མཁས་དབང་དཔལ་ལྡན་ཚུལ་ཁྲིམས།

[ཟླ་ཚེས། 2014-10-09 14:31:24][རྩོམ་པ་པོ། གཟི་གཡང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

མཁས་དབང་དཔལ་ལྡན་ཚུལ་ཁྲིམས་ཀྱི་སྐུ་ཚེའི་ལོ་རྒྱུས་མདོར་བསྡུས།
dcbfb044c2fadc904f90c1c6874e9aaa.jpg
༧ མཁས་དབང་དམ་པ་གང་གི་ཁྱིམ་འཁོར་དང་བཅས་པའི་འདྲ་པར།

   མཁས་དབང་དམ་པ་དཔལ་ལྡན་ཚུལ་ཁྲིམས་མཆོག་ནི། ཕྱི་ལོ་༡༩༠༠ ལོར་ཕ་དམ་པ་གཙང་ཚ་(རུས་མིང་)དང་མ་ངོ་ཆེའི་རུས་རྒྱུད་ནས་ཡིན་པའི་ཡུལ་མདོ་ཁམས་དངུལ་རྫའི་སྒང་སྟོད་སེ་ཆེན་ཧོར་གྱི་མངའ་རིས་སུ་དལ་རྟེན་རྙེད། ཁོང་གི་ཕ་ཡུལ་གྱི་དགོན་ནི་རབ་ཡིད་ཤིང་བྱི་ལོར་ཨ་སྐྱིད་སྔགས་འཆང་བསོད་ནམས་གཡུང་དྲུང་གིས་ཕྱག་བཏབས་པའི་ཧོར་དྲུག་ཅུའི་དགོན་པ་ཕུར་དགོན་གཡུང་དྲུང་འོ་ཚལ་གླིང་ཡིན། སྔགས་གྲྭ་ཉིས་བརྒྱ་སྐོར་ཡོད་པའི་སྒྲུབ་སྡེ་ལྷ་ཁང་རྟེན་གསུམ་དུས་མཆོད་བཅས་ཕུན་སུམ་ཚོགས་པ་ཡོད། རྒན་དམ་པ་དཔལ་ཚུལ་གྱིས་གཤེན་སྤྲུལ་ཐུགས་རྗེ་ཉི་མའི་སྐུ་མདུན་ནས་དབང་ལུང་གདམ་པ་རྣམས་བུམ་པ་གང་བྱོའི་ཚུལ་དུ་ཞུས། ༸རྒྱལ་བ་སྨན་རིའི་ཁྲི་འཛིན་ཉེར་བརྒྱད་པ་ཕུན་ཚོགས་བློ་གྲོས་དལ་བཟང་པོ་མཆོག་གི་དྲུང་ནས་རབ་བྱུང་གྲུབ། དེ་ནས་གཡུང་དྲུང་གླིང་དགོན་དུ་རང་གི་ཞང་པོ་བཟང་རྒྱལ་དང་མཉམ་སྒྲིག་ཞུགས་གནང་ནས་སྣང་སྟོན་མཁན་ཆེན་ཤེས་རབ་བློ་ལྡན་དབང་རྒྱལ་དང་། ཡོངས་འཛིན་ཚུལ་ཁྲིམས་རྒྱལ་མཚན་རྣམ་པ་གཉིས་ཀྱི་ཞལ་སྔ་ནས་རིག་པའི་གནས་ཀུན་ལ་ཐོས་བསམ་སྦྱངས་བརྩོན་མཐར་ཕྱིན་པ་གནང་། དེ་སྔ་ཕ་ཡུལ་བཞུགས་རིང་རྩིས་གཞུང་རོབ་ཙམ་ཤེས་པ་དག་ཡོངས་འཛིན་གྱི་སྐུ་མདུན་ནས་དག་ཐེར་ལེགས་པར་བགྱིས་ནས་དཔྱིས་ཕྱིན་པར་སྦྱངས།
དགུང་ལོ་སུམ་ཅུ་ལོན་པའི་སྐབས་སུ་ཕ་ཡུལ་ཧོར་ཕྱོགས་ནས་གྲྭ་པ་འགའ་རེ་མཉམ་གངས་བསྐོར་ལ་ཕྱིན། དེར་ཁྱུང་སྤྲུལ་རིན་པོ་ཆེ་དང་ཐོག་མར་མཇལ་འཕྲད་བྱུང་། དེ་ནས་བཟུང་ཁྱུང་སྤྲུལ་རིན་པོ་ཆེ་མཆོག་ཞིང་མ་གཤེགས་བར་རིན་པོ་ཆེ་དང་མཉམ་དུ་རྒྱུན་དུ་གནས་ནས་རྗེ་ཉིད་ཀྱི་ཞབས་པད་དྲི་མ་མེད་པ་སྤྱི་བོས་ཡུན་རིང་བསྟེན་ཅིང་ཞལ་བཅུད་བདུད་རྩིའི་རྒྱུན་བཟང་བཅུ་ཕྲག་རིག་གནས་ཀུན་དང་ཕྱི་མཚན་ཉིད་བཤད་གཞུང་། ནང་གསང་སྔགས་དབང་ལུང་། གསང་བ་སེམས་དོན་མན་ངག་བཅས་ཀྱི་བཀའ་ཁྲིད་ཡང་ཡང་ཐོབ་པའི་སྐལ་བཟང་ཐོབ། ཁྱུང་སྤྲུལ་རིན་པོ་ཆེའི་རྣམ་ཐར་ལས་ཀྱང་། ཡང་དེ་སྐབས་ཕ་ཡུལ་ཧོར་ཕྱོགས་ནས་ཡོང་པའི་གྲྭ་པ་གནས་བསྐོར་འགའ་རེ་སླེབས་ནང་དཔལ་ལྡན་ཚུལ་ཁྲིམས་ཞེས་པ་དེ་ནས་བཟུང་རང་གམ་རྒྱུན་དུ་གནས་པ་འདི་ཡིན་ཅེས་གསུངས་ཡོད།
ཁྱུང་སྤྲུལ་རིན་པོ་ཆེ་མཆོག་དང་རྒན་དམ་པ་དཔལ་ཚུལ་གཉིས་ཐོག་མར་མཇལ་འཕྲད་ཀྱི་སྐོར།
༼ཁྱུང་སྤྲུལ་རིན་པོ་ཆེ་དང་རྒན་དཔལ་ཚུལ་ཁོང་རྣམ་པ་གཉིས་ཐོག་མར་མཇལ་འཕྲད་བྱུང་བའི་སྐོར་ཁྱུང་སྤྲུལ་རིན་པོ་ཆེའི་དངོས་སློབ་མཁས་མཆོག་རྡོ་རྗེ་ལགས་ཀྱིས་གསལ་པོར་གསུང་རྒྱུ་འདུག་པས། དེ་ཡང་ཁོང་ལ་བཀའ་འདྲི་ཞུས་པའི་སྐབས་སུ་ཁོང་གིས་དེ་ལྟར་གསུང་བྱུང་། ༽དེ་དུས་རིན་པོ་ཆེ་མཆོག་ཏི་སེ་གངས་ཀྱི་མདུན་ཞོལ་རྫུ་འཕྲུལ་ཕུག་གི་ཉེ་འགྲམ་དུ་ཡོད་པའི་ཨ་ཕུགས་ལ་བཞུགས་འདུག་གསུངས་སོང་། རྒན་དཔལ་ཚུལ་དང་རོགས་པ་གཉིས་ཁྱུང་སྤྲུལ་རིན་པོ་ཆེ་མཇལ་དུ་དེར་ཕེབས། མཇལ་ཕྱག་བཙལ་ནས་ལྷ་དར་དང་ཇ་བག་ཕྲུག་བཅས་ཕུལ། རིན་པོ་ཆེས་མགོ་དགྱེ་དགྱེ་མ་བྱས་བྲག་ལ་ཐུག་འོང་ཞེས་ཕྱག་འཚལ་དུས་དེ་ལྟར་གསུངས་བྱུང་ཟེར། དེ་ནས་གང་ཡིན་ཅི་ཡིན་ཞེས་ཕ་ཡུལ་གྱི་སྐད་ཆ་འདྲ་དྲིས་སོང་ཟེར། ཁྱེད་རྣམ་པ་བསྐོར་བ་རྒྱག་ཤོར་ཇ་འཐུང་དུ་ཤོག་ཅེས་གསུང་བྱུང་། རྒན་དཔལ་ཚུལ་དམ་པ་ཁོང་བསྐོར་བ་རྒྱག་ཤོར་ཐེངས་ཁ་ཤས་རིན་པོ་ཆེ་མཇལ་དུ་སོང་ཡིན་ཅེས་གསུངས་བྱུང་། དེ་དུས་བརྒྱ་ཉི་མའི་ཁྲོམ་རར་བཟང་རྒྱལ་གྱི་མངག་ཆ་རྒྱ་ནག་གི་རྡོ་ཤེལ། གཡང་ཏྲི་དཀར་ཡོལ། བ་སོ་དྷར་མ་རྣམས་ཉོ་རུ་འགྲོ་དགོས་ཡོད་ཅེས་རིན་པོ་ཆེར་ཞུས་པ་ཡིན། རིན་པོ་ཆེ་ཁོང་ཉིད་ཞག་མ་ཁ་ཤས་ནས་འགྲོ་རན་ཡོད། ཁྱེད་རང་ང་མཉམ་དུ་འགྲོ་ན་འགྲིག་གི་རེད། ཁུར་པོ་འཁུར་དགོས་ཀྱི་མ་རེད། གཡག་ལ་འགེལ་ན་འགྲིག་གི་རེད་ཅེས་གསུངས་བྱུང་། གྲྭ་པ་གནས་བསྐོར་བ་རོགས་པ་གཞན་རྣམས་གངས་བསྐོར་བསྒྲུབས་རྗེས་ཕ་ཡུལ་དུ་ལོག་འགྲོ་སོང་། རྒན་དམ་པ་དང་རོགས་པ་གཉིས་ནི་རིན་པོ་ཆེ་མཉམ་དུ་མདུན་ཆུ་དགོན་ནས་བརྒྱུད་རྒྱ་ཉི་མ་ལ་སོང་ནས་བཟང་རྒྱལ་གྱི་མངག་ཆ་རྣམས་ཆ་ཚང་བ་ཉོས། དེ་ནས་ཁྱུང་ལུང་ནག་ཆུ་ཕུག་ལ་ཕེབས་ནས་རྒན་དཔལ་ཚུལ་གྱིས་ཚེ་དབང་རིག་འཛིན་གྱི་སྐུ་དང་ཡི་གེ་སོགས་བྲིས་ཡིན་ཅེས་གསུང་བྱུང་། ཁྱུང་སྤྲུལ་རིན་པོ་ཆེ་མཆོག་ཁུ་ནུ་བརྒྱུད་ནས་རྒྱ་གར་ལ་ཕེབས་ཀྱི་ཡིན་ཅེས་གསུང་གི་འདུག རིན་པོ་ཆེས་རྒྱ་གར་དང་འབྲུག་སོགས་ལ་གནས་བསྐོར་ཕེབས་པའི་ལོ་རྒྱུས་ཁོང་ལ་གསུང་ནས་ཕ་ཡུལ་ལ་འགྲོ་རྒྱུ་ལ་ལོ་རེ་རེ་གཉིས་རེ་བྲེལ་བ་འདྲ་ཅི་ཡོད། རྒྱ་གར་ལ་གནས་བསྐོར་འདྲ་འགྲོ་ཐུབ་ན་ཡག་པོ་ཡོད་རེད་གསུངས་བྱུང་། རྒན་ལ་འགྲོ་འདོད་འདྲ་བྱུང་སོང་གསུང་གི་འདུག རྒན་བསྡད་རྒྱུ་འདྲ་རྩིས་བརྒྱབ་ཀྱང་ཕ་ཡུལ་ནས་མཉམ་དུ་ཡོང་བའི་རོགས་པ་ནི་ཕ་ཡུལ་ལ་ལོག་འགྲོ་གི་ཡིན། རྒྱ་གར་ལ་འགྲོ་གི་མིན་ལབ་ཀྱི་འདུག དེ་ནས་རིན་པོ་ཆེས་ཁྱེད་རང་གཉིས་ཆ་ལ་སླེབས་རེད། ད་ཁ་བྲལ་ན་ཡག་པོ་ཡོད་མ་རེད། ད་ཁྱེད་རང་གཉིས་མཉམ་པོ་སོང་། ད་རྒྱ་གར་ལ་གནས་བསྐོར་ཡོང་གི་མ་རེད་གསུངས་བྱུང་། དེ་ནས་རོགས་པ་དེས་རིན་པོ་ཆེ་ལ་རྒན་ཡོད་དང་མེད་ཁྱད་པར་རྩ་བ་རང་ནས་མེད། རྒན་གྱིས་ང་གཡུག་སོང་བསམ་པ་དང་ཁ་བྲལ་སོང་བསམ་པ་དང་རིན་པོ་ཆེས་ཁ་ཕྱོགས་བསྒྱུར་སོང་བསམ་པ་སོགས་གང་ཡང་མེད། ང་ནི་མགོ་ཐོན་གྱི་རེད། བཟང་རྒྱལ་གྱི་མངག་ཆ་རྣམས་ཁོང་ཉིད་ལ་འཕྲོད་ཐག་ཆོད་བྱས་ཡོང་ལབ་ནས་ཞུས་སོང་། རིན་པོ་ཆེས་འོ་ད་དེ་འདྲའི་ཡིན་ན་འགྲིག་འདུག་གསུང་གི་འདུག ཅ་ལག་རྣམས་རོགས་པ་ལ་བསྐུར། རོགས་པ་ཁོ་ཕ་ཡུལ་ལ་བུད་སོང་། རིན་པོ་ཆེ་ཡང་མར་ཁྱུང་ལུང་བརྒྱུད་ནས་རྒྱ་གར་ལ་ཕེབས་རན་སོང་ཞེས་གསུང་བྱུང་།།
ཁྱུང་སྤྲུལ་རིན་པོ་ཆེ་མཉམ་དུ་རྒན་དམ་པ་དཔལ་ཚུལ་རྒྱ་གར་ཁུ་ནུ་ཡུལ་དང་གནས་བསྐོར་ལ་ཕེབས་པའི་སྐོར།
ཕྱི་ལོ་༡༩༣༡ལོར་ཁོང་དཔོན་གཡོག་རྣམས་གུ་གེ་བརྒྱུད་ནས་ཞང་ཞུང་རོང་པ་ཁུ་ནུའི་ཡུལ་དུ་ཕེབས། དེ་ནས་རིན་པོ་ཆེ་མཉམ་དུ་རྒྱ་གར་གནས་ས་གནས་ཕྱོགས་ཧ་རི་རྡོ་ཨར་(Haridwar) ཝ་ར་ན་སི་(Varanasi)། རྡོ་རྗེ་གདན་། གྷ་ཡ་གྷོ་རི། (Gayagori)དུར་ཁྲོད་བསིལ་བ་ཚལ། ཆུ་བོ་ན་རན་ཛྙ་ན།(Niranjana) མཆོད་རྟེན་རྣམ་དག་དཀར་པོ་སོགས་དེ་ཕྱོགས་ཀྱི་གནས་ཀུན་མཇལ། བྷི་ཧར་ཡུལ་གྱི་གནས་བྱ་རྒོད་ཕུང་པོའི་རི་བོའམ་རཱ་ཛ་གྷིར་(Rajghir)ཏེ་རྒྱལ་པོའི་ཁབ་ཀྱི་གནས་མཇལ། ཨ་མྲི་ཏ་ས་རུ་(Amritsarགུ་རུ་ན་ནིག་གི་ཕོ་བྲང་(Golden Temple)ལ་མཆོད་འབུལ་བསྐོར་བ་ཚོགས་བརྒྱ་བཅས་བཏང་ནས་ཁུ་ནུ་རུ་ལོག་ཕེབས། ཁོང་དཔོན་གཡོག་རྣམས་ཁུ་ནུ་རུ་ལོ་ལྔ་ཙམ་བཞུགས། དེར་བཞུགས་རིང་ཟབ་ཆོས་ཁྲོས་མའི་དཔར་རྩ་འཕྲོ་རྣམས་དང་། ཆེ་ལྷ་རྣམ་གསུམ། རིགས་གསུམ་མགོན་པོ། ཁྲོས་མའི་ཙ་ཀ་ལི། གུ་རུ་སྐུ། ཀུན་ཏུ་བཟང་པོ། གསས་མཁར་མཆོག་ལྔ། མ་བདུད་བཙན་གསུམ་བཅས་བྲིས། ཁུ་ནུའི་ཡུལ་སྟོད་སྨད་སོགས་སུ་ཁྱུང་སྤྲུལ་རིན་པོ་ཆེས་རྣམ་དཀར་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་བསྐོར། ཡུལ་ལྷ་དྲེགས་ཚོགས་རྣམས་དམ་ལ་བཏགས། ལམ་ངན་སྲོག་བཅད་ཁྲི་འབུམ་སྡིག་རྒྱུན་བཅད། སྐལ་བཟང་རྗེས་འཇུག་སྨིན་གྲོལ་ལམ་ལ་བཀོད་པའི་དུས་ཁོང་དཔོན་གཡོག་རྣམས་མཉམ་དུ་ཡོད།
རྒན་དམ་པ་དཔལ་ཚུལ་གྱིས་གུར་གྱམ་དགོན་གྱི་ལྷ་ཁང་གི་ལྡེབ་རིས་སོགས་བྲིས་པའི་སྐོར།
ཁོང་དཔོན་གཡོག་རྣམས་རྒྱ་གར་ཁུ་ནུའི་ཡུལ་དུ་ལོ་ལྔ་ཙམ་བཞུགས་པའི་རྗེས་སུ་ཁྱུང་ལུང་དུ་ཕྱིར་ལོག་ཕེབས། ཕྱི་ལོ་༡༩༣༦ ལོར་ཁྱུང་སྤྲུལ་རིན་པོ་ཆེ་མཆོག་གིས་ཞང་ཞུང་ཕུག་པ་ཁྱུང་ལུང་དངུལ་མཁར་དུ་དགོན་སྡེ་གསར་བསྐྲུན་ཕྱག་བཏབ་དུས་གྲྭ་བཙུན་རྣམས་ཀྱིས་ལྷ་ཁང་གི་རྨེང་རྡོ་ཁུར་སྟོང་ཕྲག་ཁྲི་ཁྲག་བླངས། གྲྭ་བཙུན་རྣམས་རེ་རེས་ས་ཕག་ལྔ་བརྒྱ་ཁ་ལྷག་རེ་རྒྱབ། ལྷ་ཁང་གི་རྨེང་རྡོ་ཁུར་སྐབས་རྒན་དཔལ་ཚུལ་གྱི་ཕྱག་མཛུབ་གཅིག་རྡོ་འོག་ཀྲིག་ནས་ཆད། རོགས་པ་ཚོས་རྒྱའི་ལུགས་ལ་མཛུབ་མོ་མཆོད་མེའི་དོད་དུ་མཆོད་པ་འབུལ་སྲོལ་ཡོད་པས། ཕྱིས་སུ་རང་གི་མཛུབ་མོ་སྤར་ནས་མཆོད་མེ་ཕུལ་ཡིན་པ་སོགས་གསུངས་དགོས་ཞེས་སྐུ་རྩེད་ཞུས་སོང་ཟེར།
གུར་གྱམ་དགོན་པའི་ལྷ་ཁང་ཆེན་མོའི་སྦུག་སྟོན་པའི་མཛད་པ་དྲུག་བཅུ་གཡས་ཕྱོགས་རྣམ་རྒྱལ་རྒྱུན་དང་ཆོ་ག་བཅུ་གཉིས་བཅས་གཙོ་འཁོར་ཞལ་ཐང་རྒྱས་པ། གཡོན་ཕྱོགས་མ་རྒྱུད། སྤྱི་སྤུངས་སྐོར་གསུམ་མེ་རི་གསང་གྲགས་ཕུར་པ་སྤྱི་འདུལ་རམ་རོལ་འབུམ་གསུམ་བདུད་རྩི་སྟག་ལ་ཟབ་གཅོད་བཅས་ཀྱི་གཙོ་འཁོར། སྒོ་འགྲམ་གཡས་གཡོན་དམ་ཅན་བོན་སྐྱོང་སྲུང་མའི་ཚོགས། སྒོ་ཁྱམས་སུ་རྒྱལ་ཆེན་བཞི་ཕྱི་ནང་ལུགས་གཉིས། དབལ་གྱད་དམག་དཔོན་བཅུ་བཅུ། ཕྱི་ནང་སྣོད་བཅུད་ཀྱི་ཆགས་ཚུལ་གཉིས། སྲིད་པ་འཁོར་ལོ་སྙན་ངག་ཀུན་འཁོར་སྐར་རྩིས་གོ་ལའི་དཔེ་རིས་དབྱངས་འཆར་རྐང་བརྒྱའི་འཁོར་ལོ་ནག་རྩིས་གབ་རྩེ་རྒྱས་པ། གསོ་རིག་རྩ་རྒྱུད་ཐང་ཤིང་སྡེ་དགུ་སྒྲ་རིག་ཡི་གེ་ཁམས་འབྱུང་བ་ཆེ་ཆུང་གཞན་ཡང་ཚེ་རིང་མཆེད་ལྔ། བཀྲ་ཤིས་རྟགས་རྫས། མི་མཐུན་མཐུན་པ། མཐུན་པ་སྤུན་བཞི། སངས་རྒྱས་བྱང་སེམས་ཀྱི་བརྡའ་རྟགས་བཅས་དང་། བོན་སྐྱོང་བརྟན་མ་བཅུ་གཉིས། གཉན་ཆེན་སྡེ་བཞི་ཕྱོགས་འདིའི་ཡུལ་ལྷ་བཅས་ཀྱི་སྐུ་བརྙན་རྣམས་ལྡེབ་རིས་ཟུང་ཁྱུང་གསེར་དགེ་སློང་ཚུལ་ཁྲིམས་བསྟན་འཛིན་དང་རྒན་དཔལ་ཚུལ་སོགས་ལྷ་བྲིས་དཔོན་ལྔ་དྲུག་གིས་བཞེངས། ལྷ་སྐུ་ཆེ་བ་བསྟན་གཙོ་སྟོན་པ་འཆི་མེད་གཙུག་ཕུད། རྣམ་པར་རྒྱལ་བ་ཤེས་རབ་བྱམས་མ། སྨྲ་བའི་སེང་གེ་བྱམས་པ་མགོན་པོ་རྣམས་སྨན་འཇིམ་དུ་གླེ་མའི་ལྷ་བཟོ་བླ་མ་བསོད་ནམས་དང་། ཁྱུང་སྤྲུལ་རིན་པོ་ཆེ་དང་དཔལ་ཚུལ་གཙོས་སློབ་མ་བཅས་ཀྱིས་བཞེངས། ཕྱི་ལོ་༡༩༤༤ ལོར་དགོན་སྡེ་གཉིས་ཀྱི་རྟེན་དང་བརྟེན་པ་སོགས་ཆ་ཚང་ལེགས་གྲུབ་བྱུང་།
རྒན་དམ་པ་དཔལ་ཚུལ་གྱིས་གུར་གྱམ་དགོན་དང་འབྲེལ་བའི་གཞུང་གི་བཀའ་འཁྲོལ་ཡིག་ཆའི་ཆ་རྐྱེན་རྣམས་བླངས་པའི་སྐོར།
ཁྱུང་སྤྲུལ་རིན་པོ་ཆེས་རྒན་དཔལ་ཚུལ་བོད་ཀྱི་གཞུང་ཞབས་རྩེ་ཤོད་དྲུང་སྒེར་སེར་སྐྱ་དུ་མ་ལ་སྙན་སུམ་འཁྲིད་དགོས་པའི་ཆེད་དུ་ས་སྟོད་མངའ་རིས་སྒར་དཔོན་ས་ལུང་པ་ལྷ་དབང་རྒྱལ་པོ་ཡབ་སྲས་དང་། སྒར་དཔོན་སྔོན་ལུང་པ། རྩེ་མགྲོན་དགའ་བྲང་བ། རིམ་བཞི་ཁྲོ་དགའ་བ། སྤུ་རྫོང་རིན་སྒང་བ། དཔོན་ཤུད་ཁུད་པ། གཙང་སྤྱི་ཟོམ་ཕུད་པ་སོགས་སྐུ་དྲག་མང་པོ་ལ་སྙན་རྩིས་དང་བརྡ་སྤྲོད་འཁྲིད་དུ་མངག་སྐབས་སྤུ་ཧྲེང་རྫོངས་དཔོན་རིན་སྒང་བ་བསོད་ནམས་དཔལ་འབྱོར་གྱི་མདུན་ནས་སྤུ་རྫོང་གི་བཀའ་ལག་གཙང་བཙན་བླངས། དེ་བཞིན་མངའ་སྤྱི་སྒར་དཔོན་ས་ལུང་པའི་མདུན་ནས་མདའ་རྫོང་གི་ལག་འཁྱེར་རིགས་དང་། དཀོར་རྟེན་ས་གནས་བཅས་ལ་མངའ་རིས་སྤྱི་ཁྱབ་ཀྱི་མགོ་མཆན་དང་། སྒར་དཔོན་ལྷན་རྒྱས་ལ་རྒྱབ་གནོན་བཀའ་ཤོག་ཕྱི་ནང་དོན་རྒྱས་གཙང་བཙན་ཞུས་བླངས་ལ་སླར་གཞུང་གི་འགོ་མཆན་ཞུས་ནས་གུར་གྱམ་དགོན་པ་ལ་གཞུང་གི་བཀའ་འཁྲོལ་གྱི་ཡིག་ཆའི་ཆ་རྐྱེན་དགོས་རིགས་རྣམས་རྒན་ཁོང་གིས་ལེགས་པར་བླངས་ཐུབ་པ་བྱུང་།
རྒན་དམ་པ་དཔལ་ཚུལ་གྱིས་ག་རྒྱ་སྐར་མའི་དྲུང་ནས་རྒྱལ་བའི་བཀའ་འགྱུར་དཔེ་མཆོད་རྟེན་གསུམ་རྣམས་བླངས་པའི་སྐོར།
ག་རྒྱ་སྐར་མའི་དྲུང་ནས་ག་རྒྱ་འགྲམ་ནག་གི་ནོར་སྐལ་དང་བཀའ་འགྱུར་དཔེ་མཆོད་རྟེན་གསུམ་རྣམས་གདན་དྲངས་ཚུལ་གྱི་སྐོར་རྣམས་ཁྱུང་སྤྲུལ་རིན་པོ་ཆེའི་དངོས་སློབ་མཁས་མཆོག་རྡོ་རྗེ་དང་ག་གཟི་ཚེ་རིང་དབང་རྒྱལ་ཁོང་རྣམ་པ་གཉིས་ལ་བཀའ་འདྲི་ཞུས་པའི་སྐབས་སུ་གསུངས་པ་རྣམས་འདིར་ཕྱོགས་བསྡུས་ནས་གླེང་བར་བྱའོ། མཁས་མཆོག་རྡོ་རྗེའི་གསུངས་པ་ལྟར་ན། ཕྱི་ལོ་༡༩༣༦ ལོར་ག་རྒྱ་ཚང་ནས་བཀའ་བརྟེན་ཆ་ཚང་སོགས་རྟེན་མཆོད་གྱ་ནོམ་གཡག་རྒྱབ་སུམ་ཅུ་སོ་ལྔ་འགེལ་ཁལ་སྒ་སྟན་བཅས་ཆ་འགྲིག་སྐྱེལ་མཁན་མི་གཉིས་དང་གྲྭ་པ་གཉིས་བཅས་བཞི་ལ་ལྟོ་གོས་གྲ་འགྲིགས་བསྐུར་བརྫང་གནང་མཁན་ནི་ཡབ་ག་རྒྱ་བསྟན་དར་ཡིན་པ་དང་། རྒན་དཔལ་ཚུལ་གྱིས་ག་རྒྱ་སྐར་མའི་དྲུང་ནས་ག་རྒྱ་འགྲམ་ནག་གི་ནོར་སྐལ་སོགས་གདན་དྲངས་པ་ནི་ཕྱིས་སུ་ཧ་སག་ཁཱ་པ་ཇག་པ་མེ་ཁག་བརྒྱད་བརྒྱ་ལྷག་བསྐོར་སྟོད་ཁུལ་སླེབས་ཏེ་རྟ་གཡག་ནོར་ལུག་དངོས་རྫས་ཅ་ལག་ཟས་གོས་ཀུན་འཕྲོག་མི་བསད་ནོར་འཁྱེར་བྱས་སྐབས་རང་གི་དགོན་པ་གཏོར་བཤིག་ཚད་མེད་བཏང་ནས་ཕལ་ཆེར་བརླག་པའི་རྗེས་ཀྱི་བྱུང་བ་ཞིག་ཡིན་པར་བཤད། ཁྱུང་སྤྲུལ་རིན་པོ་ཆེའི་རྣམ་ཐར་ལས། དེ་མཉམ་ག་རྒྱ་ཚང་ལ་བཀའ་འགྱུར་སོགས་དཔེ་མཆོད་རྟེན་གསུམ་ཡར་བསྐུར་དགོས་ལུགས་ཡི་གེ་བཏང་།་རྗེས་སུ་གཏིང་བསྐུལ་ཞུ་མི་རང་སློབ་གྲྭ་པ་གཉིས་བཏང་བཅས་གསལ་ཡོད། བསྐུལ་མི་ཞུ་མི་གྲྭ་པ་གཉིས་ནི། སྡེ་དགེ་ལྷ་ཐོག་པ་དང་། མཐའ་བྲལ་བྲལ་རྡོ་རྗེ་གཉིས་རེད་གསུངས་བྱུང་།
ག་རྒྱ་སྐར་མ་དང་རྒན་དཔལ་ཚུལ་གཉིས་ཐོག་མར་མཇའ་འཕྲད་སྐབས་ཀྱི་ལོ་རྒྱུས་སོགས་རྒན་དམ་པ་ཁོང་གིས་ག་གཟི་ཚེ་རིང་དབང་རྒྱལ་ལ་ཞིབ་ཕྲ་གསུངས་བྱུང་ཟེར་གྱི་འདུག ག་གཟི་ཚེ་རིང་དབང་རྒྱལ་དང་རྒན་དམ་པ་དཔལ་ཚུལ་གཉིས་ནི་༡༩༦༢ ནས་༧༡ བར་ཕན་ཚུན་ངོ་འདྲིས་ཆེན་པོ་ཡོད་པ་མ་ཚད། གཡུང་དྲུང་བོན་གྱི་བསྟན་འབྱུང་གི་མཇུག་ཚང་མ་ཁོང་ཉིད་ཀྱི་ནང་དུ་བསྡུས་པ་ཡིན། དེ་ཡང་ཁོང་གི་གསུངས་དོན་ལྟར་ན། ཕྱིས་སུ་རིན་པོ་ཆེས་ག་རྒྱ་ཚང་ལ་བཀའ་འགྱུར་སོགས་དཔེ་མཆོད་རྟེན་གསུམ་གདན་དྲངས་པའི་ཆེད་དུ་རྒན་དཔལ་ཚུལ་དང་རོགས་པ་གཅིག་བཏང་། རྒན་དཔལ་ཚུལ་དང་རོགས་པ་གཉིས་ག་རྒྱ་ཚང་ལ་འབྱོར་དུས་ཕྱི་ལ་སྒོ་ཁྱི་ངར་མ་གཅིག་གིས་ལྕགས་ཐག་སིལ་སྒྲ་དང་བཅས་འཐེན་གྱི་འདུག་ཅེས་ཟེར་བྱུང་། ནང་ལ་ཡར་འཛུལ་ནས་ག་རྒྱ་སྐར་མ་ལ་རིན་པོ་ཆེའི་ཕྱག་བྲིས་རྣམས་སྤྱན་འབུལ་ཞུས་པ་ཡིན། དེ་དུས་ག་རྒྱ་སྐར་མས་ནམ་རྒྱུན་བསོད་མི་འདྲ་མ་གཏོགས་རིན་པོ་ཆེས་མི་འདྲ་བཏང་ལུགས་མེད། དེ་རིང་མི་འདྲ་གཉིས་འདུག་ཟེར་བྱུང་། དེ་འདྲའི་གསུང་དགོས་པ་ཡང་རྒན་ཁོང་གཉིས་ཀྱིས་མེ་མདའ་དང་རྟ་འཁྱེར་རྒྱུ་ཡིན་པའི་རྒྱུ་མཚན་རེད་འདུག རིན་པོ་ཆེའི་ཕྱག་བྲིས་ལ་གཟིགས་ནས་ག་རྒྱ་སྐར་མ་ཞལ་འཛུམ་ཙམ་བྱས་ནས་ག་རྒྱ་ཚང་གི་རྒྱུ་དང་དཔལ་འབྱོར་གང་ཡང་མི་དགོས་གསུངས་ནས་ཁོང་བྱ་བྲལ་གནང་གི་ཡིན་གསུངས་མ་རེད་བས། ཧཧ། ག་རྒྱ་ཚང་གི་རྒྱུ་ངོ་མ་བཀའ་འགྱུར་མ་རེད་བས་ཞེས་ཞལ་མཚར་གསུངས་བྱུང་སྟེ། དོན་ངོ་མ་རྒྱལ་བའི་བཀའ་དྲི་མེད་གཟི་བརྗིད། མདོ་བསྐལ་བཟང་། ཆོ་ག་བཅུ་གཉིས། ཁམས་ཆེན། བྱམས་མའི་སྐུ། རྣམ་པར་རྒྱལ་བའི་སྐུ། ཁྲོ་བོའི་རྒྱན་མཛེས།(ལྕགས) ཀློང་རྒྱས་རྒྱན་མཛེས། (དངུལ) དངུལ་མན་ཌལ་ཆ་གཅིག གསེར་དངུལ་འདྲེས་མའི་སྤོ་ཕོར། ཐང་སྐུ་བརྒྱ་དང་ཉི་ཤུ། ག་རྒྱ་འགྲམ་ནག་གིས་བཞེངས་པའི་གསས་མཁར་མཆོག་ལྔའི་སྐུ། ཤངས་ཆེན་ལྔ། རྒྱལ་སྦུག་གཅིག་བཅས་བསྐུར་བརྫང་བྱུང་བས། རྒན་དཔལ་ཚུལ་གྱིས་ཧ་ལས་བྱུང་གསུངས་སོང་།
འོན་ཀྱང་སྟབས་མ་ལེགས་པ་ཞིག་ལ་རྒྱལ་བའི་བཀའ་རྟེན་མཆོད་གསུམ་རྣམས་ཡར་གདན་འདྲེན་ཡོང་དུས། ལམ་བར་ཚ་འབོག་བྱས་ནས་སྡོད་པའི་སྐབས། རོགས་པ་འགའ་ཡིས་གཤེན་སྒར་གྱི་གྲོང་པ་ལ་དང་པོ་ཕར་བརྙས་བཀོད་ཡོད་ཚོད་འདུག ཕྱིས་སུ་གཤེན་སྒར་རྟ་པ་སུམ་ཅུ་ཙམ་སླེབས་ནས་འཁྲུག་འཛིང་ཤོར་དུས་རྒན་དཔལ་ཚུལ་མཉམ་དུ་ཡོད་པའི་རོགས་པ་གཅིག་གིས་གཤེན་སྒར་གྱི་མི་གཅིག་བསད་ཡོད་ཚོད་འདུག དེ་ནས་རྒན་དང་རོགས་པ་རྣམས་ཡར་ལོག་སྐབས་གཤེན་སྒར་གྱི་ར་མདའ་རྣམས་རྗེས་སུ་མི་མངོན་པའི་ཚུལ་དུ་སླེབས་ནས། གཞིས་ཀ་རྩེ་སྤྱི་རྫོངས་ལ་ཞུས་བཏུགས་བྱས་འདུག་པས་རྒན་དང་རོགས་པ་རྣམས་བརྩོན་དུ་བཅུག་སོང་། རྒན་དཔལ་ཚུལ་ཁོང་ཉིད་བརྩོན་དུ་བཅུག་དུས་རྐང་ལྕགས་བརྒྱབ་སྐབས། ལྕགས་ཐག་ཀུན་རང་བཞིན་གྱིས་གྲོལ། ཡང་ཕྱི་ལ་ལྕགས་བརྡུང་ནས། ཡང་བསྐྱར་རྐང་ལྕགས་བརྒྱབ་ཀྱང་། ལྕགས་ཐག་ཀུན་རང་བཞིན་གྱིས་ཆད་སོང་བས། ཁོང་ཚོ་དོག་པ་ལང་ནས་སྔགས་རྒན་གཅིག་ཡིན་ས་རེད་ལབ་ནས་བརྩོན་དུ་བཅུག་མ་སོང་། ལྕགས་ཐག་ཀུན་རང་གྲོལ་དུ་ཕྱིན་པ་རྣམས་རྩ་བའི་བླ་མ་དང་བོན་སྐྱོང་སྲུང་མའི་བྱིན་རླབས་ཡིན་གྱི་རེད་གསུང་བྱུང་། ཕྱིས་སུ་ས་སྟོད་མངའ་རིས་སྒར་དཔོན་ས་ལུང་པས་ཁག་འཁྱག་བྱས་ནས་བརྩོན་དུ་མ་བཅུག་ཀྱང་ལོ་གཅིག་ཙམ་རིང་གཞིས་ཀ་རྩེ་སྤྱི་རྫོངས་ལ་གྱོད་རྙོག་དེ་ཐག་མ་ཆོད་པར་ལུས། ཕྱིས་སུ་དྲེལ་བཅུ་གཉིས་ལ་ཆོས་རྫས་རྣམས་བཀལ་ནས་ཡར་རང་དགོན་གུར་གྱམ་དགོན་ལ་སླེབས་ཐུབ་པ་བྱུང་འདུག ཁྱུང་སྤྲུལ་རིན་པོ་ཆེའི་རྣམ་ཐར་ལས། དབྱར་ཐོག་དགེ་རྒན་དཔལ་ཚུལ་བོད་ནས་སྟོད་དུ་འབྱོར་ཐོག་བོད་ཁམས་ནས་གསུང་རབ་དཔེ་ཆ་གླེགས་བམ་ཉིས་བརྒྱ་དང་སྐུ་ཐང་བརྒྱ་ཕྲག་སྐོར་སོགས་འབྱོར་བ་སོགས་འཁོད་ཡོད། སྔ་ཕྱིའི་དུས་འགྱུར་རིམ་འགྲོའི་ནང་ཚེ་སྟོད་རྒན་དམ་པ་གང་ཉིད་གྲྭ་པ་ཡིན་ཀྱང་ཚེ་སྨད་སྐྱ་བོ་རུ་བབས།
ཁྱུང་སྤྲུལ་རིན་པོ་ཆེ་མཆོག་མ་འདས་སྔོན་རྒན་དམ་པ་དཔལ་ཚུལ་ལ་རིན་པོ་ཁོང་ཉིད་ཀྱི་མཛད་རྣམ་དང་བསྟན་བཅོས་སོགས་ཁ་བསྐང་ནས་བྲིས་དགོས་པའི་བཀའི་ཕ་བབས་གནང་ཚུལ་སྐོར།
ཕྱི་ལོ་༡༩༥༦ ལོར་ཁྱུང་སྤྲུལ་རིན་པོ་ཆེ་མཆོག་སྐུ་སྙུང་གཞི་བཞེས་པའི་དུས་རྒན་དཔལ་ཚུལ་སྐུ་མདུན་དུ་གཉེར་ནས་ཡོད་སྐབས་གསུང་གླེང་ཞིབ་གསལ་གནང་དུས་སྤྱིར་དུས་དྲན་སྙིགས་མའི་འཕོ་འགྱུར་དང་། སྒོས་རང་རང་གི་ཚེ་མཇུག་རྣམ་དཀར་བགྱི་བ་གང་ལེགས་བཅས་གསུང་གླེང་ཞར་དུ་རྒན་དམ་པ་ཁོང་གིས་མངའ་རིས་སྐོར་གསུམ་དང་། ཁྱུང་ལུང་གུར་ཁྱམ་གཙོས་པའི་ཉེ་སྐོར་གྱི་སེར་སྐྱ་རྣམས་ལ་ཞལ་གདམས་ཤིག་གནང་ཐུབ་ན་དད་མོས་སྒེར་འབྱུང་ལ་བརྟེན་པའི་འགྲོ་ཕན་ཆེ་བ་ཞིག་ཡོང་ངེས་བསམ་པ་ལགས་ཞུས་ནས་གསོལ་བ་ཕུར་བཙུགས་སུ་བཏབ་པ་ལ་བརྟེན་ནས། མངའ་རིས་དགུ་བཅུ་པ་དང་གུར་གྱམ་སུམ་ཅུ་པ་ཞེས་པའི་གསུང་མགུར་ཀུན་གྱི་མཇུག་བསྡུ་ཐ་མ་གཉིས་གསུངས་འདུག རིན་པོ་ཆེ་མཆོག་དགོངས་པ་ཞི་དབྱིངས་སུ་མ་གཟིམས་པའི་གོང་། ཞལ་འཆེམ་གྱི་ཚུལ་དུ་འདས་རྗེས་སུ་དང་པོ་ཚེ་འདི་ཉིད་ཀྱི་རྣམ་ཐར་པོད་གཅིག་མགུར་འབུམ་བཅས། བསྟན་བཅོས་འཕྲོ། སྐད་གཉིས་ཤན་སྦྱར། སྡེབ་སྦྱོར། མངོན་བརྗོད། བཟོ་རིག ཚད་མ། དབྱངས་འཆར། ནག་རྩིས་ཆ་ཚང་སོགས་པོད་བཅུ་གསུམ་ཁ་གང་བར་དཔལ་ཚུལ་གིས་བརྩམས་ཏེ་སྤེལ་དགོས་ཀྱི་བཀའ་བབས་ཡིན་ཅེས་གསུངས་པ་དང་། རྒན་དམ་པ་དཔལ་ཚུལ་གྱིས་ཁྱུང་སྤྲུལ་རིན་པོ་ཆེ་མཆོག་གི་རྣམ་ཐར་ཇི་ལྟར་བརྩམས་དགོས་ལུགས་ཀྱི་སྐོར་རྣམས་༼ཁྱབ་བདག་འཁོར་ལོའི་མགོན་པོ་མཁས་གྲུབ་འཇིགས་མེད་ནམ་མཁའི་རྣམ་ཐར་དད་བརྒྱའི་རྨ་བྱ་རྣམ་པར་བརྩེ་བའི་༽ནང་ཞིབ་གསལ་གསུངས་ཡོད་པས། དེ་ཉིད་ལས། རབ་རྒྱལ་ཤིང་ལུག་མགོ་ཟླའི་དྲལ་ཚེས་གསུམ་གྱི་སྔ་དྲོ་ཞོག་ཁར་གུས་ཕྲན་སློབ་འབངས་ཐ་ཤལ་བ་དཔལ་གྱི་མིང་ཅན་བདག་ཉིད་སྐུ་མདུན་དུ་སྡོད་ཅེས་འདི་སྐད་གསུངས། ང་ཡི་ཚེ་འདི་ཉིད་ལ་གཡུང་དྲུང་བོན་གྱི་བསྟན་པའི་ཞབས་ཞུའི་གཙོ་བོ་རིག་གནས་ཀྱི་བསྟན་བཅོས་པོད་ཆེན་བཅུ་གསུམ་བརྩོམ་དགོས་ཀྱང་དེ་སྔོན་པོད་དྲུག་བདུན་ལས་མ་གྲུབ་པས་འཕྲོ་རྣམས་བཀའ་བབ་ཡིན་པས་ཁྱེད་ཀྱིས་སྐྱོངས། ལྷག་པར་རང་ཉིད་སྐྱེ་ལུས་འདི་ཉིད་ཀྱི་རྣམ་ཐར་མགུར་དང་བཅས་པ་འཕབས་དགོས་ཞེས་སྐལ་བཟང་སློབ་མའི་ཚོགས་ཀྱིས་སྔ་ཕྱི་བར་གསུམ་དུ་ཡང་ནས་ཡང་དུ་བསྐུལ་ཀྱང་། རང་ཉིད་དང་པོ་རིས་མེད་གྲུབ་མཐའི་ལུགས་ཀུན་དང་ཕྱི་ནང་རིག་གནས་གཞུང་དོན་ཡོངས་ལ་ཐོས་བསམ་སྦྱངས་བརྩོན་གྱི་དུས་འདས། བར་རུ་ཟབ་མོའི་བསྒོམ་སྒྲུབ་སྐྱོངས་ཤིང་བསམ་གཏན་འབྲལ་མེད་མཉམ་གཞག་རྗེས་ཐོབ་འབྲེལ་མ་ཆད་པར་ཉམས་ལེན་བརྩོན་པས་དུས་འདས། ཐ་མ་རྒྱལ་བའི་བསྟན་པ་སྤྱི་དང་བྱེ་བྲག་རང་ལུགས་བོན་གྱི་བསྟན་པ་འདི་ལ་སྲི་ཞུ་ཞབས་ཏོག་གང་ནུས་ཞུས་པའི་ངང་ནས་དུས་འདས་ཏེ། ཟིན་ཐོ་ཅུང་རེ་ལས་མ་གྲུབ་པས། ཁྱེད་དང་ངེད་གཉིས་སྐྱེ་ཡུལ་ཉེ་ཞིང་གཞོན་ནས་རྒས་བར་དུ་འགྲོགས་ཡུན་རིང་བས་ཆ་རྒྱུས་ཞིབ་པ་རང་གཞན་གྲུབ་མཐའ་ཀུན་གྱི་མདོ་སྔགས་རྒྱུད་སྡེ་རྒྱ་མཚོ་ཕྱི་ནང་རིག་གནས་ཡོངས་ལ་བལྟ་བའི་མིག་ཡངས་ཤིང་དཔྱོད་པའི་དོན་ཤེས་པ། འཛིན་པའི་བློ་ཡངས་པ། ཁྱད་པར་ཚིག་སྦྱོར་མཁས་པ་ཡིན་ཕྱིར་ཁྱོད་ཀྱིས་བདག་གི་ཟིན་ཐོ་དང་ཉམས་མགུར་ཡོད་པ་འདི་དག་ལ་གཞི་བྱས་ཏེ་རྣམ་ཐར་མགུར་དབྱངས་རྒྱས་ཤིང་སྙན་པ་སྡེབ་རིང་ཉིས་བརྒྱ་ལྔ་བཅུ་ལས་མ་ཉུང་བར་ཁ་ལྷག་གང་ཐུབ་སྤེལ་ཏེ་བྲིས། འབྲི་ཚུལ་ཡང་བདག་རང་གིས་བྲིས་པ་བཞིན་གྱི་ཚིག་སྦྱོར་དུ་བཀོད་དང་། སྐལ་ལྡན་སློབ་མ་ཞུ་བ་པོ་རྣམས་རེ་བ་དོན་མེད་དུ་མ་སོང་བ། རྗེས་འཇུག་དང་གུས་ལྡན་པ་རྣམས་ཀྱི་རྒྱུད་ལ་ཕན་ཐོགས་པ། ཁྱེད་རང་ཡང་བླ་མ་ལ་མཉེས་གསུམ་ཞབས་ཞུའི་མཆོག་ཏུ་གྱུར་པ། གཞན་གང་ཟག་ཉན་པ་པོ་རྣམས་ལའང་རང་གིས་སྨྲས་པ་དང་ཁྱད་མེད་ཀྱི་བཀའ་བབས་ཡིན་པས་བྱིན་རླབས་དང་ལྡན་པ། རང་རེ་ཡང་ཕྱི་མར་བདེ་བའི་གནས་དང་ཞིང་རྣམས་སུ་ཡང་ཡང་སྐྱེ་འཕྲད་ཀྱི་རྒྱུ་རུ་འགྱུར་བའི་ཞལ་བཞེས་ཡིན་པས་དེ་ལྟར་རྩོམས་ཤིག་ཅེས་བཀའ་ཕེབས་གནང་བ་བཞིན་རྒན་དཔལ་ཚུལ་གྱིས་ཁྱུང་སྤྲུལ་རིན་པོ་ཆེའི་རྣམ་ཐར་དང་མགུར་འབུམ་བཅས་བྲིས་བརྩམས་སྡེབ་རིང་དྲུག་བརྒྱ་ལོངས་པ་ཡོངས་སུ་རྫོགས་པ་བརྩམས་ནས། དཔར་རྩ་མཁས་མཆོག་རྡོ་རྗེ་དང་རྒན་དཔལ་ཚུལ་ཁོང་རྣམ་པ་གཉིས་ཀྱིས་བྲིས།
དུས་འགྱུར་ཆེན་པོའི་སྐབས་སུ་རྒྱ་གར་ལ་ཕེབས་པའི་སྐོར།
ཕྱི་ལོ་༡༩༥༩ ལོའི་དུས་འགྱུར་ཆེན་པོའི་སྐབས་སུ་རྒན་དཔལ་ཚུལ་དམ་པའི་ཁྱིམ་འཁོར་དང་བཅས་པ་རྒྱ་གར་དུ་བྲོས་བྱོལ་ལ་ཕེབས་ནས་ལྭ་དགས་ལ་ལོ་གཉིས་ཙམ་བཞུགས། དེ་ནས་ཕྱི་ལོ་༡༩༦༢ ནས་༦༧ བར་ལོ་དྲུག་ཙམ་རིང་རྒྱ་གར་ཧི་མ་ཅལ་གྱི་མངའ་ཁོངས་སུ་གཏོགས་པའི་ལུང་པ་མ་ན་ལིར་བཞུགས། ལྭ་དགས་དང་མ་ན་ལིར་བཞུགས་རིང་ཕྱག་རྩོམ་དང་དཔེ་འཁྲིད་སོགས་གནང་། ཕྱི་ལོ་༡༩༦༧ལོར་རྒན་དམ་པ་ཁོང་གི་ཁྱིམ་འཁོར་དང་བཅས་པ་རྒྱ་གར་ཧི་མ་ཅལ་གྱི་མངའ་ཁོངས་སུ་གཞིས་ཆགས་པའི་བོན་གཞིས་དོ་ལན་ཇིར་གནས་སྤོས་བྱས། ༡༩༦༩ལོར་ཁུ་ནུ་བླ་མ་བསོད་ནམས་འབྲུག་རྒྱལ་གྱིས་གྲུབ་ཆེན་བརྒྱད་བཅུའི་ལྡེབ་རིས་རྙིང་པ་ཁ་མ་གསལ་བ་རྣམས་གསལ་དུ་གཏོང་བའི་དོན་དུ་ཆེད་མངགས་རྒན་དམ་པ་དཔལ་ཚུལ་ཁུ་ནུ་རུ་གདན་འདྲེན་ཞུས། དེ་ཡང་ཁུ་ནུ་བླ་མ་བསོད་ནམས་འབྲུག་རྒྱལ་གྱིས་གསུངས་དོན་ལྟར་ན། སྤྱིར་ལྷ་བཟོ་མང་པོ་ཡོད་རེད་དེ། (དོ་ཧ་)དཔེ་ཆ་ནང་གསལ་གྱི་གྲུབ་ཆེན་བརྒྱད་བཅུའི་ལྡེབ་རིས་བྲིས་ཤེས་མཁན་རྒན་དཔལ་ཚུལ་མ་གཏོགས་མེད་པས་ཆེད་མངགས་གདན་འདྲེན་ཞུས་དགོས་པའང་རྒྱུ་མཚན་དེའི་ཕྱིར་ཡིན་པ་གསུངས་འདུག དེའི་དུས་རྒན་དམ་པ་དཔལ་ཚུལ་མཉམ་དུ་ཕ་དམ་པ་བསོད་ནམས་གྲགས་པ་དང་འདས་པོ་བསྟན་པ་ཡེ་ཤེས་དང་རྒན་དམ་པའི་བུ་མོ་རིགས་རྒྱུད་བཅས་ཡོད། ཁྱིམ་འཁོར་དང་བཅས་པ་ལོ་དེའི་སྔ་ཕྱིའི་་ཟླ་འཁོར་ཁ་ཤས་རིང་ལྷ་བྲིས་ནས་དེར་བཞུགས། སྐུ་ཚེ་ཐ མ་ཕྱི་ལོ་༡༩༧༡ ལོར་བོན་གཞིས་དོ་ལན་ཇིར་སྐུ་ལ་སྙུང་གཞི་བཞེས་ནས་སྐུ་ཞི་བར་གཤེགས། དམ་པ་གང་ཉིད་རྒྱ་གར་ལ་ཕེབས་པའི་སྐབས་སུ་ཕུར་པ་སྒྲུབ་སྐོར། ཞི་ཁྲོ་སྒྲུབ་སྐོར། ཀུན་རིག་ལས་བཞི་རྒྱུན་ལྔ། བྱམས་མའི་སྒྲུབ་སྐོར། ཤིང་པར་ཅན་དཔེ་ཆ་ཚོམ་བུ་སོགས་མཉམ་དུ་(ད་དུང་དཔེ་ཆ་འགའ་ཡོད་ཚོད་འདུག)བསྣམས་རྒྱུ་ཡོད། ། ཕྱིས་སུ་དམ་པ་གང་ཉིད་འདས་པའི་རྗེས་སུ། ཕྱག་དཔེ་དེ་དག་ཡོངས་འཛིན་རིན་པོ་ཆེ་དང་། བརྩོན་འགྲུས་རིན་པོ་ཆེ་དང་། དཔལ་གཤེན་བསྟན་སྨན་རིའི་དགོན་བཅས་ལ་ཕ་དམ་པ་བསོད་ནམས་གྲགས་པས་ཆ་ཚང་བ་ཕུལ་འདུག
མཁས་དབང་དཔལ་ལྡན་ཚུལ་ཁྲིམས་ཀྱི་གསུང་རྩོམ་གྱི་སྐོར།
རྒན་དམ་པ་དཔལ་ཚུལ་ནི་ཞང་བོད་རིག་པའི་གནས་ཀུན་ལ་བྱང་ཆུབ་པའི་མཁས་པའི་དབང་པོ་ཞིག་ཡིན། དམ་པ་གང་ཉིད་ཀྱིས་མི་ཚེ་ཧྲིལ་བོར་ཞང་བོད་ཀྱི་ཤེས་རིག་སྐོར་གྱི་དཔེ་ཆ་མང་པོ་ཞིག་འཆད་རྩོམ་གནང་སྟེ་ཞང་བོད་ཀྱི་ཤེས་རིག་དར་སྤེལ་ཡོང་བར་མཛད་རྗེས་ཆེན་པོ་ཡོད་པ་ལགས། སྤྱིར་ཁོང་གི་སྨྱུག་མིང་ལ། ཚངས་སྲས་དགྱེས་པའི་གཡུང་དྲུང་དང་། པྲཛྙ་དང་། ཤྲི་མམ་ཤི་ལ་དང་། ལུང་རྟོགས་ཤེས་རབ་རྡོ་རྗེ་བཅས་བྲིས་སྲོལ་ཡོད། དམ་པ་གང་ཉིད་ཀྱིས་བརྩམས་གནང་བའི་ད་ལྟ་ཡོངས་སུ་གྲགས་པའི་བསྟན་འབྱུང་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་བྱུང་བ་བརྗོད་པའི་ལེགས་བཤད་སྐལ་པ་བཟང་པོའི་མགྲིན་རྒྱན་རབ་གསལ་ཆུ་ཤེལ་ནོར་བུའི་དོ་ཤལ་(ཡོངས་གྲགས་སུ་གཡུང་དྲུང་བོན་གྱི་བསྟན་འབྱུང་ཞེས་གྲགས།།)དང། ཆོས་འབྱུང་ཀུན་གསལ་མེ་ལོང་གི་གསུང་རྩོམ་ཁག་གཉིས་ནི་མ་ན་ལིར་བཞུགས་རིང་བྲིས་རྩོམ་གནང་ནས་མཇུག་བོན་གཞི་དོ་ལན་ཇིར་བསྡུས།
གཡུང་དྲུང་བོན་གྱི་བསྟན་འབྱུང་ནི། ཆོས་ལུགས་ཀུན་ལ་གསན་གཟིགས་གནང་བའི་རྩོད་དུས་ཀྱི་ཀུན་མཁྱེན་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་མཚན་ནས་བརྗོད་ན་མཁས་གྲུབ་འཇིག་མེད་ནམ་མཁའ་རྡོ་རྗེས་གསུང་འབུམ་མཐའ་ཡས་པ་མཛད་གྲས་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་བྱུང་བ་བརྗོད་པ་ལེའུ་བཀྲ་ཤིས་ཀྱི་གྲངས་ལྡན་ལ་བརྗོད་དོན་འདི་དང་འདི་ཞེས་རྩ་བའི་ཚིག་དོན་ཐོ་བྱང་དུ་བཀོད་པ་གནང་མྱོང་ཡོད། རིན་པོ་ཆེ་མཆོག་གི་བཀའ་དགོངས་ལྟར་རང་ལུགས་བོན་གྱི་བསྟན་འབྱུང་ལུང་རིགས་ཀྱིས་ཕྱུག་ཅིང་ཉམས་མྱོང་ཁུངས་ལྡན་ཡོད་པ་ཞིག་ཕྱོགས་བསྡུས་ཚིག་ཉུང་དོན་རྒྱས་སུ་བཀོད་དགོས་གསུང་པ་ཞང་ཞུང་ཁྱུང་ལུང་དངུལ་མཁར་དུ་དབུ་འཛུགས་བྱས་ཀྱང་མཇུག་ཡོངས་སུ་མ་གྲུབ། རྗེས་སུ་རྒྱ་གར་དུ་འབྱོར་སྐབས་མཁས་གྲུབ་དུ་མའི་བཀས་བཀུལ་བ་བརྟེན་ནས་ རྒྱ་གར་ཧི་མ་ཅལ་གྱི་མངའ་ཁུལ་སྨན་ལྗོངས་ས་ཡི་ཐིག་ལེ་ཐོབ་རྒྱལ་གསར་པ་དོ་ལན་ཇིར་ཡོངས་སུ་རྫོགས་པར་བྲིས་ནས་མཇུག་བསྡུས་པའོ། དཔར་རྩ་ཁྱུང་སྤྲུལ་རིན་པོ་ཆེའི་དངོས་སློབ་མཁས་མཆོག་རྡོ་རྗེས་བྲིས་ནས། ཕྱི་ལོ་༡༩༧༡ ལོར་རྒྱལ་ས་དྷི་ལིར་དཔར་དུ་བསྐྲུན།
ཆོས་འབྱུང་ཀུན་གསལ་མེ་ལོང་ནི། སྤྱི་ལོ་༡༩༦༤ ལོར་ཤིང་འབྲུག་ལོ་མ་ན་ལིར་བཞུགས་རིང་འགོ་བརྩམས་བྲིས་ཀྱང་རྒན་དམ་པ་ཁོང་ལོ་ན་རྒས་པ་དང་རོང་ཡུལ་ས་ཆ་འཕྲོད་མིན་གྱིས་ལུས་ལ་ན་རྐྱེན་མང་བ་དང་། གཞན་ཡུལ་དུ་ལྟོ་གོས་འབད་རྩོལ་ལས་བྱེད་ཀྱིས་བསྒྲུབ་དགོས་ཕྱིར་ལོ་མང་ཕྱིར་འགྱང་གིས་སླར་༡༩༧༡བོད་ལུགས་རབ་བྱུང་བཅུ་དྲུག་གི་ལྕགས་ཕག་ལོར་གོང་མའི་བཀའ་ལུང་ཆོས་འབྱུང་ལོ་རྒྱུས་རྣམས་ཀྱི་དགོངས་དོན་ཇི་བཞིན་དགུང་ལོ་བདུན་ཅུ་དུས་ཕྱོགས་བསྒྲིགས་སུ་བོན་གཞིས་དོ་ལན་ཇིར་མཇུག་ཡོངས་སུ་རྫོགས་པ་བྲིས། དཔར་རྩ་ཁྱུང་སྤྲུལ་རིན་པོ་ཆེའི་དངོས་སློབ་མཁས་མཆོག་རྡོ་རྗེས་བྲིས་ནས་རྒྱལ་ས་དྷི་ལིར་དཔར་དུ་བསྐྲུན།
བསྟན་བཅོས་ཡི་བཞིན་གཏེར་གྱི་མཛོད་ལས་རྩོམ་པའི་རྒྱན་གྱུར་སྙན་ངག་རྒྱན་གསུམ་གྱི་རྣམ་བཤད་ནོར་བུའི་མེ་ལོང་དབྱངས་ཅན་སྙིང་གི་ཐིག་ལེ་ཞེས་བྱ་བ་འདི་ནི། ཁོང་དགུང་ལོ་ཞེ་དགུ་ལོན་པའི་སྐབས་སུ་བརྩམས་པའི་བསྟན་བཅོས་ཞིག་ཡིན། རྒན་དཔལ་ཚུལ་དམ་པ་ཁོང་གདན་ས་བླ་ན་མེད་པ་དཔལ་གཤེན་བསྟན་རྣམ་རྒྱལ་ཀུན་གྲགས་གླིང་ངམ་མཚན་ཡོངས་སུ་གྲགས་པ་རབ་ལེགས་གཡུང་དྲུང་གླིང་གི་འདུས་པ་ཆེན་པོའི་བཤད་གྲྭ་རུ་ཡོངས་འཛིན་མཁས་པའི་དབང་པོ་དྲང་སྲོང་ཚུལ་ཁྲིམས་རྒྱལ་མཚན་གྱི་ཞལ་སྔ་ན་གཞུང་འདི་ཉིད་ལ་ཐོས་བསམ་སྦྱངས་བརྩོན་མཐར་འཁྱོལ་བགྱིས། སློབ་དཔོན་ཡོངས་འཛིན་མཆོག་དང་སྣང་སྟོན་མཁན་ཆེན་ཤེས་རབ་བློ་ལྡན་དབང་གི་རྒྱལ་པོ་རིན་པོ་ཆེས་རིག་གནས་ཀྱི་ཚོགས་ལ་ལེགས་བཤད་རེ་བསྐྲུན་པ་ནུས་ཚེ་བྱོས་ཤིག་ཅེས་པའི་བཀའ་གསུང་ཕེབས་པ་དང་། མཁས་གྲུབ་འཇིགས་མེད་ནམ་མཁའི་རྡོ་རྗེའམ་གཡུང་དྲུང་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་མཆོག་གི་ཞལ་སྔ་ནས་བཀའ་གསུང་སྔ་ཕྱི་ལན་མང་ཕེབས་པ་གྱེན་བཟློག་མ་ནུས་པར་བརྟེན། དེ་སྔ་སྟོད་མངའ་རིས་སྒར་དཔོན་ས་ལུང་པ་ལྷ་དབང་རྒྱལ་པོ་ཡབ་སྲས་དང་། སྒར་དཔོན་སྔོན་ལུང་པ། རྩེ་མགྲོན་དགའ་བྲང་བ། རིམ་བཞི་ཁྲོ་དགའ་བ། སྤུ་རྫོང་རིན་སྒང་བ། དཔོན་ཤུད་ཁུད་པ། གཙང་སྤྱི་ཟོམ་ཕུད་པ་སོགས་སྐུ་དྲག་མང་པོས་སྙན་ངག་གི་དཔེར་བརྗོད་རྒྱས་ཤིང་གོ་བདེ་བ་ཞིག་གྱིས་ཞེས་རིམ་བཞིན་བཀའ་ཡིས་བསྐུལ་ཚེ་དེ་དག་དང་འབྲེལ་མངའ་སྒར། གཙང་ཁུལ། ལྷ་ལྡན་རྣམས་སུ་གནས་སྐབས་དཔེར་བརྗོད་བྲིས་པ་རྣམས་དང་། ངོར་པའི་གདན་ས་ཆེན་པོ་ཨེ་ཝམ་ཆོས་ལྡན་དུ་བླ་བྲང་ཐར་རྩེའི་ཞབས་དྲུང་སོགས་ལ་སྙན་རྩིས་དང་བརྡ་སྤྲོད་ཁྲིད་ཞུའི་སྐབས་སུ་དཔེར་བརྗོད་བྱས་པ་བཅས་ཤོག་དྲིལ་ལག་ཉར་བྱས་པ་རྣམས་ཞང་ཞུང་ཁྱུང་ལུང་དངུལ་མཁར་གྱི་དབེན་གནས་སུ་སྔ་རྩོམ་གྱི་ཁ་བསྐངས་ཤིང་མཇུག་ཡོངས་སུ་ཟིན་པར་བྲིས་ནས་རྒྱ་གར་གྱི་རྒྱལ་ས་དྷི་ལིར་དཔར་དུ་བསྐྲུན།
རྒན་དམ་པ་གང་ཉིད་ཀྱི་སྙན་རྩོམ་ཐོར་བུ་ཁག་ནི། ལྷག་པའི་ལྷ་མཆོག་ཚོགས་ལ་མཆོད་བསྟོད་ཨུ་དུམ་ཝ་རའི་དགའ་ཚལ་དང་། ཕྱི་ནང་གསང་གསུམ་གྱི་བརྒྱུད་པའི་བླ་མའི་གསོལ་འདེབས་སྨིན་གྲོལ་དབང་བཞིའི་སྤྲིན་ཕུང་དང་། མཚོ་མ་པང་གི་གནས་བསྟོད་བུང་བའི་མགྲིན་གླུ་དང་། བྲུ་ཞུ་སྤ་རྨེའུ་གཤེན་གྱི་བླ་མ་རྣམས་ལ་གསོལ་འདེབས་བཅས་ནི། གནས་ཆེན་ཁྱུང་ལུང་དངུལ་མཁར་། གཙང་ལྗོངས་ས་ཡི་ཐིག་ལེ་གཡས་རུ་བཀྲིས་སྨན་རིའི་འདུས་ཚོགས། གཡས་རུ་གཙང་གི་ནོར་འཛིན་གྱི་ཐིག་ལེ་དཔལ་རྒྱལ་བ་གཤེན་གྱི་གདན་ས་དར་ལྡིང་། དཔལ་གཤེན་བསྟན་གཡུང་དྲུང་གླིང་། ཨེ་ཝམ་ཆོས་ལྡན་གྱི་བླ་བྲང་། ཞང་ཞུང་གུ་གེའི་ཡུལ་ལྷ་བའུ་ལྷ་བཙན། གནས་མཆོག་མ་ཕང་གཡུ་མཚོའི་སྒྲུབ་གནས་གསེར་བྲག་བྱ་སྐྱིབས་དབེན་ཁྲོད། ཞང་ཞུང་སྤོས་རི་ངད་ལྡན་གྱི་སྒྲུབ་གནས། དྭང་ར་གཡུ་བུན། ཞང་ཞུང་དབལ་རོང་བྲག་གི་སྒྲུབ་གནས། ཏི་སེ་གངས་ཀྱི་མདུན་ཞོལ་རྫུ་འཕྲུལ་ཕུག། སྒྲུབ་གནས་བྱ་རི་གཙུག་ལྡན་རི་ཁྲོད། དྭང་ར་ཁྱུང་རྫོང་སོགས་སུ་ཐོས་བསམ་སྒོམ་གསུམ་དང་སྒྲུབ་པ་ལ་གཞོལ་བའི་སྐབས་སུ་བྲིས།
དེ་བཞིན་དམ་པ་གང་ཉིད་ཀྱིས་བརྩམས་པའི་ཕྱག་རྩོམ་ཐོར་བུ་མང་པོ་ཞིག་མཆིས་པའི་ནང་ནས། ཁྱུང་སྤྲུལ་རིན་པོ་ཆེས་ཁུ་ནུ་རུ་བཙུན་མ་དོན་རྟོགས་བཟང་མོ་ལ་དྲང་སྲོང་མའི་སྡོམ་པ་གནང་ནས་ལོ་མང་པོའི་རྗེས་སུ་གྱ་བོང་དགེ་བཤེས་རིག་འཛིན་བསྟན་པས་རང་གི་ཞབས་ཕྱི་ཞིག་གི་ལག་ཏུ་དྲང་སྲོང་མའི་སྡོམ་པ་གནང་བ་ལ་འགག་བྲིས་ཞིག་ཕུལ་ཏེ། ལན་ཅི་ནས་ཀྱང་ཡོད་པ་ཞུས་པ་ལ། རིན་པོ་ཆེས་སྣང་འཇོག་དེ་ཙམ་མ་མཛད། ཕྱིས་སུ་སློབ་མ་རྣམ་པས་དགག་ལན་ཅིག་ངེས་པར་དུ་བྲིས་དགོས་འདུག་གསུང་པ་ལ་བརྟེན་ནས་རྒན་དམ་པ་དཔལ་ཚུལ་གྱིས་མུ་སྟེགས་པའི་ཀླད་པ་འཇོམས་བྱེད་དགག་ལན་ལུང་རིགས་ཐོག་མདའ་བཅས་པ་ཞིག་སྤེལ་འདུག་ཀྱང་། དུས་འགྱུར་རིམ་འགྲོས་ནང་རྩ་བརླག་ཏུ་ཕྱིན་ནས་ད་ལྟ་མཇལ་སྐལ་དུ་མ་འགྱུར། ད་དུང་རྒན་དམ་པ་ཁོང་གིས་ནག་རྩིས་ཞིག་ཡོད་པའི་ལོ་རྒྱུས་དམ་པ་གང་ཉིད་དང་དུས་མཉམ་པའི་རྒན་གྲས་དག་གི་ཁ་རྒྱུན་ལས་རིམ་པར་གླེང་རྒྱུ་འདུག་ཀྱང་ད་ལྟ་མཇལ་སྐལ་དུ་མེད།
རྒྱལ་བའི་བཀའ་པོད་རྣམས་ཡིག་བྲིས་དང་དཔར་བསྐྲུན་གྱི་ཞབས་ཞུ་སྒྲུབ་པའི་སྐོར།
གུར་གྱམ་དགོན་དུ་བཞུགས་པའི་སྐབས་རྒན་དམ་པ་དཔལ་ཚུལ་གྱིས་ཁྱུང་སྤྲུལ་རིན་པ་ཆེ་མཆོག་གི་བཀའ་དགོངས་ལྟར་རྒྱལ་བའི་བཀའ་པོད་རྣམས་ཡིག་བྲིས་དང་འཕྲུལ་དཔར་གྱི་དོན་དུ་རྒྱ་གར་གྱི་རྒྱལ་ས་དྷི་ལིར་སྔ་ཕྱི་ལན་མང་ཕེབས་ནས། རྩིས་དཔེ་པོད་ཆེན་གཉིས་འཕྲུལ་དཔར་ཚར་ཉིས་བརྒྱ་ཁ་ལྷག་དང་། ཉེར་མཁོའི་རྩིས་བསྡུས་ཟུར་བཀོལ་བརྒྱ་བཅས་སུམ་བརྒྱ། གསང་གླིང་གཏེར་བྱོན་ཐུགས་རྗེས་ཀུན་སྒྲོལ་ཟབ་གཅོད་སྒྲུབ་སྐོར་ཆ་ཉིས་བརྒྱ། ལྕགས་ཡོས་ལོ་ཐོ་དང་། དེ་བཞིན་རིན་པོ་ཆེ་མཆོག་གི་སྨན་དཔེའི་དཔར་རྩ་བྲིས་ཏེ་སྨན་དཔེ་ལེའུ་བཞི་ལྡན་པོད་གཅིག་ཚར་སུམ་བརྒྱ་དང་། ཆུ་འབྲུག་ཆུ་སྤྲུལ་གྱི་ལོ་ཐོ། བདེར་འདུས་དང་སྐུ་གསུམ་རང་ཤར། བསང་བཀའ་སྐྱོང་། ཞུ་ལུགས་ཉེར་མཁོ། ཚེ་དབང་བྱ་རི་མ་བཅས་ཉིས་བརྒྱ་རེ དཔར་བསྐྲུན་གྱིས་ཞབས་ཞུ་སྒྲུབ།
གཞན་ཁྱུང་བཙུན་བསྟན་པ་ཚུལ་ཁྲིམས་ཀྱིས་སྦྱིན་བདག་བྱས་པའི་མགར་སྟོན་ཕུར་པའི་སྒྲུབ་སྐོར་དཔལ་ཚུལ་གྱིས་བྲིས། སྤ་སྤྲུལ་བསྟན་པ་རྒྱལ་མཚན་དང་དགེ་སློང་བསྟན་འཛིན་དབང་གྲགས་མཆོག་ཟུང་ནས་སྦྱིན་བདག་མཛད་པའི་ཨ་ཁྲིད་སྔོན་འགྲོའི་ཁྲིད་ཡིག་བཀའ་ལུང་རྒྱ་མཚོ་དཔལ་ཚུལ་གྱིས་བྲིས། བཟང་རྒྱལ་དང་རྒན་དམ་པ་དཔལ་ཚུལ་ཁོང་རྣམ་པ་གཉིས་ཀྱིས་སྐྱ་བོ་བླ་མ་ཚང་གི་རྒྱལ་བའི་བཀའ་འགྱུར་དྲི་མེད་གཟི་བརྗིད་ཀྱི་པོད་རྣམས་ཞུ་དག་གནང་། ཁྱུང་སྤྲུལ་རིན་པོ་ཆེའི་སྨན་དཔེའི་དཔར་རྩ་རྒན་དཔལ་ཚུལ་གྱིས་བྲིས་པ་བཅས། དམ་པ་གང་ཉིད་ཀྱིས་བརྩམས་གནང་བའི་གསུང་རྩོམ་ཁག་དང་ཞུ་དག་དང་ཡིག་བྲིས་སོགས་གནང་བའི་ངོ་སྤྲོད་མདོར་ལ་བསྡུས་པ་ཙམ་མོ། ། ཐ་ཚན་མུ་ཙུག་སྨར་རོ། །
 

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།