་ཡོད་པ་ཞིག་ཡིན་ན། ང་ཚོའི་རང་དགོན་གྱི་བླ་མ་གྲྭ་ཚང་སྡེ་བ་ལྷ་འབངས་ཀུན་དང་སློབ་གླིང་གི་དགེ་སློབ་ཡོངས་ཀྱིས་ཐལ་མོ་སྤྱི་བོར་བཀོད་ནས་བཀྲ་ཤིས་པའི་ལྷ་དར་དཀར་པོ་མཐོན་པོར་བཏེགས་ཏེ་མདུན་བསུ་ཞུ་རྒྱུ་ཡིན་པས། དེ་བཞིན་ཚང་མའི་ཐུགས་ཀློང་ཡེ་ཤེས་ལྔ་ཡི་གུར་ཁང་ནས་འདོར་མེད་མཛད་པ་ལན་རྒྱ་ཞུ་ཞུ། སླད་ཀྱི་ཆར་ཡང་ཞང་ཞུང་རྫོགས་ཆེན་སློབ་གླིང་འདི་ཉིད་སྔར་ལས་ལྷག་པའི་དགེ་སློབ་གང་གི་ཕྱག་ལས་ཐམས་ཅད། དབྱར་གྱི་རྒྱ་མཚོ་དང་ཡར་ངོའི་ཟླ་བ་བཞིན་གོང་ནས་གོང་དུ་འཕེལ་བའི་སྨོན་འདུན་ཞུ་བ་ལགས་སོ། །

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།