གཤེན་སྟོན་ནམ་མཁའི་མཛད་རྣམ།

[ཟླ་ཚེས། 2018-07-14 10:56:22][རྩོམ་པ་པོ། གཤེན་བཙུན་ཉི་མ་འོད་ཟེར།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

   གཤེན་སྟོན་ནམ་མཁའི་མཛད་རྣམ་དང་གཤེན་གྱི་གདན་ས་བོ་དོང་ཁའི་བྱུང་བ་གླེང་བ།

1531537111130756.jpg

དམུ་རྒྱལ་གཤེན་གྱི་ཐུགས་བསྟན་གཉེར་དཔོན་རྗེ།       དམུ་གཤེན་དྲན་པ་ལ་སོགས་རིགས་འཛིན་རྣམས།      
དམུ་རིགས་སྲས་སུ་མཚན་དཔེ་གཟི་གདངས་འབར།       དམུ་དབང་རྒྱུད་དང་བཅས་པ་གཙུག་ཏུ་མཆོད།

   ཇི་སྐད་དུ། གར་སྐྱེས་རང་གི་སྐྱེས་རྒྱུད་མ་ཤེས་ན། །ནགས་གསེབ་རང་དགར་རྒྱུ་བའི་སྤྲེལ་འཁྱམས་འདྲ། །རིགས་རུས་ཆོ་འབྲང་གང་ཡིན་མ་ཤེས་ན། །གཡུ་འབྲུག་ཟོལ་མ་བཅོས་པའི་དབྱིབས་དང་འདྲ། །ཡབ་མེས་རྣམས་པའི་ཡིག་ཚང་མ་ཤེས་ན། །མོན་ཕྲུག་ཡུལ་བོར་དོན་མེད་ཡན་པ་འདྲ྄། ཞེས་གསུངས་པ་བཞིན་མཛད་རྣམ་དེ་མ་གླེང་གོང་དམ་པ་འདི་དག་གི་ཕ་ཚ་མ་ཁུངས་ཞིག་ཤེས་དགོས་པའི་ཆ་ནས། དང་ཐོག་སྲིད་འདིེར་འདྲན་ཟླ་ཡོངས་སུ་བྲལ་བའི་དམུ་རིགས་ལྷ་ཡི་གདུང་རབས་འདི་ནི་ལོ་རྒྱུས་ཀྱི་ཁུངས་ཤིན་ཏུ་རིངས་པ་ཡིན་ཏེ། སྤྱིར་འཛམ་གླིང་དུ་དམུ་གཤེན་བྱོན་ཚུལ་དང་བོད་དུ་དམུ་གཤེན་བྱོན་ཚུལ་སོགས་མང་ཡང་འདིར་ཚང་མ་བཤད་དུ་མི་ཚར་ཏེ། དང་ཐོག་མ་ནས་དམུ་རྗེ་བཙུན་པོ་དང་དམུ་རྒྱལ་འབུམ་རྗེ་འོད་ཀྱི་འཁོར་ལོ་ཅན་སོགས་ནས་རིམ་པས་སྟོན་པ་གཤེན་རབས་མི་བོ་ཆེའི་ཡབ་མེས་དམུ་རྒྱལ་འཐེན་དགུ་སོགས་བྱུང་ཞིང་དེ་ནས་རིམ་གྱི་གདུང་རྒྱུད་ཀྱི་རྒྱལ་པོ་སྡེ་དྲུག་ཞེས་ཡོངས་སུ་གྲགས་པ་ལས་དམུ་གཤེན་ལྷ་ཡི་གདུང་འདིར་བདག་ཅག་གི་སྟོན་པ་རྫོགས་པའི་སངས་རྒྱས་ཀྱིས་གཟིགས་དགོངས་ཐུགས་ལ་བཀྲམས་ཏེ་མི་མཇེད་འཇིག་རྟེན་ཞིང་འདི་འདུལ་བར་བྱོན། མཛད་པ་རྣམ་པ་བཅུ་གཉིས་ཀྱི་ནང་ཚན། འགྲོ་འདུལ་སྲས་སྤྲུལ་པའི་མཛད་པ་སྟོན་གནང་མཛད་དེ་ཁབ་ཀྱི་གཙོ་བོ་ལྔ་བཞེས་པའི་ནང་ནས་རྐོང་ཟ་ཁྲི་ལྕམ་གྱི་སྲས་ཀོང་ཚ་དབང་ལྡན་ལ་དམུ་རིགས་ཀྱི་རྒྱལ་ས་འཛིན་པའི་ལུང་ཕོག་  དེ་ནས་ཆེ་རྒྱུད་འབྲིང་རྒྱུད་ཆུང་རྒྱུད་ཞེས་གསུམ་དུ་གྱེལ་ཏེ་རིམ་གྱི་བྱུང་ཞིང་།      དེ་ཡི་རྒྱུད་པ་རྣམས་བོད་ཀྱི་བཙན་པོ་རིམ་བྱོན་གྱི་སྐུ་གཤེན་གནང་ནས་གཤེན་ཞེས་པ་དེ་རིམ་གྱི་དམུ་ཡི་ཚབ་བྱས་ནས་རུས་མིང་དུ་འགྱུར་ཞིང་རྒྱལ་གཤེན་བསྟན་པ་མཉམ་ཆགས་ཞེས་ཡོངས་སུ་གྲགས། ཕྱི་དར་དུས་སུ་མེས་བཀྲ་གསལ་ཀླུ་ཡི་རྒྱལ་པོ་མདོ་སྨད་ནས་ཡར་བྱོན་ཏེ་གདམ་གྱི་ཅོག་རོ་རྒྱུད་འབྲིག་ཕྱོགས་སུ་ཕེབས་དེའི་རྗེས་སུ་གཤེན་ཆེན་ཀླུ་དགའ་ལ་སོགས་རིམ་གྱི་བྱུང་ཞིང་བླ་ཐོག་ཁ་ཤེས་ནས་གཤེན་དམ་པ་རྒྱལ་ཚབ་༼༡༠༥༠ - ༡༡༣༩༽ལྕགས་སྟག་ལོར་འཁྲུངས། དམ་པ་རྒྱལ་ཚབ་ཀྱིས་ཞུ་སྒྲོལ་བ་གཤེན་རྒྱལ་དང་བྲུ་ཤ་ཁྱུང་གི་རྒྱལ་མཚན་གཉིས་ཀྱི་དྲུང་ནས་བོན་གྱི་གཞུང་ལུགས་མཐར་ཕྱིན་པར་སྦྱངས་པ་གནང་། རབ་བྱུང་དང་པོའི་ནང་བོ་དོང་ཁ་ཞེས་པ་རུ་བླ་བྲང་བྱུང་ཞིང་དགོན་པ་བཞེངས་ནས་བསྟན་པ་སྤེལ་བའི་ལོ་རྒྱུས་ཆགས་ཡོད། དགོན་འདི་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་དཀྱིལ་ཙམ་ནས་དུས་རབས་བཅུ་གསུམ་པའི་དུས་སྒོ་ཙམ་ལ་བྱུང་བ་ཞིག་ཡིན་དེང་གི་ཆར་གཡས་རུ་གཙང་སྟོད་ལྷ་རྩེ་རྫོང་བཀྲ་ཤིས་སྒང་ཤང་བོ་དོང་ཚོན་བོ་དོང་ཕྱོགས་ལས་རྣམ་རྒྱལ་གྱི་གདན་ས་ཨེ་ཆོས་སྡེ་དགོན་གྱི་ལྷོ་ཕྱོགས་སྐུ་འབུམ་གྲོང་ཚོའི་ཁོངས་སུ་མངའ་ཤུལ་དུ་ལུས་ཡོད། སྐུ་འབུམ་གྲོང་ཚོ་ཞེས་པ་འདི་ནི་སྔོན་ཆད་རྙིང་མའི་སྔགས་འཆང་ཞིག་གི་བླ་བྲང་གི་མིང་ཡིན་ཞིང་ཕྱིས་སུ་བླ་བྲང་གི་མིང་དེ་ས་མིང་དུ་ཆགས་ཡོད་ལ་དེང་སང་ཡང་རྙིང་མའི་སྔགས་འཆང་གི་བླ་བྲང་དང་རྒྱུད་པ་རྣམས་གྲོང་ཚོ་དེའི་ནང་ཞུགས་ཡོད། གུས་པ་ས་དེར་དངོས་སུ་བཅར་བ་ཡིན་སྟབས་ལེགས་པ་ཞིག་ལ་སྔགས་འཆང་དེའི་རྒྱུད་འཛིན་སྤོའོ་བཀྲ་ཤིས་དབང་རྒྱལ་ལགས་ཞུ་བ་དགོང་ལོ་དོན་གསུམ་ལ་ཕེབས་པའི་བགྲེས་སོང་ཁོང་བཞུགས་འདུག

1531537111882151.jpg

   ཁོང་གིས་གསུང་དོན་ལྷོ་རིའི་སྟེང་བོན་གྱི་དགོན་པ་ཆགས་ཤུལ་ཡོད་ལ་གནས་དེར་ཆུ་མགོ་ཞིག་ཡོད་པ་དེར་བོན་པོའི་ཆུ་མགོ་ཟེར་གྱི་ཡོད།

1531537111168168.jpg

   བགྲེས་སོང་ཁོང་གིས་ཕེབས་རོགས་ལ་བརྟེན་གནའ་ཤུལ་ཡོད་ས་དེར་ངེད་གཉིས་རྐང་ཐང་དུ་ལམ་ལ་ཆས་པ་ཡིན་དུས་ཚོད་སྐར་མ་བཞི་བཅུ་ཙམ་སོང་རྗེས་ལ་མགོར་འབྱོར་བྱུང་།  ལ་མགོ་དེར་ཞབས་རྗེས་ཞིག་འདུག་ཞབས་རྗེས་དེ་ལ་ཡུལ་ལུང་དེའི་མི་རྒན་དར་གཞོན་གསུམ་ཚང་མས་གླན་པའི་ལ་རུ་བོན་པོའི་ཞབས་རྗེས་ཡོད་ཞེས་ཟེར་གྱི་ཡོད་ཞེས་གསུང་བྱུང་།  ཁོང་གིས་གསུང་དོན་གཤེན་ཚང་བླ་མས་ཞབས་གཡས་པ་རྡོ་ཕ་བོང་འདིའི་སྟེང་བཞག་ཏེ་དར་ཞིག་ནམ་མཁར་གཡུག་པས་དར་དེ་ཕུར་ཏེ་དར་ལྡིང་སུ་ལྡིང་པས་ན་གནས་དེར་དགོན་པ་ཕྱག་འདེབས་རྒྱུའི་རྟེན་འབྲེལ་འདུག་ཞེས་གསུངས་རྒྱུན་ཡོད་པ་ང་ཚོའི་རྒན་རབས་རྣམས་ཀྱིས་ཀྱང་ངག་རྒྱུན་དུ་གསུངས་གི་འདུག་ཞེས་ཁ་གསལ་དུ་གསུང་བྱུང་། ཞབས་རྗེས་དེ་དར་ལྡིངས་ལ་ཞལ་གཟིགས་ཏེ་འཇོག་གནང་འདུག

1531537111332119.jpg

   ཡིན་ཀྱང་ཞབས་རྗེས་འཇོག་གནང་མཁན་གྱི་བླ་མའི་མཚན་གསུང་རྒྱུ་མི་འདུག་ཏེ་གཤེན་གྱི་གདན་ས་དར་ལྡིངས་སུ་ཕྱག་འདེབས་མཁན་ནི་ཡོངས་སུ་གྲགས་པ་གཤེན་ཀུན་མཁྱེན་ཡེ་ཤེས་བློ་གྲོས་ཡིན་སྟབས་ཞབས་རྗེས་དེ་གཤེན་ཀུན་མཁྱེན་ཡེ་བློའི་ཞབས་རྗེས་མིན་ནམ་སྙམ་གི་ཡོད། དེ་ནས་ཡར་སྐར་མ་བཅོ་ལྔ་ཙམ་ཕྱིན་པས་སྔར་དམུ་རྒྱལ་གཤེན་གྱི་རིག་འཛིན་གོང་མ་རྣམས་བཞུགས་པའི་གནའ་ཤུལ་དེར་འབྱོར་བྱུང་གནའ་ཤུལ་དེ་ནི་རྒྱ་ཆེ་ལ་ས་ཕྱོགས་ཉམས་དགའ་བ་རྩ་རྩི་ཤིང་མང་བ་མཐའ་བཞི་རི་བོས་བསྐོར་བ་དགོན་ཤུལ་དེའི་འགྲམ་ནས་ད་ལྟ་ཡུལ་མི་རྣམས་ཀྱིས་བོན་པོའི་ཆུ་མགོ་ཞེས་འབོད་པ་དེ་ཁ་ནུབ་ཏུ་བལྟས་ཏེ་འབབ་བཞིན་འདུག

1531537111640398.jpg

   མ་ཟད་ད་དུང་གནས་དེ་ནས་ས་མདོག་གསུམ་དོན་གྱི་འདུག་གཡོན་ཕྱོགས་ནས་དམར་པོ་གཡས་ཕྱོགས་ནས་སྔོན་པོ་དབུས་དེ་ནས་ས་ནག་བཅས་ཐོན་ཡོང་གི་འདུག་ལ། ཉེ་བསྐོར་གྱི་དགོན་པ་དེ་ཚོའང་ལྷ་ཁང་གི་ཚོན་རྩི་གནས་དེ་ནས་ལེན་གྱི་ཡོད་ཅེས་བཤད་ཀྱི་འདུག་ གཤེན་དམ་པ་རྒྱལ་ཚབ་ལ་སྲས་བཞི་འཁྲུངས་པའི་རྒན་པ་ནི་ཇོ་བཀྲ་ཞེས་པ་དེ་ཡིན། གཤེན་ཇོ་བཀྲས་མཇེད་ཀྱི་འོལ་མོ་སྟག་ཚང་ཞེས་པའི་ས་ཆར་གདན་ས་བཟུང་། དེ་ནི་བོ་དོང་ཁ་དང་ཐག་མི་རིང་བའི་སར་ཡོད། གཤེན་ཇོ་བཀྲ་ལ་སྲས་བཞི་འཁྲུངས་པའི་ནང་གི་ད་ལན་འདིར་སྐབས་སུ་བབ་པའི་བརྗོད་དོན་གཙོ་བོ་རྗེ་བཙུན་ཡར་མེ་བའི་ཐུགས་ཀྱི་སྲས་ཆེན་གཤེན་སྟོན་ནམ་མཁའ་རྒྱལ་མཚན་ནི། དྲན་པའི་ཞལ་ནས། ང་ཡི་མཆོག་གི་སྤྲུལ་པ་ལ། །གཤེན་ལ་ནམ་མཁའི་ཚན་ཅན་བྱུང། །གསང་སྔགས་གོ་ལམ་དོན་རྟོགས་ནས། །སྨེ་བ་ག་ཤལ་སེར་མོ་དོ། །བོན་དུ་སྡེ་སྣོད་ས་ལམ་སྟོན། །ཞེས་དང་། ལུང་ལས་ལི་འཕྱི་ཧ་རའི་སྤྲུལ་པ་ནི།  །ཚུལ་ཁྲིམས་འཛིན་པ་དམུ་རིགས་གཤེན་གྱི་གདུང་། །ནམ་མཁའི་མཚན་ཅན་དྲང་སྲོང་འབྱུང་ཞེས་མ་འོངས་ལུང་གིས་ཟིན་པའི་དམ་པ་ཁོང་གི་འཁྲུངས་ཡུལ་ནི་འདུལ་བའི་རྒྱུད་ལས་འདི་ལྟར་གསུངས་ཏེ། གཡས་རུ་གཙང་གི་བོ་དོང་ཁར་ཡབ་དམུ་གཤེན་ཆེན་པོ་ལྷ་རྗེ་ཇོ་བཀྲ་ཞེས་པ་ཁོང་ལ་སྐུ་སྲས་བཞི་བྱུང་ཡོད་པ་ལས་ཆེ་འོག་ཏེ་བོད་རབ་བྱུང་གཉིས་པའི་ས་ཕོ་འབྲུག་སྤྱི་ལོ་༡༠༨༨ལོར་གཤེན་སྟོན་ཇོ་བཀྲ་དགུང་ལོ་བཅུ་དགུའི་སྟེང་སྲས་བར་བ་ནམ་མཁའ་རྒྱལ་མཚན་སྐུ་བལྟམས་ཞེས་མཁས་དབང་བོན་རྒྱ་རིན་པོ་ཆེའི་བསྟན་རྩིས་ལས་ཀྱང་གསུངས།  ཆུང་ནས་སྐྱེས་སྟོབས་ཤེས་རབ་ཀྱི་རྩལ་རྫོགས་ཤིང་འབྲི་ཀློག་ལ་སོགས་བསྟན་པ་ཙམ་གྱིས་མཁྱེན། དགུང་ལོ་བཅུ་གཉིས་བཞེས་ཐོག་རྗེ་བཙུན་ཡར་མེ་བའི་༼སྤྱི་ལོ་༡༠༥༨ - ༡༡༣༢༽དྲུང་དུ་བཅར་ནས་གཙང་གཙུག་དང་དག་པ་དྲང་སྲོང་གི་ཁྲིམས་རྣམས་རིམ་བཞིན་བསྒྲུབས། ཚུལ་མིང་ལ་ནམ་མཁའ་རྒྱལ་མཚན་ཞེས་གསོལ། དེ་ནས་ལོ་གྲངས་བཅུ་གཉིས་བར་བླ་མའི་དྲུང་དུ་བཞུགས་ཏེ་མདོ་སྔགས་སེམས་གསུམ་ལ་ཐོས་བསམ་སྒོམ་གསུམ་གྱིས་སྒྲོ་འདོགས་ལེགས་པར་བཅད་ནས་ཤེས་རབ་གསུམ་གྱི་ཉམས་རྟོགས་ལྷག་ཏུ་འབར། ཉིད་ཀྱིས་མཛད་པའི་བཀའ་བརྟེན་ནི། འདུལ་བ་ཆེ་ཆུང་གཉིས་ཀྱི་འགྲེལ་རྒྱས། ཚིག་བཞི་བོན་གྱི་བཀའ་འཁོར་འགྲེལ་བ་དང་། ལམ་རིམ་གསུམ་བརྒྱ་བའི་ཚིག་དོན་འགྲེལ་བ། ཁྲོ་བོ་རོལ་བའི་ཕྱག་བཞེས། མེ་ལྕམ་བཙུན་མས་བསྐུལ་ངོར་ཡར་མེ་ཆེན་པོའི་རྣམ་ཐར་ལ་སོགས་བཀའ་བརྟེན་མང་དུ་མཛད། མར་སྟོན་འདའ་ཁར་ཡིག་ཆ་ཐམས་ཅད་གནང་། མཁས་བཙུན་བཟང་འཛོམས་སློབ་གྲྭའི་གཙོ་ཡིན་གསུངས། ཞུ་སྟོན་ཡེ་རིང་དྲང་སྲོང་ཁྲིམས་གནང་དུས་སློབ་དཔོན་མཛད་ཅིང་། མུ་ཆོའི་རྣམ་རོལ་གཤེན་སྟོན་ནམ་མཁའ་ཞེས་ལེགས་བཤད་ཁོ་ནས་རྗེས་འཇུག་རེ་འདོད་བཀང་། ཞེས་སྙན་གཞུང་ལས་ཀྱང་དཔེ་རུ་གསུངས། གཤེན་གྱི་འཚོགས་འདོན་ལས་ཀྱང་། འདུལ་བསྟན་ཉིན་མོར་བྱེད་ལ་སངས་རྒྱས་དང་། །སྔགས་སེམས་འཁོར་ལོ་བསྒྱུར་བར་གསང་འདུས་ཉིད། །རྒྱལ་ཚབ་མུ་ཆོ་གཤེན་གྱི་སྟོན་པར་འཁྲུངས། །ནམ་མཁའ་རྒྱལ་ཞབས་ལ་གསོལ་བ་འདེབས། ཞེས་གསུངས། ཁོང་གིས་བོ་དོང་གི་བོན་གནས་དང་འཇེད་ཀྱི་བཟུང་འོར་གཉིས་སུ་གནས་བཟུང་ལྷ་ཁང་ཁྱད་འཕགས་རེ་རེ་དང་རྟེན་བཞེངས་བཤེད་སྒྲུབ་དར་ཞེང་རྒྱས་པ་སྤེལ་ཏེ་གདུལ་བྱ་སྨིན་གྲོལ་བོན་གྱི་བཀའ་འཁོར་རིམ་པར་བསྐོར། བླ་མ་འདི་ཉིད་བོ་དོང་ཁ་དགོན་པའི་མཁན་པོ་མཛད། ཁོང་ནི་གཤེན་ཚང་གི་འདུལ་རྒྱད་འཛིན་པའི་བླ་མ་དང་པོ་དེ་ཡིན་ཞེས་འདུལ་རྒྱད་སོགས་ལས་གསུངས། རྗེས་འཇུག་བུ་སློབ་ནི། སྤྱིར་སྟོད་སྨད་བར་གསུམ་ན་བུ་སློབ་མང་ཡང་གཙོ་བོ་རྒྱལ་མཚན་ཐོག་པའི་མི་བརྒྱད་བྱུང་སྟེ། སྟོད་ལ་སྤ་སྟོན་ཡོན་ཏན་རྒྱལ་མཚན་དང་། ཡ་ངལ་བཀྲ་ཤིས་རྒྱལ་མཚན་གཉིས་སུ་བྱུང་། གཙང་པ་སྒྲ་སྟོན་ཡོན་ཏན་རྒྱལ་མཚན་དང་། ཞང་སྟོན་བསོད་ནམས་རྒྱལ་མཚན་གཉིས་སུ་བྱུང་། དབུས་པ་སུམ་ལྡན་གཡོར་པོ་དད་པ་རྒྱལ་མཚན་དང་། ༼གཡོར་པོ་མེ་དཔལ་༽ མེ་སྟོན་དཔལ་གྱི་རྒྱལ་མཚན་གཉིས་སུ་བྱུང་། མཁས་པ་གཉོས་སྟོན་ཚུལ་ཁྲིམས་རྒྱལ་མཚན་དང་། སྐུ་ཚ་ཡེ་ཤེས་རྒྱལ་མཚན་གཉིས་བཅས་བརྒྱད་དང་ཉེ་གནས་ཏ་མོ་འདུལ་བ་རྒྱལ་མཚན་ལ་སོགས་སྐྱེས་མཆོག་མཁས་གྲུབ་སྐར་ཚོགས་བཀྲ་བཞིན་བྱོན། བསྟན་པའི་གཤེན་འབྱེད་འཕྲུལ་གྱི་མེ་ལོང་རབ་གསལ་སྒྲོན་མེ་ལས། དགེ་བའི་བཤེས་གཉེན་གཤེན་སྟོན་ནམ་མཁའ་འདྲ། ལ་སྟོད་དབུས་གཙང་ཁམས་དང་བཞི་ཀ་ལ། རྒྱལ་མཚན་ཐོག་པ་གཉིས་རེ་བརྒྱད་འབྱུང་ཏེ། གཞན་ཕན་དོན་མཛད་བཤེན་བོན་འཁྲུངས་སོ་ཟེར། གང་ཟག་སྟོན་པ་འགྲོ་བ་འདྲེན་པ་རྣམས། སྐལ་ལྡན་དད་ཆེ་སྦྱངས་པའི་འཕྲོ་ཅན་ཡིན། སྤྲུལ་པའི་སྐུ་ལྟར་ཡོངས་སུ་མི་འདུལ་ཡང་། སེམས་ཅན་ལས་བཟང་ཁ་ལོ་བསྒྱུར་རོ་ཞེས། འདྲ་མིན་ཡིན་པ་རྫོགས་ཆེན་བརྒྱུད་ལས་བཤད་ཅེས་གསུངས། ཐ་མ་སྐུ་ཚེའི་མཛད་པ་མཐར་ཕྱིན་ནས་དགོང་ལོ་དོན་ལྔའི་ཐོག་༼ཆུ་རྟ་སྤྱི་ལོ་༡༡༦༢༽བོ་དོང་ཁ་རུ་འཇའ་འོད་དང་བཅས་སྐུ་ཞི་བར་གཤེགས་པའོ། ལས་ཅན་སྐྱེས་བུ་དེ་རྣམས་ཀྱི། དབང་དང་འབྲེལ་བ་གང་ཡོད་པ། ངན་སོང་གསུམ་དུ་འགྲོ་མི་སྲིད། ཕྱི་མ་རིག་འཛིན་ས་ལ་འཁོད། ཅེས་གསུངས་པ་ནང་བཞིན་དམ་པ་ཁོང་ནི་དམུ་རིགས་གཤེན་གྱི་གདུང་ལས་འཁྲུངས་པའི་སྟོན་པ་ཞིག་ཡིན་པར་བརྟེན་གཤེན་སྟོན་ནམ་མཁའ་ཞེས་ཡོངས་སུ་གྲགས་པ་ཞིག་ཡིན། གཤེན་ནམ་མཁའ་རྒྱལ་མཚན་གྱི་སྐུ་མཆེད་རྒན་པ་གཤེན་ཇོ་རྩེ་ལ་སྲས་གསུམ་འཁྲུངས་པའི་རྒན་པ་ཡེ་ཤེས་རྒྱལ་ཞེས་པ་དེས་རང་གི་ཨ་ཁུ་ནམ་མཁའ་རྒྱལ་མཚན་དྲུང་ནས་རབ་ཏུ་བྱུང་ཏེ་གཤེན་གྱི་འདུལ་རྒྱུད་འཛིན་པའི་བླ་རབས་གཉིས་པ་དེ་ཡིན། གཤེན་ཡེ་ཤེས་རྒྱལ་གྱི་སྐུ་མཆེད་ཆུང་བ་གཤེན་ཇོ་རྒྱལ་ལ་སྲས་གཉིས་འཁྲུངས་རྒན་པ་བློ་གྲོས་སེང་གེ་རབ་དུ་བྱུང་ཏེ་འདུལ་རྒྱུད་བླ་རབས་གསུམ་པ་དེ་ཡིན། ཆུང་བ་ཤེས་རབ་རྒྱལ་མཚན་ལ་ཞུ་བཟའ་ཁྱེའུ་འདྲེན་ཁབ་ཏུ་བཞེས་ཏེ་སྲས་གསུམ་འཁྲུངས་པའི་རྒན་པ་ཁྲི་སྐྱོང་དར་པོ་རབ་ཏུ་བྱུང་ནས་མཚན་ལ་ཡེ་ཤེས་བློ་གྲོས་ཞེས་གསོལ་ནས་གཤེན་གྱི་བླ་རབས་བཞི་པ་དེ་ཡིན། 

   གཤེན་ཡེ་ཤེས་བློ་གྲོས་ནི་གཤེན་ཆེན་ཀླུ་དགེའི་རྗེས་སུ་བྱུང་བའི་བླ་མ་སྙན་གྲགས་ཅན་ཞིག་རེད། དམ་པ་ཁོང་གིས་གཞི་ནས་རབས་བྱུང་བཞི་པའི་ནང་ད་ལྟའི་གདན་ས་དར་སྡིངས་སུ་དགོན་པ་གོང་འོག་གཉིས་བཞེངས་ཏེ་ཁོང་གདན་ས་དར་སྡིངས་སུ་མཁན་རབས་དང་པོ་དེ་མཛད། དམ་པ་ཁོང་ནི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་མཆོག་ཞིག་ཡིན་སྟབས་ཕྱིས་སུ་གཤེན་ཀུན་མཁྱེན་ཡེ་ཤེས་བློ་གྲོས་ཞེས་ཞུ་སྲོལ་ཆགས་ཡོད། དེ་གཤེན་གྱི་གདུང་རྒྱུད་དང་འདུལ་རྒྱུད་མུ་ཏིག་ཕྲེང་ལ་བརྒྱུས་པ་ལྟར་རྒྱུན་མ་ཆད་པར་དར་སྡིངས་གཤེན་གྱི་གདན་ས་རུ་དུས་ད་ལྟ་ཡང་གནས་ཡོད་པའི་བསྐོར་ནི་དེ་སྔ་བྲིས་ཟིན་པར་བརྟེན་འདིར་ཟློས་སྐྱོན་དུ་འགྲོ་བས་མི་གླེང་ངོ་། གཤེན་མཁས་གོང་མའི་ཟབ་འདམ་བདུད་རྩིའི་རླབས། བདག་ཡིད་པད་མོའི་ཚལ་དུ་འཕྲོས་པ་ལས།   བདག་གིས་འགྲོ་བཏགས་མ་ཡིན་དངོས་གྲུབ་བཏུངས། བདག་ཀྱང་དམ་པ་གང་གིས་བསྐྱང་གྱུར་ཅིག ཞེས་གཤེན་གྱི་སྔོན་བྱུང་གི་ལོ་རྒྱུས་འདི་རིགས་དེང་གི་དྲྭ་ལམ་སོགས་གང་དུ་ཡང་བརྗོད་མཁན་མེད་པར་བརྟེན་དེ་ཚོའི་བསྐོར་ཤེས་མཁན་ཡང་ཉུང་ལ་ལྡོག་ཏུ་མེད་པའི་ལོ་རྒྱུས་འདི་དག་ཀྱང་ཕྱིས་འབྱུང་གི་འཕྲང་ལམ་ཁྲོད་སྟོང་ཆའི་གུག་རྟགས་ཞིག་ཏུ་འགྱུར་ཉན་ཆེ་བར་བརྟེན་གུས་གཤེན་བཙུན་ཉི་མ་འོད་ཟེར་དུ་འབོད་བས་མི་ཆུང་བསམ་དཀར་གྱི་ཚུལ་དུ་བྱས་ཏེ་ཟིན་བྲིས་སུ་ཕབ་པའོ།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།