དཔེ་ཀློག་གི་འཇིག་རྟེན། ང་ཚོའི་འཚོ་བ།

[ཟླ་ཚེས། 2018-04-25 09:58:27][རྩོམ་པ་པོ། ཏཱ་དབེན་ཤེར་དབང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

1524622059439483.jpeg        

སྔོན་འགྲོ། འཛམ་གླིང་དཔེ་ཀློག་ཉིན་མོ་ཇི་ལྟར་བྱུང་ཚུལ་དང་དེའི་སྣང་བརྙན།

  རྒྱལ་སྤྱིའི་དཔེ་སྐྲུན་འཐུས་ཚོགས་ཀྱིས་ཐོག་མར་གྲོས་འགོ་བཏང་ཞིང་། 1972ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དཔེ་ཀློག་སྤྱི་ཚོགས་སུ་སྐྱོད་རྒྱུའི་འབོད་བསྐུལ་བྱས་པར་བརྟེན། 1995ལོར་འཛམ་གླིང་དཔེ་སྐྲུན་འཐུས་ཚོགས་ཀྱི་སྐབས་ཉེར་ལྔའི་རྒྱལ་སྤྱིའི་གྲོས་ཚོགས་སྟེང་འཛམ་གླིང་དཔེ་ཀློག་ཉིན་མོ་དགོས་པའི་རེ་ཞུ་བྱས་ཤིང་། རྒྱལ་སྤྱིའི་རིག་གནས་འཐུས་ཚོགས་སྐབས་ཉེར་ལྔ་བའི་སྟེང་གྲོས་ཆོད་བྱུང་སྟེ་4/23ཉིན་འཛམ་གླིང་དཔེ་ཀློག་ཉིན་མོ་ཞེས་གཏན་འབེབ་བྱས་སྐད། དབྱིན་སྐད་ནང་དུ་འདི་ལ་“འཛམ་གླིང་དཔེ་ཀློག་ཉིན་མོ”མི་ཟེར་བར“འཛམ་གླིང་དཔེ་དེབ་དང་དཔར་དབང་ཉིན་མོ”འབོད་དོ་ཞེས་ཀྱང་ཟེར། རྒྱ་ཡིག་ལ་འགྱུར་དུས་“འཛམ་གླིང་དཔེ་ཀློག་ཉིན”དུ་ཡོངས་སུ་གྲགས་ཤིང་རང་རེས་ཀྱང་དེ་ལྟར་སྤྱི་ཁྱབ་ཏུ་སྤྱོད། ཉིན་འདིའི་དམིགས་པ་སོགས་བཤད་ཚུལ་སྣ་ཚོགས་མཆིས་ཀྱང་གཙོ་བོ་རང་ཉིད་ཀྱི་དཔེ་ཆའི་བདག་དབང་རྩོད་པ་དང་། གཞན་གྱི་དཔེ་ཆ་ཀློག་པ། དཔེ་ཆ་ཉོ་བ་སོགས་བྱེད་ཅེས་བསྙད་པ་ལྟར་རང་རེ་དཔེ་ཀློག་པ་ཤིན་ཏུ་ནས་རབ་ཏུ་འཕོངས་བའི་མི་རིགས་དང་རྒྱལ་ཁབ་ཅིག་ལ་མཚོན་ན། “དཔེ་ཀློག་ཉིན་མོར”དཔེ་ཀློག་གཙོར་གནད་བཟུང་སྟེ་མིང་འདི་འདྲ་གདགས་ཀྱང་ཅིས་མི་རུང་སྙམ། ཉིན་འདིར་རྒྱལ་ཁབ་མང་པོ་ཞིག་ལ་དཔེ་ཆའི་བྱེད་སྒོ་སྣ་ཚོགས་སྤེལ་བར་བཤད་ཅིང་ཡ་ཧུ་དཱ་པས་རྒྱལ་ཁབ་ཁྱོན་ཡོངས་གཞུང་ལས་ཁང་དང་ཚོང་གཉེར་ཁང་སོགས། གཞུང་སྒེར་གྱི་ཀུང་སི་ཡོད་དོ་སྒོ་རྒྱབ་སྟེ་ལས་མཚམས་བཞག་ནས་དཔེ་ཁང་གང་ཡོད་སྒོ་ཕྱེ་བ་དང་། དཔེ་ཆ་ཉོ་བ། གཞན་ལ་ངོ་སྤྲོད་བྱེད་པ། རང་གིས་ཀློག་པ། ཟིན་ཐོ་འགོད་པ། རྩོམ་ཡིག་འབྲི་བ། བགྲོ་གླེང་བྱེད་པ་སོགས། མདོར་ན་ཉིན་དེར་དཔེ་ཀློག་གི་འཇིག་རྟེན་འབའ་ཞིག་ཏུ་བསྙེགས་པར་གྲགས།

   ལོ་རེ་ཟུང་སྔོན་འཛམ་གླིང་དཔེ་ཀློག་ཞིབ་འཇུག་གི་ལོ་རེའི་མཇུག་སྡོམ་སྙན་ཞུ་བྱ་བ་ཞིག་མཐོང་བ་ལས། ལྷོ་ཁོ་རེ་ཡས་ལོ་རེར་ཆ་སྙོམས་མི་རེས་དཔེ་ཆ་11རེ་ཀློག་པ་དང་། ཧྥ་རན་སི་ཡིས་ཆ་སྙོམས་8.5།  ཉི་ཧོང་གིས་5ནས8དབར་སོགས་ཀློག་ཅིང་། ལོ་རེར་འཛམ་གླིང་ཐོག་དཔེ་ཀློག་མང་ཤོས་ཀྱི་མི་རིགས་ནི་ཡ་ཧུ་དཱ་པ་ཡིན་ཅིང་ཁོ་ཚོས་ཆ་སྙོམས་མི་རེས་དཔེ་ཆ་64རེ་ཀློག་ཐུབ་སྐད། རྒྱ་ནག་མཁས་པ་མང་པོ་ཞིག་གིས་དཔེ་ཆ་དང་འབྲེལ་བའི་ཟིན་རྩོམ་དང་པོད་རྩོམ། ཆེད་རྩོམ་སོགས་བགྲང་བས་མི་ཟིན་པའི་ཚོད་དུ་སྤེལ་ཅིང་རང་རེ་བོད་པའི་ཤེས་ཡོན་སྡེ་རུ་དེ་ལྟ་བུའི་སྣང་ཚུལ་གཅིག་རྗེས་གཉིས་མཐུད་ཚུལ་དུ་འདུག ཉེ་ལམ་ཏང་གི་ཚོགས་ཆེན་སྐབས་བཅུ་དགུ་པ་འཚོགས་པ་ནས་བཟུང་དཔེ་ཀློག་ལ་ཤུགས་བསྣོན་རྒྱག་དགོས་པའི་འབོད་བསྐུལ་དང་། བོད་ལྗོངས་དཔེ་མཛོད་ཁང་ཆེན་མོས་དམངས་ཡོངས་དཔེ་ཀློག་ལ་སྐུལ་བའི་གྲོས་འདོན་ཡི་གེ་བཀྲམས་ཤིང་། སི་ཁྲོན་དང་མཚོ་སྔོན་སོགས་ཞིང་ཆེན་རིམ་པས་དཔེ་ཀློག་དུས་ཆེན་རོལ་རྒྱུའི་འབོད་བསྐུལ་དང་སྟ་གོན་བྱེད་ཀྱིན་སྣང་བ་ལྟར། དེ་རིང་འཛམ་གླིང་དཔེ་ཀློག་དུས་ཆེན་གྱི་ལྟ་གོན་ཉིན་ཏེ། གཟའ་ཉི་མའི་གོ་སྐབས་དང་བསྟུན་ནས་ང་ཚོས་ཀྱང་དཔེ་ཆ་ཀློག་པ་དང་སྙན་ངག་གྱེར་བ། འཛམ་གླིང་དཔེ་ཀློག་དུས་ཆེན་གྱི་སྣང་ཚུལ། དཔེ་ཀློག་གི་རིན་ཐང་། དཔེ་ཀློག་གི་ཐབས་ལམ་སོགས་བགྲོ་གླེང་འདྲ་བགྱིས་ཏེ་དཔེ་ཆའི་ཞིང་ཁམས་སུ་རྣམ་ཤེས་ཐིམ་པར་བྱས་ན་ཇི་འདྲའི་ཨེ་མ་རྨད་དུ་འབྱུང་ཨང་སྙམ།

1524622059900224.jpeg
དོན་ཚན་དང་པོ། དཔེ་ཀློག་གི་རིན་ཐང་།

   རྣམ་དཔྱོད་བློ་གྲོས་ཀྱི་རྩལ་ལ་བརྟེན་ཏེ། དཔེ་ཀློག་དང་ཤེས་དཔལ་ལ་འཇུག་ཅིང་དེས་ངོ་མཚར་བའི་ཡོ་བྱད་དང་མཛེས་སྡུག་སྣ་ཚོགས་ལོངས་སུ་སྤྱོད་ཆོག་པར་སྐྲུན་ཐུབ་པ་ནི་འགྲོ་བ་མིའི་རིགས་ཀྱི་ཐུན་མིན་ཁྱད་བོན་ཡིན་ཞེས་ལབ་ན་ཅི་ཞིག་སྟོ་སྟེ། དེ་ལས་གཞན་པ་དཔའ་སྤོབས་ཀྱི་སྟེང་ནས་མི་ངར་མ་ཞེས་པའི་ཐ་སྙད་མི་ཐོག་སྟེ། སྟག་གཟིག་དོམ་དྲེད་ཀྱི་དཔའ་སྤོབས་ང་ཚོས་འགྲན་མི་ལོངས་ལ། ཤེད་ཤུགས་ཀྱིས་གླང་པོ་ཆེ་ས་ལ་རབ་བརྟན་ལྟ་བུ་སུ་ཞིག་གིས་དོ་ཡར་ཡོང་། དེ་བས་རྒྱལ་ཁམས་མང་པོར་སྐོར་བ་ནི་ཐ་ན་བྱ་བྱེའུ་དག་ཀྱང་ཤིན་ཏུ་ངར། མིག་གི་རྒྱང་མཐོང་ལྟ་བུར་མཚོན་ན་ཡང་ཐང་དཀར་རྒོད་བས་རྣོ་བ་མེད་ལ། སྣ་ཡི་རྫི་གསང་སྒོ་ཁྱིའི་དོ་ཡར་མི་ཡོང་བ་མ་ཟད། སྒྲ་འཛིན་རྣ་ཤེས་ཐད་ནས་བྱི་ལ་དང་བསྡུར་ཐབས་ཅི། གཞན་བྱམས་པ་དང་བརྩེ་བ་སོགས་སྤྱིར་བཏང་བཟང་སྤྱོད་ཀྱི་རིགས་ཤིག་ཡིན་ཀྱང་མཚོ་ལ་གནས་པའི་ཆུ་གནས་ཁག་ཅིག་ལ། མི་ལས་ཀྱང་བྱམས་སྙིང་བརྩེ་གསུམ་གྱིས་ཟིན་པ་དེང་དུས་ཀུན་གྱིས་མཐོང་བ་མངོན་སུམ་རེད། ནམ་རྒྱུན་ང་ཚོའི་འཚོ་བའི་ཁྲོད་དུའང་བྱམས་པ་དང་བརྩེ་བས་བཀླས་པའི་སེམས་ཅན་མང་པོ་མཐོང་ཐུབ་ཀྱི་ཡོད་པས། དེས་མི་དང་སྲོག་ལྡན་གཞན་གྱི་ཁྱད་པར་འབྱེད་མི་ཐུབ་ན། བསམ་ཞིང་གཞིག་ཅིང་བརྟག་ཅིང་དཔྱད་ཚེ་ང་ཚོས་ང་ཚོའི་མཚན་ཉིད་གཞན་གང་ཡང་རྙེད་པར་མི་འགྱུར་བས་དཔེ་ཀློག་རིན་ཐང་རྙེད་པ་ནི་མིའི་མཚན་ཉིད་རྙེད་པ་གཅིག་ཏུ་སྣང་།

   སྟོན་པ་གཤེན་རབ་མི་བོ་ཆེསབདེ་བར་གཤེགས་པའི་བཀའ་ལུང་ཀློག འཆད་ཉན་རྩོད་རྩོམ་དྲི་བ་གླེང་ཞེས་དང་། དབྱིན་ཇིའི་རྩོམ་རིག་མཁས་ཅན་   ཤེག་སེ་ཕེར་(1564—1616)གྱིས། འཚོ་བ་ལ་དཔེ་ཀློག་མེད་ན་འཇིག་རྟེན་ལ་ཉི་མ་མེད་པ་དང་འདྲ། བློ་གྲོས་ལ་དཔེ་ཀློག་མེད་ན་བྱེའུ་ལ་གཤོག་སྒྲོ་མེད་པ་འདྲཞེས་གསུང་འདུག་པ་ལྟར་དཔེ་ཀློག་གི་རིན་ཐང་ཤིན་ཏུ་གལ་ཆེ་བར་མཐོང་། གོང་དུ་ཞུས་ཟིན་ལྟར། མིའི་རིགས་འདིའི་རིན་ཐང་གཙོ་བོ་ནི་ལྷན་སྐྱེས་ཀྱི་བློ་གྲོས་དང་དེའི་སྐྲུན་པའི་ཤེས་རིག དཔེ་ཀློག་སོགས་ལས་མངོན་དགོས་པས་མི་ཞིག་ལ་མཚོན་ན་དཔེ་ཀློག་མེད་ཕྱིན། དེའི་འཚོ་བ་ནི་ཤི་མ་གསོན་དང་ཡང་ན་མུན་པ་ཇི་བཞིན་དུ་གནས། ལྷན་སྐྱེས་ཀྱི་བློ་གྲོས་དེ་ཡང་དཔེ་ཀློག་རྩི་ཡིས་ལེགས་པར་མ་གསོས་ན། བྱེའུ་ཡི་གཤོག་པ་ཆད་པ་དང་མཚུངས་པས་བྱ་བྱེའུ་ཡི་རིགས་ལ་ཐུན་མིན་གྱི་རིན་ཐང་ཅི་ཡོད་ཅེ་ན། ནམ་འཕངས་སྤྱོད་པའི་གཤོག་རྩལ་ལྡན་པ་དེ་ཙམ་ཡིན་པས། གལ་ཏེ་དེ་དང་བྲལ་ན་ཁོའི་རང་ཚུགས་ཀྱི་རིན་ཐང་ཡོད་ཚད་ཉམས་ཟིན་པས་མི་ཚེའི་རིན་ཐང་ཡང་དཔེ་ཀློག་གིས་རམ་འདེགས་མ་བྱས་ན་དེ་དང་གཉིས་སུ་མེད་པ་ཉིད་དོ།།

   དབྱིན་ཇིའི་མཚན་ཉིད་རིག་པ་མཁན་དང་བསམ་བློ་རིག་པ་མཁས་ཅན། པ་ཁོན། (1561—1626)ཞེས་པ་ལ་ཚིག་གསུམ་འདུག་པ་འདིར་དྲངས་ན།དཔེ་ཆ་བཀླགས་པས་མིའི་ཀླད་པ་འཛོམས་པོར་བྱེད་ལ། བགྲོ་གླེང་བྱས་པས་ཡིན་མིན་རྟོགས་པར་འགྱུར། ཟིན་བྲིས་བཏབ་པས་ཤེས་བྱ་ཡང་དག་ཅན་དུ་བྱེད།”ཞེས་པ་འདི་གཅིག་རེད། དཔེ་ཆས་མིའི་ཀླད་པའམ་བློ་གྲོས་ལ་རམ་འདེགས་སམ་མཐུ་ནུས་རྩལ་བས་དཔེ་ཀློག་ཐབས་སུ་རྩལ་ནས་མིའི་བློ་རིག་ཕུན་སུམ་ཚོགས་པ་དེ་ཉིད་ཇེ་རྒྱས་ཇེ་ལེགས། ཇེ་འཛོམས་སུ་གཏོང་དགོས་པ་རེད་ལ་དེ་ཡང་རང་གཅིག་པུས་དཔེ་ཀློག་བྱས་ཙམ་གྱིས་དེ་འདྲའི་ཕུན་ཚོགས་སུ་བསྒྱུར་མི་ཐུབ་པས་དེ་དང་འགྲུས་གཅིག  ནས་མྱུག་ལ་ས་བོན་ཙམ་གྱིས་མི་ཡོང་བར་ཆུ་ལུད་དྲོད་གཤེར་སོགས་འཛོམ་ན་ད་གཟོད་མྱུ་གུ་སྨིན་པ་ཇི་བཞིན། གཞན་དང་བགྲོ་གླེང་དང་ཟིན་བྲིས་ཀྱིས་ཞིབ་ཚག་ཏུ་བཟོ་ཡི་ཡོད། དེ་ཙམ་གྱིས་ཅིས་ཚད་དེ། བགྲོ་གླེང་དང་ཟིན་བྲིས་འདེབས་པ་ནི་མི་བརྗེད་པའི་གཟུངས་བཏབ་པ་དང་འདྲ་ཤས་ཆེ་བར་སེམས། དེང་དུས་རྒྱ་ནག་ལ་མིང་དུ་གྲགས་པའི་མཁས་པ་ཆིན་ལེ་ཆོན།(1939—)གྱིས་འདི་སྐད་དུ། “ཁྱོད་རང་སློབ་ཁང་དུ་བསྡད་ནས་དགེ་རྒན་གྱི་སློབ་ཁྲིད་ལ་ཉན་པ་དང་། དཔེ་མཛོད་ཁང་དུ་བསྡད་ནས་དཔེ་ཆ་རེ་རེ་ཀློག་པ་ན། ཁྱོད་ཀྱིས་ཡུལ་དུས་ཀྱི་བཀག་རྒྱ་གཏོར་ནས། ལེ་དབར་སྟོང་ཕྲག་གི་དབར་ཐག་གིས་ཟིན་པའི་གནའ་མི་དང་ཕྱི་རྒྱལ་བར་བསམ་བློ་བརྗེ་རེས་བྱེད་ཐུབ།”ཅེས་བཤད་འདུག་པ་ལྟར། དཔེ་ཀློག་ཁྲོད་ནས་འཛམ་གླིང་ལྟད་མོ་མཐོང་ཐུབ་ཅེས་པ་ཡང་འདི་ལྟ་བུ་ལ་ཟེར་ངེས།

    སྐད་ཆ་གཉིས་པ་ནི།དཔེ་ཀློག་གི་དམིགས་ཡུལ་ནི་གཞན་ལ་ངོམ་པའམ་བདག་ཉིད་སྒྲོག་པའི་ཆེད་མ་ཡིན་པར། བདེན་ལུགས་འཚོལ་བ་དང་བློ་སྒོ་འབྱེད་པའི་ཆེད་དུ་ཡིན་དགོས།ཞེས་གསུང་གནང་བ་འདི་ཡིན་ཅིང་། དཔེ་ཀློག་པ་ལ་ནམ་ཡང་འཕྱ་སྨོད་དང་ལེ་བདའ། ཡང་ན་ཟུར་ཟ་བའི་གཏམ་དང་རྣམ་འགྱུར་བསྟན་པར་མི་བྱ་སྟེ། མ་གཞི་འདི་ལྟ་བུའི་སྣང་ཚུལ་འུ་ཅག་ལ་མ་གཏོགས་གཞན་གང་དུའང་མིག་གི་སྤྱོད་ཡུལ་ན་མེད་མོད། དེ་ལྟར་བསྟན་པས་ཀྱང་དེས་རང་ཉིད་བླུན་པོའི་གྲལ་དུ་དབྱུང་བ་ལས་ཡང་དག་པའི་དཔེ་ཀློག་པ་ཞིག་གི་བ་སྤུའི་རྩེ་མོ་ཙམ་ཡང་བསྒུལ་བར་མི་ནུས་ལ། དཔེ་ཀློག་པ་རང་གིས་ཀྱང་བདེན་དོན་འཚོལ་བའི་ཆེད། དཔེ་ཆའི་གསེབ་ཏུ་རྣམ་ཤེས་ཞུགས་པ་ལས་གཞན་གང་གི་ཆེད་དུའམ་དམིགས་ནས་དཔེ་ཀློག་ལ་འབད་པར་བྱ་མི་རིགས་སོ།། དེ་ནི་བསམ་བློ་བ་དང་རྩོམ་རིག་པ། སྒྱུ་རྩལ་པ་དང་ཚན་རིག་པ། མཚན་ཉིད་རིག་པ་དང་ལོ་རྒྱུས་རིག་པ། གང་ལྟར་རིག་ཚན་གང་དུ་གཏོགས་མིན་གྱི་དབྱེ་བ་མེད་དེ། ཡོད་ཚད་བདེན་དོན་འཚོལ་བ་ལ་རྨང་དང་དམིགས་སུ་བཟུང་དགོས་པ་ནི་གཡུར་བར་མི་བྱ་བ་ཞིག་ཏུ་སེམས་ཤིང་། གཡོ་སྒྱུ་ཅན་གྱིས་ཤེས་བྱ་ལ་མཐོང་ཆུང་བྱེད་ལ། བླུན་རྨོངས་པས་ཤེས་བྱ་ལ་ཡིད་སྨོན་བྱེད། སྤྱངས་གྲུང་ཅན་ཁོ་ནས་ཤེས་བྱ་བཀོལ་སྤྱོད་བྱེད། བཀོལ་སྤྱོད་ཀྱི་ཐབས་ཤེས་དཔེ་ཆའི་ཕྱི་རོལ་ན་ཡོད།”ཞེས་པ་ནི་པ་ཁོན་གྱི་གསུང་གསུམ་པ་དེ་རེད། འདིས་གོང་དུ་བཤད་པ་ལྟར་དཔེ་ཀློག་གིས་མིའི་རིགས་ཀྱི་ཁྱད་པར་འབྱེད་པ་ལ་བསྙོན་མི་འདིང་མོད། མིའི་ནང་ནས་མཁས་བླུན་གྱི་ཁྱད་པར་ཡང་དཔེ་ཀློག་ལ་ཁ་མིན་དང་ཡང་ན་དོན་གྱི་འཇུག་ལྡོག་བྱེད་མིན་སྟེང་ནས་འབྱེད་པར་བཤད་པ་ཅི་འདྲའི་བདེན་སྣང་ལ་ཨང་།

དོན་ཚན་གཉིས་པ། དཔེ་ཆ་བདམས་གསེས།

    ཡང་དབྱིན་ཇིའི་མཚན་ཉིད་རིག་པ་མཁན་དང་བསམ་བློ་རིག་པ་མཁས་ཅན། པ་ཁོན་(1561—1626)གྱིས། ལོ་རྒྱུས་བཀླགས་པས་མི་མཁས་པར་འགྱུར་ལ། སྙན་ངག་བཀླགས་པས་ཤེས་རབ་ཅན་དུ་འགྱུར། རྩིས་ཀྱིས་མི་ནི་ཞིབ་ཆ་ཅན་དུ་དང་། མཚན་ཉིད་རིག་པས་ཟབ་མོ་ཅན་དུ་བྱེད། སྤྱོད་ལམ་རིག་པས་མི་ཡ་རབས་བློ་སྦྱོང་ཅན་དང་། གཏན་ཚིགས་ཚིག་རྒྱན་གྱིས་ནི་མི་རྟོག་གེ་ལ་མཁས་པ་ཅན་དུ་བྱེད། མདོར་ན། ཤེས་བྱས་མིའི་གཤིས་ཀ་བཟོ་སྐྲུན་བྱེད་ཐུབ།ཅེས་བཤད་འདུག་པ་ཇི་བཞིན། སྤྱིར་བཏང་རིག་ཚན་གང་ལ་ཕྱོགས་ནས་དཔེ་ཀློག་གི་འཇིག་རྟེན་ཉུལ་བ་རང་རང་སོ་སོའི་ཁམས་དང་མོས་པས་བདམས་གསེས་བྱ་བ་ཉག་ཅིག་རེད་པས། མཐའ་གཅིག་ཏུ་ངེས་མིན་ཅི་ཆ་དེ། མཁས་པར་འདོད་ན་ལོ་རྒྱུས་ཀྱི་དཔེ་ཆ་དང་ཤེས་རབ་ཅན་ལ་དགའ་ན་སྙན་ངག  ཟབ་མོའམ་ཞིབ་ཆ་ཅན་ཞིག་བྱ་སྙམ་ཚེ་མཚན་ཉིད་རིག་པའི་དཔེ་ཆ་ཀློག་རྒྱུ་དང་ཡང་ན་དེ་ལ་འཇུག་རྒྱུ་གལ་ཆེ་བ་འདྲ། དེ་ལྟར་ན་ཡང་དེའི་ནང་ནས་འཇུག་ལྡོག་གི་གནད་ལ་མཁས་པར་བྱ་བ་ནི་ཅི་བས་འགངས་ཆེ་སྟེ། དཔེར་ན། མཚན་ཉིད་རིག་པའི་དཔེ་ཆ་ཞིག་ཀློག་པར་རྩོམ་ཚེ། གང་ཞིག་བཀླག་པའི་དཔེ་ཆ་འཕྱུག་མི་ཉེས་པ་ང་ཚོས་ཤེས་གསལ་ལྟར། སྙན་ངག་དང་ལོ་རྒྱུས་ཀྱང་དེ་མཚུངས་ལས་མ་འདས་ཏེ། དཔེ་ཆ་ཁ་ཅིག་ཡེ་ནས་མཐོང་མ་ཐུབ་ནའང་མི་སྐྱོན། ལ་ལ་གཞན་གྱིས་ངོ་སྤྲོད་ཙམ་བྱས་པས་འཐུས་ཤིང་འགའ་རེ་དཀར་ཆག་དང་སྔོན་གླེང་གཉིས་བཀླག་པས་འགྲིག་ལ། ཁ་ཅིག་འགོ་མཇུག་དུམ་བུ་དང་སྐེད་པའི་དུམ་བུ་སོགས་ཅི་རིགས་བལྟས་ན་ཆོག་འདུག  ཡང་རེ་འགའ་འགོ་མཇུག་མེད་པར་བཀླག་དགོས་ཀྱང་བམ་ཀློག་གིས་ཆོག་པ་སོགས་ཤིན་ཏུ་མང་།

    ཡིན་ན་ཡང་། དཔེ་ཆ་འགའ་ཞིག་སྐྱེས་བུ་དམ་པ་གསེར་ནག་གི་རི་འདྲ་བས་མི་ཚེའི་ལོ་ཟླ་ཡི་རྔུལ་ཆུའི་ཕྲེང་བར་བསྟར་ཏེ་འཇིག་རྟེན་དུ་སྐུ་བལྟམས་ཤིང་ཤེས་རབ་དང་མྱོང་བས་ཕྱུག་ཡོད་པས། དེ་འདྲའི་རིགས་ནི་ཞིབ་ཀློག་བྱ་དགོས་ཤིང་ཞིབ་ཀློག་གིས་མི་ཡོང་ན་ནན་ཀློག བསྐྱར་ཀློག  ཡང་ཀློག་སོགས་ཐབས་ལམ་འགའ་ཞིག་བརྒྱུད་དགོས་མ་གཏོགས་གཏིང་དཔོག་པར་མི་ཡོང་། ལ་ལ་ཞིག་གཞན་ལ་འདྲི་བ་དང་བགྲོ་བ། ཡང་ན་ཆེད་དུ་སློབ་དཔོན་གྱི་ཞབས་སེན་མཁོད་དེ་སློབ་ཁྲིད་ལ་མ་ཞུགས་པའི་དབར་ནམ་ཡང་ཟབ་མོའི་གཏིང་དང་། ཡངས་པའི་མཐའ་མི་ཆོད་པའང་ཡོད་ན་དཔེ་ཆ་བདམས་གསེས་དང་ཀློག་ཐབས་ནི་ཐོག་མ་ཉིད་ནས་འཆུག་མི་རུང་བའི་གནད་ཀ་ཞིག་ཏུ་འཁུམས། གལ་ཏེ། དེ་འདྲའི་འཇུག་ལྡོག་ལ་མཁས་པར་མ་བྱས་ན་ལུད་དང་རྡོ་སོགས་ཁ་ལ་རེག་པའི་དཔེ་ཟླར་མི་འདོད་དང་དུ་བླངས་པའི་སྐབས་ཀྱང་མང་བས་གཟབ་དགོས་པ་འདྲ།

དོན་ཚན་གསུམཔ། དཔེ་ཀློག་གི་ཁོར་ཡུག

   གུས་པའི་མྱོང་ཚོར་ལྟར་ན། དཔེ་ཀློག་ནི་ཁུ་སུམ་གྱི་འཇིག་རྟེན་ཞིག་དང་ཡུན་རིང་གི་གླགས་ཤིག་བཙལ་དགོས་པས་ཁེར་རྐྱང་གི་འཚོ་བ་ནི་ཆེས་སྟབས་བདེ་བའི་ཁོར་ཡུག་ཅིག་རེད་སྙམ། མི་སོ་སོར་ཁྱད་པར་ཡོད་སྲིད་མོད་ཁོ་བོ་ལྟ་བུར་མཚོན་ན་ཁུ་སུམ་དང་ལྷིང་འཇགས་ནི་དཔེ་ཀློག་གི་ཞིང་ཁམས་ཤིག་ཡིན། དེས་དངོས་སུ་གང་ཀློག་པའི་དཔེ་ཆའི་ཕྱི་ནང་གསང་གསུམ་དང་བླ་ཚེ་སྲོག་གསུམ་ལ་འཇུག་པའི་ཆ་རྐྱེན་བསྐྲུན་ཞིང་། དེ་ལས་ལྡོག་སྟེ། རྙོག་ལ་འུར་ཟིང་ཆེ་བ་དང་ཁྲ་ཁྲ་མག་མོག་གིས་གེགས་རྐྱེན་མཐའ་མེད་པར་བཟོ་བས་ཇི་ཙམ་ལྷིང་འཇགས་ཆེ་ན་དེ་ཙམ་དཔེ་ཆའི་གདེང་དཔོག་པར་གྲོགས་བྱེད་ན། ཁུ་སུམ་པོས་དཔེ་ཆ་ལེགས་པོ་ཞིག་ཀློག་པ་ནི་ལྷོད་སློད་ཀྱིས་ཤེས་རིག་གི་མཛོད་དང་གཉིས་སུ་མ་མཆིས་པའི་མཁས་དབང་ཞིག་དང་བགྲོ་གླེང་ཡིད་ཚིམས་པར་བྱས་དང་གཅིག་ཏུ་སྣང་།

   གནའ་བོའི་གྷི་རིག་གི་མཚན་ཉིད་རིག་པའི་ཡབ་ཆེན་གསུམ་ལས། ཕོ་ལཱ་ཐོ(BC427—347)ནི་བྱས་རྗེས་ཆེ་ཞིང་མིང་དུ་གྲགས་པ་ཞིག་ཡིན་ཞིང་། ཁོང་དགུང་ལོ་81ཐོབ་འདུག  མི་ཚེར་ཆང་ས་མ་རྒྱབ་པར་དཔེ་ཀློག་གི་འཚོ་བ་རོལ་ཏེ་བསྡད་ཅིང་གྷི་རིག་གི་མཚན་ཉིད་རིག་པའི་ཡབ་ཆེན་སོ་ཁུ་ར་ཐིའི་(BC469—BC399)ལྟ་བ་མཚོན་པའི་དཔེ་ཆ་གཅིག་ཙམ་བཞུགས་པ་དམ་པ་འདིས་ཟིན་ཐོར་བཀོད་སྐད། ཁཱ་ཧྥུ་ཁཱ་(1883—1924)ཞེས་པ་ཡང་མི་ཚེར་གཉེན་རྟགས་ཐེངས་གསུམ་རྒྱབ་ཀྱང་དོན་ལེན་མ་བྱས་པ་རེད་ཟེར། རྒྱུ་མཚན་གཙོ་བོ་ནི་ཁོའི་དཔེ་ཀློག་དང་གསར་རྩོམ་གྱི་དབུགས་རྒྱུན་འགག་པར་སྙམ་ནས་ཁས་ལེན་མ་བྱས་པ་ཡིན་སྐད།  ཁོང་ནི་འཛམ་གླིང་ལ་གསར་རྩོམ་གྱི་ནུས་པ་ཐོན་མཁན་ཞིག་རེད་འདུག  དབྱིན་ཇི་ནས་ཡིན་པའི་ཚན་རིག་པ་གྲགས་ཅན་དང་རང་བྱུང་མཚན་ཉིད་རིག་པ་མཁན། ཉེའུ་ཏུན (1643—1727)ལྟ་བུར་མཚོན་ན་ཚེ་གོང་བོར་ཁེར་རྐྱང་གི་ལོ་ཟླ་བསྐྱལ་ནས་བཞུགས་ཤིང་། ཁོང་ལ་ཤུགས་རིག་གི་ཡབ་ཆེན་ཞེས་ཚན་རིག་ཐད་ནས་ཁོང་འདྲ་བའི་མིང་གྲགས་ཅན་འགའ་ཡང་མ་བྱུང་ཟེར། མདོར་ན། གསུང་པོད་99བརྩམས་པའི་ཧྥོར་ཐེན་(1694—1778)དང་འཇར་མན་གྱི་རོལ་མོ་བ་མཁས་ཅན། རང་ཚུགས་ཤིན་ཏུ་བརྟན་པའི་པེ་ཏུའོ་ཧྥུན་(1770—1827)་སོགས་འཛམ་གླིང་ཤར་ནུབ་ན་གྲགས་པ་མཐོ་བ་མང་པོ་ཞིག་ཁེར་རྐྱང་གི་འགྲོ་ལམ་ཞིག་བརྒྱུད་འདུག་པ་འདི། དཔེ་ཀློག་དང་རྩོམ་འབྲི་སོགས་ཤེས་རིག་ལ་གློ་བ་དཀར་ཞིང་གཞུང་དྲང་ལ་རྩེ་གཅིག་གིས་འཇུག་པའི་ཆ་རྐྱེན་དུ་ལམ་ལ་ཆས་པར་གྲགས། བུད་མེད་ཀྱི་ཁྲོད་ན་ཡང་འདི་འདྲ་བ་འདུག་སྟེ། དཔེར་ན། དབྱིན་ཇིའི་རྒྱལ་མོ་ཡེ་ལེ་ཧྲ་པད་སྐུ་ཕྲེང་དང་པོ་ཞེས་པ་དེ་ནི་བུད་མེད་ཀྱི་ཁྲོད་དུ་བརྙེན་སྒྲིག་བྱེད་མ་མྱོང་བའི་གྲགས་ཅན་མི་སྣ་ཞིག་རེད་འདུག  འདིས་དབྱིན་ཇིའི་རྒྱལ་ཁབ་སྟོབས་འབྱོར་དཔའ་གསུམ་འཛོམས་པར་བྱས་ཞེས་དབྱིན་ཇིའི་ལོ་རྒྱུས་ཀྱི་རྡོ་རིང་ཟུབ་མེད་ཀྱི་མཛད་རྗེས་ཡོད་འདུག

  འུ་ཅག་རབ་བྱུང་ཕོ་མོ་ལྟ་བུར་མཚོན་ན་སྤྱིར་བཏང་དམིགས་པ་གཞན་དང་དགོས་པ་གཞན་ཞིག་གིས་རབ་ཏུ་བྱུང་སྟེ་ཁེར་རྐྱང་དབེན་གནས་བཟུང་བ་ཡིན་ཀྱང་། ཟུར་གཞན་ནས་འདིས་དཔེ་ཀློག་དང་རྩོམ་འབྲི་སོགས་ཤེས་ཡོན་གྱི་ལས་ལ་ཞུགས་པའི་ཆ་རྐྱེན་ཕུན་སུམ་ཚོགས་པ་རང་བཞིན་གྱིས་བསྐྲུན་འདུག་པས། ཉེ་བའི་བྱུང་རབས་ལ་ཞིབ་བལྟས་བགྱིས་ན་རང་རེའི་ཤེས་ཡོན་པའམ་མཁས་མིང་འཛིན་པ་ཕལ་ཆེ་བ་ནི་རབ་ཏུ་བྱུང་བའི་དབེན་ས་བཟུང་མྱོང་མཁན་རྐྱང་རྐྱང་ལྟ་བུར་མཐོང་བ་འདིས་བག་ཙམ་ར་སྤྲོད་བྱེད་ཅིང་། དངོས་སུ་མྱོང་བ་ཡོད་མཁན་ཞིག་ལ་མཚོན་ན་དེ་འདྲའི་ཚོར་སྣང་དག་མ་ཞིག་ཅི་ལ་སྐྱེ་རྒྱུ་མེད་ཨང་བསམ། དེང་དུས་སྤྱི་ཚོགས་སུ་སློབ་གྲྭ་ཆེ་མ་ཆུང་གསུམ་བཙུག་ཅིང་རིམ་པས་ལོ་ཡི་སྐས་རིམ་བརྒྱུད་དེ་རིག་པའི་གནས་ལ་འཇུག་ཅིང་། གནས་སྐབས་ཁྱིམ་ཐབས་བཟུང་བ་རྒྱང་དུ་སྐྱེད་པ་དེ་ཡང་འདི་ལྟ་བུའི་དམིགས་གཏད་ཅིག་གིས་ཅི་ལ་མིན་འདོད།

དོན་ཚན་བཞི་པ། དཔེ་ཀློག་དང་བསམ་གཞིག

   བསམ་གཞིག་ནི་ཆེས་གལ་ཆེ་བ་ཞིག་སྟེ། འཇར་མན་གྱི་མཚན་ཉིད་རིག་པ་བ་ཞོ་ཕེན་ཧ་ཝུར། (1788—1860)ཞེས་པས། དུས་རྟག་ཏུ། རྟ་གོང་ན་ཡོད་པའི་མི་དེའི་རྐང་རྩལ་ཅིས་ཀྱང་ཉམས་ཡོད་པ་ལྟ་བུའོ།།ཞེས་གསུང་འདུག་པ་ལྟར། དུས་ནམ་ཡང་དཔེ་ཀློག་ཙམ་དང་དཔེ་ཆའི་རྗེས་སུ་བསྙེགས་རྐྱང་ཁོ་ན་ལས་རང་སྟོབས་བསམ་གཞིག་ལ་མི་དགྱེས་པ་དང་། ཡང་ན་གོམས་ལོབ་མེད་པ་ཞིག་ལ་མཚོན་ན་དེས་དྲེད་མོང་གིས་ཕྱུ་བ་བཟུང་བ་དང་འདྲ་བར་ཕྱོགས་གཅིག་ཟིན་ཀྱང་སྣེ་གཉིས་ཤོར་བར་འདུག་པ་མ་ཟད། དཔེ་ཀློག་ལས་ཐོབ་པ་མེད་ཅིང་བརྒྱ་ལ་ཅུང་ཟད་རེ་ཡོད་ཀྱང་དེ་ལས་གལ་ཆེ་བ་ལྷན་སྐྱེས་བློ་གྲོས་ཀྱི་གཟི་དཔལ་ཉམས་པས། བསམ་གཞིག་མེད་པའི་དཔེ་ཀློག་ནི་དྲན་གཡོག་དང་འདྲ་ཚུལ་མང་དག་ཅིག་གིས་བསྙད་པ་ཅིས་མ་བདེན། ཡ་ཧུ་དཱ་པ་རྣམས་ཀྱི་བཤད་སྲོལ་ལ། “དོགས་སློང་དང་བསམ་གཞིག་མེད་པའི་དཔེ་ཀློག་པ་ནི་དཔེ་མང་རྒྱབ་ལ་ཁུར་བའི་བོང་བུ་ཞིག་དང་ཅིས་མི་འདྲ།ཞེས། གཞན་གྱི་དཔེ་ཆ་ཀློག་པ་དང་མཉམ་དུ་རང་ཉིད་ཀྱི་ཤེས་རབ་རྩལ་ཁ་ལས་འཁྲུངས་པའི་བསམ་གཞིག་ཀྱི་རྩིས་མ་ཟིན་པའི་དཔེ་ཆ་བ་ལ་མཐོང་ཆུང་བྱེད་པ་འདྲ། དཔེ་ཀློག་ལ་བསམ་གཞིག་མེད་ན་བྱེའུ་ལ་གཤོག་སྒྲོ་ཡ་གཅིག་ཆད་པ་དང་འདྲ་ཚུལ་ནུབ་གླིང་མཁས་པ་དག་གིས་གསུང་གི་ཡོད་པ་དང་། མཉམ་མེད་ཤེས་རབ་རྒྱལ་མཚན་(1356—1415)གྱིས།ཐོས་པའི་སོ་འཛུགས་ན། །སྒྲོ་འདོགས་གཡུལ་ལས་རྒྱལ། །བསམ་གཞིག་སྒྲོན་གསལ་ན། །སྲིད་པའི་མཛོད་ཕུག་མཐོང་། །ཞེས་པའི་གདམས་པ་ནི་ཟབ་ཅིང་བརླིང་བ་ཞིག་ཨང་།

1524622059263053.jpegམཇུག་གཏམ།

   འཛམ་གླིང་དཔེ་ཀློག་དུས་ཆེན་གྱི་སྟ་གོན་ཉིན་ཏེ། གཟའ་ཉི་མའི་གོ་སྐབས་དང་བསྟུན་ནས་“འཛམ་གླིང་དཔེ་ཀློག་ཉིན་མོ”ལ་སྲུང་བརྩི་ཞུ་ཆེད། སྦྲ་ཆེན་ཀླུ་ཕུག་དགོན་ཆེན་དུ་དཔེ་ཆ་བ་བཅུ་ཕྲག་གདན་འཛོམས་ཐོག  དཔེ་ཆ་ཀློག་པ་དང་སྙན་ངག་གྱེར་བ། སྤྱིར་འཛམ་གླིང་དཔེ་ཀློག་སྣང་ཚུལ། དཔེ་ཀློག་གི་རིན་ཐང་། དཔེ་ཀློག་གི་ཐབས་ལམ་སོགས་བརྗོད་བྱར་བཟུང་ནས། «དཔེ་ཀློག་གི་འཇིག་རྟེན»ཞེས་པའི་ཁ་བྱང་སྟེང་ནས་ཇ་འཐུང་ཞོར་ཁ་བརྡ་བྱས་པའི་གཏམ་བཤད་ཟིན་ཐོ་ལ་ཅུང་ཙམ་འཕྲི་བསྣོན་བྱས་ཏེ།

2018/4/23ཉིན་ཀླུ་ཆུ་སྔོན་མོ་ལྷུང་ལྷུང་བཞུར་བའི་ས་མཐོ་དབེན་པའི་རི་གྲོང་ནས་རང་ཤག་དཔེ་སྤུངས་པ་རིག་པའི་དོ་རར་ཏཱ་དབེན་ཤེར་དབང་དུ་འབོད་པས་བྲིས།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།