མང་ཡུལ་གུང་ཐང་སྐོར་དཔྱད་པ།

[ཟླ་ཚེས། 2023-06-04 22:24:59][རྩོམ་པ་པོ། གཙང་ཚ་བསམ་གཏན་འགྱུར་མེད།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

ནང་དོན་གནད་བསྡུས། རྒྱལ་བའི་བཀའ་གཏན་ཚིགས་ཐིགས་པའི་མདོ་རྒྱུད་དང་བོན་གྱི་ཡིག་རྙིང་བསྒྲགས་པ་རིན་ཆེན་གླིང་གྲགས་སོགས་ཡིག་རྙིང་དུ་མ་ལས་གསལ་བའི་ལྷ་ཡུལ་གུང་ཐང་སྐོར་ཅུང་ཙམ་དཔྱད་པ་བྱས་ཏེ། འདུ་གནས་འདི་ཉིད་བོན་གྱི་ཡིག་རྙིང་དུ་མར་འདུ་གནས་སོ་བདུན་གྱི་གྲས་སུ་ཡང་ནས་ཡང་དུ་འཁོད་ཀྱང་ལྷ་ཡུལ་ཞེས་དག་སྣང་ཅན་གྱིས་གནས་ཁྱད་དུ་འཕགས་པའི་མིང་ཞིག་བཏགས་ཡོད་པ་དེ་དོན་དངོས་མང་ཡུལ་གུང་ཐང་ལ་ཡིན་པའི་སྐོར་ལུང་གང་དང་གང་དུ་གསལ་བར་བཤད་པ་དང་། ལྷ་ཡུལ་ཞེས་པའི་ཐ་སྙད་ལུང་ཚིག་ཟིན་པ་དང་བཏགས་པའི་དགོས་པ། ས་ཆ་དེ་དག་ཏུ་བོན་གཤེན་གྱི་རྒྱུད་པ་ཚོས་བསྟན་པ་སྤེལ་སའི་ཡུལ་མཁར་བཟུང་ཚུལ། ཐོག་མར་ཞང་ཞུང་གི་ཡུལ་ཡིན་ཚུལ། དེ་རྗེས་དབུས་གཙང་རུ་བཞིའི་ནང་ཚན་རུ་ལག་ཁོངས་སུ་ཇི་ལྟར་འདུས་ཚུལ། གནའ་དེང་མཁས་པ་འགའ་ཡིས་ལྷ་ཡུལ་གུང་ཐང་ངོས་འཛིན་བྱས་པ་དེ་དག་འདུ་གནས་སོ་བདུན་པོ་དབུས་གཙང་རུ་བཞིར་དབྱེ་བའི་ལུང་དང་མི་མཐུན་ཚུལ། འདུ་གནས་ཀྱི་ད་ལྟའི་གནས་ཡུལ་ས་དམིགས་ངོས་འཛིན་པ་བཅས་རོབ་ཙམ་ཞུ་བ་ཡིན།
བརྡ་ཆད་གཙོ་བོ། འདུ་གནས། ལྷ་ཡུལ་གུང་ཐང་། མང་ཡུལ་གུང་ཐང་། བྱེ་མ་གཡུང་དྲུང་།
  དང་པོ། ལུང་གང་དང་གང་དུ་གསལ་བར་བཤད་པ་ལ། བོན་གྱི་དཔེ་རྙིང་གྲགས་ཅན<བསྒྲགས་པ་རིན་ཆེན་གླིང་གྲགས>ལས། (1)  “ལྷ་ཡུལ་གོང་ཐང་དང་དགུའོ།།’’ ཞེས་དང<མཛོད་སྒྲ་འགྲེལ>ལས། (2) “ལྷ་ཡུལ་གྲ་ཐང་’’དང<དར་རྒྱས་གསལ་སྒྲོན>ལས། (3)  “ལྷ་ཡུལ་གུང་ཐང་།’’ ཞེས་སུ་གྲགས་པའི་འདུ་གནས་དེ་ཉིད་མིང་ཙམ་ལས་འདིར་ཡོད་ཟེར་བའི་ཡུལ་དངོས་གསལ་ཁ་ཅན་ཞིག་མེད། <དཔལ་ཚུལ་གྱི་བསྟན་འབྱུང་སྐལ་བཟང་མགྲིན་རྒྱན>ལས། (4)  “ལྷ་ཡུལ་གུང་ཐང་དང་དགུ་སོ་བདུན་གྲགས།’’ ཞེས་དང་། དེའི་མཇུག་གཡུང་དྲུང་བོན་གྱི་དགོན་སྡེ་ཆགས་རབས་མདོར་བསྡུས་ལས་ལྷ་ཡུལ་གུང་ཐང་ནི་མང་ཡུལ་གུང་ཐང་ཞེས་ཏེ་ལ་སྟོད་རྩེ། འདི་རྣམས་སྔར་བོན་གྱི་འདུ་གནས་ཡིན་ཡང་ཕྱིས་སུ་ཁ་ཤས་མ་གཏོགས་དམ་ཆོས་གསར་རྙིང་གི་དགོན་པའམ་ལྷ་ཁང་རེ་ཡོད། ཅེས་གསལ་ཁ་བསྟན་ཡོད།
གཉིས་པ། ལྷ་ཡུལ་ཞེས་པའི་ཐ་སྙད་ལུང་ཚིག་ཟིན་པ་དང་བཏགས་པའི་དགོས་པ་ནི། <མུ་སྟེགས་ཚར་གཅོད་གཏན་ཚིགས་ཐིགས་པའི་མདོ་རྒྱུད>ལས། (5) “བྱེ་མ་གཡུང་དྲུང་ལྷ་ཡུལ་ནས། བྱེ་བྲག་སེར་སྐྱའི་བཞེད་གཞུང་དང་།’’ ཞེས་དང<མུ་སྟེགས་ཀྱི་གྲུབ་མཐའ་ཚར་གཅོད་གཏན་ཚིགས་ཐིགས་པའི་རིག་པ་སྨྲ་བའི་མདོ་འགྲེལ>ལས། (6) “བྱེ་མ་གཡུང་དྲུང་ལྷ་ཡུལ་ཞེས་བྱ་བ་ན། ཞེས་པས་ནི་གནས་བསྟན་ཏོ།། བྱེ་བྲག་སེར་སྐྱ་ཞེས་བྱ་བ་ནི་གྲུབ་མཐའ་སྨྲ་བའོ།།’’ དེའི་བཞེད་གཞུང་ཞེས་བྱ་བས་ནི་གྲུབ་མཐའ་བསྟན་ཏོ།། ཞེས་དང<མུ་ཆོའི་ཁྲོ་འདུལ་ཆེན་མོ>ལས། (7) “བསྭོ་ཡུལ་ནི་ལྷ་ཡུལ་གང་ཏང་ནས། ར་ལྗགས་ལྷ་ཚ་འཁོར་དང་བཅས། དེ་རིང་གནས་འདིར་གཤེགས་སུ་གསོལ།’’ ཞེས་དང<མིང་སྲིང་དཔལ་བགོས་དང་ལྷ་འདོགས>ལས། (8) “དུས་དང་སྐལ་པ་དེ་ཙམ་ན། ཡུལ་ཅིག་ལྷ་ཡུལ་གུང་ཐང་དང་། ཡབ་ཅིག་ལྷ་རྗེ་ཟོམ་འབྲང་དང་། ཡུམ་ཅིག་ལྷ་ཟ་གུང་བཙུན་མ། དེ་གཉིས་བཤོས་ཤིང་སྤྲུལ་པའི་སྲས། མིང་པོ་ལྷ་སྲས་ལྗོན་པ་དང་། སྲིང་མོ་སྲིད་ལྕམ་འཕྲུལ་མོ་ཆེ། མཛེས་ཤིང་ཡིད་དུ་འོང་བ་ལ། ལྷ་མི་ཀུན་གྱི་ཡིད་ཀྱང་ཤོར།’’ ཞེས་དེ་ལྟ་བུའི་མང་ཡུལ་གུང་ཐང་དང་བྱེ་མ་གཡུང་དྲུང་རྒྱུད་ལ་ས་བབ་མཐོ་ལ་སྔར་དུས་བོད་པའི་སྐྱབས་ཡུལ་དུ་འཛིན་སའི་བོན་ཆོས་དང་བོན་གཤེན་མང་པོ་བོད་ཡུལ་དུ་ཕེབས་སའི་གལ་ཆེན་གྱི་ཡུལ་ཞིག་དང་ལམ་ཆེན་ཞིག་ཡིན་པ་མ་ཟད། རྒྱ་གར་གྱི་ཕྱི་ནང་གྲུབ་མཐའ་འགའ་ཡིས་གངས་ཏི་སེའི་རྒྱུད་དུ་ལྷ་ཡུལ་དུ་རྩི་སྲོལ་ཡོད་པ་བཞིན། བོད་དག་བཞེངས་པ་རྣམས་ཀྱིས་ཡུལ་འགའ་ཞིག་ལ་དག་སྣང་དབང་གིས་ཞིང་ཁམས་དག་པ་རབ་འབྱམས་འབའ་ཞིག་སྣང་བ་ལྟར་སྔར་བོད་དབུས་གཙང་པས་ཀྱང་ཡུལ་འདིར་དག་ཞིང་བརྩི་བ་དང་ལྷ་ཡུལ་དང་ཕྱྭ་ཡུལ་ཞེས་པའི་ཆེ་བསྟོད་ཀྱི་ཐ་སྙད་རེས་མོས་ཚུལ་དུ་འདོགས་པའི་སྲོལ་འགའ་ཤས་ཡོད་འདུག།
གསུམ་པ། ད་དུང་ས་ཆ་དེ་དག་ཏུ་བོན་གཤེན་གྱི་རྒྱུད་པ་ཚོས་བསྟན་པ་སྤེལ་སའི་ཡུལ་བྱས་པ་ཙམ་མ་ཟད་མཁར་བརྩེགས་ནས་གནས་བཟུང་བའི་ལོ་རྒྱུས་ཡོད་འདུག་སྟེ<དཔལ་ལྡན་བླ་མའི་རྣམ་ཐར་ནང་གི་མཐའ་བཞི་གཤེན་རྒྱུད་ཀྱི་རྣམ་ཐར>ལས། (9) “དེའི་སྲས་སྒོམ་ཆེན་སྟག་སྙ་འཁར་གྱིས། ཡུལ་གུང་ཐང་དུ་དབལ་རིའི་གཤོངས་བཟུང་། འཁར་སྐྱེ་མཁར་བྱ་ཕུག་རྩེགས། དར་མཐིང་ནག་གི་གུར་ཕུབ་ནས།’’ ཞེས་དང་། “སྐུ་ཡི་ཚེ་སྨད་ལ་དཔལ་མོ་དཔལ་ཐང་དུ་སྤྱན་དྲངས། དཔལ་མོའི་ཐང་ཞིང་ཕུལ། དཔལ་མོའི་ལ་ཕུག་མོར་རྫོགས་ཆེན་དོན་གྱི་ཉམས་ལེན་མཛད། འཁོར་འདས་རང་རྒྱ་གྲོལ་ལོ།།’’ ཞེས་དེ་གར་གནས་བཟུང་བའི་སྐོར་འཁོད་འདུག་ལ། དོན་དུ་མང་ཡུལ་གྱི་ས་མིང་གུང་ཐང་དང་དཔལ་མོ་དཔལ་ཐང་ད་དུང་དཔལ་མོའི་ལ་ཕུག་མོར་ཞེས་སྤ་ལ་ཕུག་སོགས་ས་ཕྱོགས་གཅིག་ལ་གནས་ཡུལ་ཡར་མར་ཙམ་ཡིན་པའི་ས་མིང་དང་ཡུལ་མིང་ཡང་མང་ཡུལ་དུ་གྲགས་པའི་དེང་གི་སྐྱིད་རོང་རྫོང་ལས་ལོགས་སུ་མེད་པ་གསལ་བར་བསྟན་པའོ།།
བཞི་པ། ཐོག་མར་མང་ཡུལ་གུང་ཐང་འདི་ནི་ཞང་ཞུང་གི་ཡུལ་ཡིན་ཚུལ། དང་ཐོག་མང་ཡུལ་སྟག་མོ་རྫོང་ནི་ཞང་ཞུང་གི་ཕྱོགས་རྫོང་བཞི་ཡི་ནང་ཚན་ཡིན་ཏེ། <སྐལ་བཟང་མགྲིན་རྒྱན>ལས། (10) “ཕྱོགས་རྫོང་བཞི་ནི་དྭང་ར་ཁྱུང་ཆེན་རྫོང་། སེ་རིབ་འབྲུག་རྫོང་། རུ་ཐོག་སེང་གེ་རྫོང་། མང་ཡུལ་སྟག་མོ་རྫོང་དང་བཞིར་བརྩིས་ཏེ།’’ ཞེས་དང་ད་དུང་ཞང་ཞུང་ཕྱི་རྫོང་དྲུག་གི་ནང་ཚན་རྩི་སྐབས་ལྷོ་སྨད་མང་ཡུལ་སྟག་མོ་རྫོང་ཟེར་བ་དེའང་འདི་རང་ལ་གོ་དགོས་ལ་ཆགས་ཡུལ་ཡང་འདི་གར་ཡིན་ནམ་སྙམ།
ལྔ་པ། མང་ཡུལ་གུང་ཐང་འདི་དབུས་གཙང་རུ་བཞིའི་ནང་ཚན་རུ་ལག་ཁོངས་སུ་ཇི་ལྟར་འདུས་པའི་ཚུལ་ནི། བོད་རྒྱལ་གནམ་རི་སྲོང་བཙན་གྱི་དུས་སུ་ཤར་ནུབ་རྒྱ་སྐྱེད་བཏང་ནས་རིམ་བཞིན་སྲོང་བཙན་སྒམ་པོས་ཆབ་སྲིད་སྲ་བརྟན་བཏང་ནས། བོད་ཡུལ་དབུས་གཙང་རུ་བཞི་ས་མཚམས་དབྱེ་སྐབས་ཡུལ་འདི་རུ་ལག་གི་ཁོངས་སུ་བཅུག་པ་ཡིན་འདུག་སྟེ། <མཁས་པ་ལྡེའུའི་རྒྱ་བོད་ཆོས་འབྱུང་རྒྱས་པ>ལས། (11) “ཤར་འཇམ་ནེ་བཀྲ་དང་། ལྷོ་བལ་པོ་གླ་སྣ། ནུབ་ལ་ཀེམ་གཡག་མིག  བྱང་བྱེ་མ་ལ་སྔོན། དབུས་སྲད་ཀྱི་དུར་པ་སྣ།’’ ཞེས་བལ་བོད་ས་མཚམས་ཚུན་ཆད་རུ་ལག་གི་ཁོངས་སུ་བཅུག་པ་མ་ཟད། <ལྡེའུ་ཆོས་འབྱུང>ལས། “རུ་ལག་གི་ཡུལ་དཔོན་ཚན་བཅུ་དྲུག་ནི། མང་ཡུལ་ལ་དཔོན་གཅིག སྣེ་ནམ་ལ་གཅིག’’ ཞེས་སོགས་མང་ཡུལ་རུ་ལག་གི་བྱེ་བྲག་ཡིན་པ་ཙམ་མ་ཟད་ཡུལ་དཔོན་ཚན་སོགས་ཀྱང་བཀོད་པ་བྱས་པ་ཆོས་འབྱུང་མང་པོར་གསལ་འདུག  ད་དུང་རྗེ་བཙུན་མི་ལའི་འཁྲུངས་ཡུལ་མང་ཡུལ་གུང་ཐང་ནས་ཡིན་ཏེ། རྗེ་བཙུན་གྱི་རྣམ་ཐར་ཐོག་མར་འཁོད་པ<ལྷོ་རོང་ཆོས་འབྱུང>ལས། (12) “རྗེ་རྣལ་འབྱོར་གྱི་དབང་ཕྱུག་མི་ལ་རས་པ་ནི། འཁྲུངས་ཡུལ་ལ་སྟོད་གུང་ཐང་ཁབ་ཀྱི་སྐྱི་སྔ་རྩའི་ཀོ་རོན་བྱ་བར། གདུང་ཁྱུང་པོ། དེའི་ནང་ཚན་མི་ལ། ཡབ་ཤེས་རབ་རྒྱལ་མཚན། ཡུམ་ཉང་ཟ་དཀར་ལེགས་གཉིས་ལ་ལྕགས་ཕོ་འབྲུག་གི་ལ་སྐུ་འཁྲུངས།’’ ཞེས་གསལ་བར་གསུངས་ཡོད།
དྲུག་པ། གནའ་དེང་མཁས་པ་འགའ་ཡིས་ལྷ་ཡུལ་གུང་ཐང་ངོས་འཛིན་བྱས་པ་དེ་དག་འདུ་གནས་སོ་བདུན་དབུས་གཙང་རུ་བཞིར་དབྱེ་བའི་ལུང་དང་མི་མཐུན་ཚུལ། གངས་རིའི་དཀར་ཆག་ཚངས་དབྱངས་ཡིད་འཕྲོག་ལས་(13) ཀྱང་“གངས་རིན་པོ་ཆེའི་མདུན་དུ་ལྷ་ཡུལ་གུང་ཐང༼སྤར་ལ་ཐང་ཟེར༽ལྷ་ཡི་མདུན་ས་ཞེས་བྱ་བ། ཐང་ཆེན་པོ་གསེར་གྱི་འཁོར་ལོ་རྩིབས་སྟོང་བརྡལ་བ་ལྟ་བུ།’’ ཞེས་སོགས་ལྷ་ཡུལ་གུང་ཐང་གི་མིང་འདི་ཐེངས་གསུམ་ཙམ་ཐོན་ནས་མངའ་རིས་གངས་རིན་པོ་ཆེའི་མདུན་དུ་ལྷ་ཡུལ་གུང་ཐང་ཟེར་བ་ཡོད་པར་བཞེད་ཡོད་ལ། དེ་ཉིད་འདུ་གནས་སོ་བདུན་གྱི་ནང་ཚན་ཡིན་མིན་གསལ་ཁ་གནང་མི་འདུག་པས་དགོངས་པ་གཞན་ཞིག་ཡོད་ན་ཆོག  གཞན་ཡང་ཉེ་ཆར་མཁས་དབང་ར་སེས་ཀྱང་ཡིག་རྙིང་ནང་དུ་གསལ་བའི་ལྷ་ཡུལ་གུང་ཐང་གང་ལ་ངོས་འཛིན་དགོས་སམ་ཞེས་ཏུང་ཧོང་ཡིག་རྙིང་སོགས་ལུང་དུ་མ་དྲངས་ནས་དྲ་ཐོག་རྩོམ་ཡིག་སྤེལ་གནང་འདུག་ཀྱང་གོ་བ་གནད་ལ་ཕིག་པའི་དོན་དང་རིང་དུ་སོང་བ་ཙམ་མོ།། སྤྱིར་ལྷ་ཡུལ་ཞེས་པ་ལྷོ་ཁ་འཕྱོངས་རྒྱས་རྫོང་དང་གྲ་ནང་རྫོང་གཉིས་ལ་རེ་རེ་ཡོད་ལ། གུང་ཐང་ཟེར་བ་ནི་བོད་ཀྱི་སྟོད་སྨད་གང་སར་མང་པོ་ཡོད་པས། ལྷ་ཡུལ་བཤད་པ་ཙམ་དང་གུང་ཐང་བྲིས་པ་ཙམ་གྱིས་ལྷ་ཡུལ་གུང་ཐང་ཡིན་པའི་ངེས་པ་མེད། མ་གཞི་མཁས་པ་འདི་རྣམ་གཉིས་ནས་ལྷ་ཡུལ་གུང་ཐང་ངོས་འཛིན་བྱེད་པར་དགོངས་པ་དམིགས་ཡུལ་མི་ཤེས་ཀྱང་བོན་རང་ལུགས་འདུ་གནས་སྐོར་གླེང་སྐབས། གོང་འཁོད་བོན་གྱི་ཡིག་རྙིང་བསྒྲགས་པ་གླིང་གྲགས་དང་མཛོད་སྒྲ་འགྲེལ། དར་རྒྱས་གསལ་སྒྲོན། ད་དུང་འདུ་གནས་སོ་བདུན་བཤད་པའི་བོན་དཔེ་ཚང་མའི་ནང་དུ་འདུ་གནས་དབུས་གཙང་རུ་བཞིར་ཕྱེས་ནས་བཤད་པའི་སྐབས་སུ་ལུང་ཚང་མས་ལྷ་ཡུལ་གུང་ཐང་གཡོན་རུ་རུ་ལག་ཕྱོགས་སུ་འདུ་གནས་དགུ་ཡོད་པའི་ཁོངས་སུ་བགྲང་ཡོད་ལ། <སྐལ་བཟང་མགྲིན་རྒྱན>ལས། (14) “རུ་ལག་ཉང་སྟོད་ཕྱོགས་ལ་དགུ་ཡོད་དེ།’’ ཞེས་དང་། “ལྷ་ཡུལ་གུང་ཐང་ནི་མང་ཡུལ་གུང་ཐང་ལའོ།།’’ ཞེས་ཐག་བཅད་ནས་བཤད་དགོས་པའི་དོན་ཡང་དེ་ཉིད་ད་ལྟའི་གཞིས་ཀ་རྩེའི་ཡར་གཙང་གི་ལྷོ་རྒྱུད་ཀྱི་གནས་ཤིག་ཏུ་ཡོད་དགོས་པའི་དབང་དུ་བྱས་པ་ཡིན་འདུག་ལ་ངས་ཀྱང་རུ་ལག་གི་ཁོངས་འདུས་ཚུལ་གོང་དུ་ཞུས་ཟིན།
བདུན་པ། འདུ་གནས་ཀྱི་ད་ལྟའི་གནས་ཡུལ་ནི། ད་ལྟའི་སྐྱིད་རོང་རྫོང་ཐོག་དེར་སྔར་གྱི་རྫོང་དགའ་མཁར་རྫོང་ཞེས་ཡུལ་མིའི་སྡོད་ཁང་འགའ་ཡི་ཁྲོད་དུ་བདག་གཅེས་བྱས་ཏེ། ཉམས་གསོ་མ་བྱས་ལ་གཏོར་གཅོམ་བྱས་ཏེ་འཛུགས་བསྐྲུན་མ་བྱས་པའི་མཁར་རྫོང་རྙིང་པ་འདི་ནི། ཞང་ཞུང་ཕྱི་རྫོང་དྲུག་གི་ནང་ཚན་ལྷོ་སྨད་མང་ཡུལ་སྟག་མོ་རྫོང་ཡིན་ལ། རུ་བཞིའི་ཁོངས་སུ་བཅུག་ནས་འདུ་གནས་ཀྱི་ཤུལ་དུ་གུང་ཐང་རྒྱལ་རབས་ཆགས་ས་དང་དེ་རྗེས་ཟུར་དུ་ཆོས་སྡེ་དགོན་པ་ཆགས་པ་སོགས་འཕེལ་རྒྱས་དང་འགྱུར་བ་མང་པོ་བྱུང་བ་ཙམ་ལས་ས་ཆ་དེ་ག་རང་དུ་ཡིན་པ་ཤེས་ནུས་ལ། དེར་མ་ཟད་འདི་གར་སྔར་གདོད་མའི་བོན་དར་ཞིང་ཞང་ཞུང་སྐབས་དང་བོད་ཀྱི་དུས་སུའང་བོན་ཆོས་དར་རྒྱས་སུ་སོང་བའི་ཡུལ་ཡིན་པ་གོང་གི་ལུང་ཚིག་དག་གིས་ར་སྤྲོད་ཐུབ་ལ<མང་ཡུལ་གུང་ཐང་གི་སྔོན་སོང་ལོ་རྒྱུས>ལས། (15) “གཞན་ཡང་མང་ཡུལ་ཁུལ་དུ་བོན་གྱི་རྡོ་བརྐོས་རི་མོ་སོགས་མང་དག་ཅིག་བཙལ་རྙེད་ཐུབ་ཡོད་ལ། བོན་དང་འདྲེས་པའི་གདོད་མའི་ཆོས་ལུགས་ཀྱང་དུས་ད་ལྟའི་བར་དུའང་དར་སྲོལ་ཡོད་པ་བཅས་ཀྱི་ཐོག་ནས་ཞང་ཞུང་གི་ཁོངས་སུ་གཏོགས་པ་ཙམ་མ་ཟད། བོན་ཆོས་ཤིན་ཏུ་དར་བའི་གལ་ཆེན་གནས་ཤིག་ཀྱང་ཡིན་པ་ར་སྤྲོད་གསལ་པོ་བྱས་ཡོད།’’ ཞེས་པས་ཀྱང་ངེས་ཤེས་ཡང་དག་རྙེད་ནུས་པའོ།།
   ཡང་དེང་དུས་འབུམ་རམས་པའི་ཆོ་ལོ་ཁུར་བའི་མདོ་སྨད་པའི་མཁས་མིང་ཅན་འགས་ཡིག་རྙིང་ནང་དུ་གསལ་བའི་གུང་ཐང་ནི་དེང་སྐབས་གུང་ཐང་ཤང་ཟེར་ས་དེར་ཡིན་པར་ཤོད་བཞིན་འདུག་ཀྱང་། ལུང་རིགས་གང་གི་རྒྱབ་ལྗོངས་མི་འདུག་ལ། དེ་གར་སྔར་ཀུ་ཐང་ངམ་ཀོང་ཐང་ཟེར་ལ་གུང་ཐང་ཟེར་བའི་མིང་དེ་ཆུས་གཏོར་ཤང་འཛུགས་སྐབས་སུ་སྔར་གྱི་གུང་ཐང་རྙིང་པ་ལ་རྫོང་དགའ་གྲོང་རྡལ་ཟེར་བཞིན་ཡོད་པས་གུང་ཐང་ཐ་སྙད་རྙིང་པ་གཡར་ནས་ཀུ་ཐང་ལ་གུང་ཐང་ཞེས་བཏགས་པའི་མིང་ཡིན་པ་ད་ལྟའི་སྐྱིད་རོང་རྫོང་གི་ཡུལ་མི་ཕལ་གྱིས་ངག་ལམ་ནས་ཀྱང་ཤོད་བཞིན་འདུག། གུས་པ་ཀུ་ཐང་ཤང་ལ་ཐེངས་གཉིས་ཕྱིན་པས་དེ་གར་དམིགས་བསལ་བ་གང་ཡང་མི་འདུག ཞིབ་འཇུག་བྱེད་མཁན་ཚོས་མིང་ཙམ་ལ་མགོ་མ་འཁོར་བའི་འབོད་སྐུལ་ཞུ་བ་ཡིན་ནོ།། འདུ་གནས་ཀྱི་ད་ལྟའི་གནས་ཡུལ་སྐྱིད་རོང་རྫོང་རྫོང་དགའ་གྲོང་རྡལ་ཟོར་མ་གྲོང་ཚོའམ་ཆོས་སྡེ་དགོན་གྱི་ཟུར་དུ་ཡོད།
མཇུག་བསྡུའི་གཏམ་དང་རེ་བ། ཡིག་རྙིང་ལ་འཁོད་པའི་ཐ་སྙད་ལ་གཞིར་བཟུང་ནས་མཁས་དབང་འགའ་རེས་དཔྱད་པ་གནང་འདུག་ལ། གུས་པས་ཀྱང་དཔེ་ཆ་དུ་མར་དཔྱད་པ་དང་ཡུལ་དངོས་ལྟ་ཞིབ་ཐེངས་མང་བྱས་ནས་དཔྱད་གཏམ་འདི་སྤེལ་ཡོད། དེ་ལ་མཁྱེན་ལྡན་རྣམ་པས་སློབ་སྟོན་དང་སྐྱོན་སེལ་གྱི་དགོངས་འཆར་མི་ཉུང་བ་གནང་བའི་རེ་བ་ཞུ།

མཆན།
(1)  <<གཡུང་དྲུང་བོན་གྱི་སྒྲ་བསྒྲགས་པ་རིན་ཆེན་གླིང་གྲགས།>>དྲན་པ་ནམ་མཁས་མཛད། གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས།༢༠༡༠ མི་རིགས་དཔེ་སྐྲུན་ཁང་། དེབ་གཟུགས་ཤོག་ངོས(༡༠༧) ལས་གསལ།
(2) <<བདེན་པ་བོན་གྱི་མཛོད་སྒྲ་འགྲེལ།>>དྲན་པ་ནམ་མཁས་མཛད། ཝཱ་ཎ་གཡུང་དྲུང་བོན་གྱི་དགེ་སློབ་ཁང་། དེབ་གཟུགས་ཤོག་ངོས་༢༡པར་གསལ།
 (3) <<བསྟན་པའི་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན་མེ།>> སྤ་སྟོན་བསྟན་རྒྱལ་བཟང་པོས་མཛད། ༢༠༡༠ གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས། མི་རིགས་དཔེ་སྐྲུན་ཁང་། དེབ་གཟུགས་ཤོག་ངོས་༢༨༦པར་གསལ།
(4) <<གཡུང་དྲུང་བོན་གྱི་བསྟན་པའི་བྱུང་བ་བརྗོད་པའི་ལེགས་བཤད་སྐལ་པ་བཟང་པོའི་མགྲིན་རྒྱན།>> གཙང་ཚ་དཔལ་ལྡན་ཚུལ་ཁྲིམས་ཀྱིས་མཛད། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། དེབ་གཟུགས་ཤོག་ངོས་༢༢༢དང་༤༩༢པར་གསལ།
(5) མུ་སྟེགས་ཚར་གཅོད་གཏན་ཚིགས་ཐིགས་པའི་མདོ་རྒྱུད། སྟོན་པ་གཤེན་རབ་མི་བོའི་བཀའ། རྒྱལ་གཤེན་གསུང་རབ་ཉམས་ཞིབ་དཔེ་སྐྲུན་ཁང་གིས། ༢༠༠༩ལོར་བལ་ཡུལ་དཔར་སྐྲུན་བྱས། ཤོག་ངོས་༣པར་གསལ།
(6) གཏན་ཚིགས་ཐིགས་པའི་མདོ་འགྲེལ། ༢༠༡༠ གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས། མི་རིགས་དཔེ་སྐྲུན་ཁང་། དེབ་གཟུགས་ཤོག་ངོས་༨༦པར་གསལ།
(7) མུ་ཆོའི་ཁྲོ་འདུལ་ཆེན་མོ་བྲིས་མ། དཔེ་གཟུགས།
(8) ཁུ་བྱུག་སྔོན་མོའི་རང་སྒྲ། བོན་ལུགས་ཀྱི་གནའ་བོའི་གཏམ་རྒྱུད་དང་ཆོ་གའི་སྐོར་གྱི་དཔེ་རྙིང་ཕྱོགས་བསྒྲིགས། གངས་ཅན་རིག་མཛོད་དཔེ་ཚོགས་ཨང་༨༠པ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་བསྐྲུན། ཤོག་ངོས་༡༢༠པར་གསལ།
(9) དཔལ་ལྡན་བླ་མའི་རྣམ་ཐར་ནང་གི་མཐའ་བཞི་གཤེན་རྒྱུད་ཀྱི་རྣམ་ཐར། བྲིས་མ་བསྐྱར་དཔར། ཤོག་ངོས་༢༤༦པར་གསལ།
(10) སྐལ་བཟང་མགྲིན་རྒྱན་ཤོག་ངོས་༣༥པར། གོང་མཚུངས།
(11) མཁས་པ་ལྡེའུའི་རྒྱ་བོད་ཆོས་འབྱུང་རྒྱས་པ། ༡༩༨༧ལོར་བོད་ལྗོངས་དཔེ་རྙིང་དཔེ་སྐྲུན་ཁང་། དེབ་གཟུགས། ཤོག་ངོས་༢༥༨དང་༢༤༣པར་གསལ།
(12) དམ་པའི་ཆོས་ཀྱི་བྱུང་བའི་ལེགས་བཤད་ལྷོ་རོང་ཆོས་འབྱུང་། རྟ་ཚག་ཚེ་དབང་རྒྱལ་གྱིས་མཛད། གངས་ཅན་རིག་མཛོད་དཔེ་ཚོགས། ༡༩༩༤ལོར་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུང་ཁང་ནས་བསྐྲུན། ཤོག་ངོས༧༢པར་གསལ།
(13) འཛམ་གླིང་གངས་དཀར་ཏི་སེའི་དཀར་ཆག་ཚངས་དབྱངས་ཡིད་འཕྲོག  གྲུབ་དབང་བསྟན་འཛིན་རིན་ཆེན་གྱིས་མཛད། གུར་གྱམ་དགོན་པས་དཔར།  ཤོག་ངོས་༡༧པར་གསལ།
(14)  གོང་མཚུངས་སྐལ་བཟང་མགྲིན་རྒྱན། ཤོག་ངོས་༢༢༢པར་གསལ།
(15) མང་ཡུལ་གུང་ཐང་གི་སྔོན་སོང་ལོ་རྒྱུས་སྐོར། ཤོག་ངོས་༢༢པར་གསལ་ལོ།།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།