ཞང་ཞུང་སྟོང་རྒྱུང་མཐུ་ཆེན་དང་བོད་ཤ་རི་དབུ་ཆེན་གཉིས་ཀྱི་བྱུང་རབས་དང་འབྲེལ་བའི་སྐོར།

[ཟླ་ཚེས། 2014-08-19 18:26:04][རྩོམ་པ་པོ། གཟི་གཡང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

ཞང་ཞུང་སྟོང་རྒྱུང་མཐུ་ཆེན་དང་བོད་ཤ་རི་དབུ་ཆེན་གཉིས་ཀྱི་བྱུང་རབས་དང་འབྲེལ་བའི་སྐོར།

ལོ་ཙ་དང་པཎ་ཆེན་གཉིས་མཉམ་གྱི་མཁས་པའི་དབང་ཕྱུག འབྱུང་བཞི་ལ་རང་དབང་བསྒྱུར་ནུས་པའི་གྲུབ་ཐོབ་ཆེན་པོ་མཁས་གྲུབ་གཉིས་ལྡན་གྱི་སྒོ་ནས་འཕྲུལ་ངག་བདེན་པའི་བསྟན་པ་རིན་པོ་ཆེ་གངས་ཅན་གྱི་ལྗོངས་སུ་ཆེས་ཆེར་སྤེལ་བའི་རྩ་ལག་དམ་པར་གྱུར་པའི་ཞང་ཞུང་སྟོང་རྒྱུང་མཐུ་ཆེན་དང་བོད་ཤ་རི་དབུ་ཆེན་གཉིས་ནི། རྒྱལ་བའི་བཀའ་རྣམས་ཞང་ཞུང་ནས་བོད་སྐད་དུ་སྒྲ་བསྒྱུར་མཛད་མཁན་གྱི་མཁས་དབང་རྨད་དུ་བྱུང་བ་ཞིག་ཡིན། བོན་གཤེན་དེ་གཉིས་ཀྱིས་བསྒྱུར་བའི་ལུང་མཚན་ཉིད་སྲིད་པའི་མཛོད་ཕུགས་དེ་ཞང་བོད་ཤན་སྦྱར་ཀྱི་དཔེ་ཆ་རིང་ཤོས་ཞིག་ཡིན་པས་མ་ཚད།།ཞང་བོད་ཐ་སྙད་རྩོམ་སྒྲིག་གནང་མཁན་ཚོའི་དཔྱད་གཞིའི་མ་དཔེ་མེད་དུ་མི་རུང་བ་ཞིག་ཀྱང་ཆགས་ཀྱི་ཡོད། གཤེན་པོ་དེ་གཉིས་ཀྱི་བྱུང་རབས་སོགས་ཇི་ལྟར་ཡིན་མིན་གྱི་སྐོར་སྐབས་སུ་བོན་གཞུང་ཕྱག་དཔེ་མཐུན་རྐྱེན་གང་འཛོམ་གྱི་དོན་ལ་རང་བློས་གོ་བ་ལོན་ཚོད་དང་བསྟུན་ནས་འདིར་ས་བཅད་གསུམ་དུ་ཕྱེས་ནས་འཆད་པར་སྤྲོ།

༼ས་བཅད་དང་པོ་སྟོང་རྒྱུང་གོ་སྐོར།༽
༡༽ལྟས་བཟང་དུ་མ་དང་བཅས་སྐུ་འཁྲུངས་ཚུལ་གྱི་སྐོར།

   དེ་ཡང་ཡབ་ཞང་ཞུང་གི་རྒྱལ་པོ་མཐོང་ཚད་དོན་ཁྲིད་ཀྱི་རྨི་ལམ་དུ་རྒྱལ་བ་སྟོན་གཙོའི་ཐུགས་ཀ་ནས་འོད་སྔོན་པོ་ཞིག་དང་། མཚན་ལྡན་གཙུག་གཤེན་རྒྱལ་བའི་ཐུགས་ཀ་ནས་ཨ་དཀར་པོ་གཅིག་སྤྱི་བོར་བབས་ནས་སྙིང་དཀྱིལ་དུ་ཞུགས། སྙིང་དཀྱིལ་ནས་སྒྲོན་མེ་གཅིག་འབར་བས་འཇིག་རྟེན་གསལ་ནུས་པ་རྨིས། ཡུམ་སྟོང་གསལ་སྒྲོན་མའི་རྨི་ལམ་དུ་སྟོང་གསུམ་གསལ་བའི་ཉི་མ་ཞིག་ཁོང་དུ་ཞུགས་པ་རྨིས། ཕྱི་ཉིན་གསུངས་སྙན་འཇོལ་མོ་གཅིག་གིས་སྐད་དབྱངས་ལན་དགུར་གྲགས་པ་ལ། ཡབ་དང་ཡུམ་དང་ཡུལ་མི་རྣམས་ཀྱིས་གཙུག་གཤེན་རྒྱལ་བའི་རྣམ་སྤྲུལ་རིག་འཛིན་ཆེན་པོ་འཁྲུངས་ཟེར་བ་སོགས་གོ་ལུགས་མི་འདྲ་བ་དགུ་རུ་གོ། དེ་ནས་ཟླ་དགུ་ངོ་བཅུ་ནས་སྲས་མཚན་དཔེ་དང་ལྡན་པ་ཤིན་ཏུ་ངོ་མཚར་ཆེ་བ་ཞིག་དགེ་མཚན་གྱི་ལྟས་བཟང་དུ་མ་དང་བཅས་སྐུ་བལྟམས། དེ་ལ་བོན་གཤེན་རྣམས་ཀྱིས་ཁྲུས་དང་བྱིན་རླབས་མཛད་ནས་མཚན་ཡང་རིག་འཛིན་ཆེན་པོ་སྟོང་རྒྱུང་མཐུ་ཆེན་དུ་གསོལ་ལོ་ཞེས་གཤེན་པོ་དེ་ཉིད་སྐུ་སྐྱེ་བ་མངོན་པར་བཞེད་ཚུལ་གྱི་སྐོར་རྣམས་སྐྱང་སྤྲུལ་དྲི་མེད་འོད་ཟེར་མཆོག་གིས་བྲིས་གནང་བའི་སྟོང་རྒྱུང་རྣམ་ཐར་ནང་་གསལ་བ་ལྟར་འདིར་དྲངས་པ་ཡིན།

༢༽སྟོང་རྒྱུང་མཐུ་ཆེན་ཞེས་པའི་མཚན་གྱི་སྒྲ་བཤད་ཀྱི་སྐོར།

   སྟོང་རྒྱུང་མཚན་གྱི་སྒྲ་བཤད་ཀྱི་སྐོར་སྐྱབས་སྟོན་རིན་ཆེན་འོད་ཟེར་གྱིས་མཛད་པའི་ཁྲོ་བོ་དབང་ཆེན་ངོ་མཚར་རྒྱས་པའི་རྣམ་བཤད་གསལ་བའི་སྒྲོན་མེའི་ནང་། གསུམ་པ་སྨད་ཀྱི་མཁས་པ་མི་བཞི་ནི། ཞང་ཞུང་སྐྱེས་པའི་གནས་ཏེ། ན་ག་ལིའི་གྲོང་ཁྱེར་དུ་བཤད་ཅིང་། སྟོང་ནི་གྲངས་ཏེ་ཞང་བོད་ཀྱི་སྐད་དོད་མཐུན་ལ། རྒྱུང་ནི་གསས་ཡིན་པས་གསས་མཁར་སྟོང་བདག་ཟེར་སྲིད་པའམ། རྒྱུང་སྲུད་སྟོང་རྒྱུང་ལ་སོགས་སྟོད་ཀྱི་རྒྱུང་དགུའི་གནས་ལ་བཞུགས་པའི་མཚན་ཏེ། འདི་ལ་བྱང་གི་གཤེན་པོ་ཟེར་བ་དང་། ཁ་ཅིག་ནས་བཙོ་མེན་གྱེར་རྒྱུང་ཡང་ཟེར་རོ། དེ་མན་ཆད་དུ་གྲུབ་རྟགས་གསུམ་གྱི་ནང་ནས་རྫུ་འཕྲུལ་གྱི་མཐུ་ཆེ་བའོ། ཡང་དེ་ཉིད་ལས། སེ་ལྡེ་མེ་ཉག་གསུམ་གྱིས་སློབ་དཔོན་སྟོང་རྒྱུང་ལ་དུས་གཅིག་ལ་ཞུས་ནས། བཀའ་བརྒྱ་བཀྲོལ་བས་སྟོང་གསས་མིང་སྐད་དོ་ཞེས་འཁོད། སྟོང་རྒྱུང་གྱི་མཚན་གྱི་རྣམ་གྲངས་གཞན་ལ་ཞང་ཞུང་ཙོ་མིན་གྱེར་ཆེན་དང་སྟོང་གྱེར་རྒྱུང་ཡིན་པ་ནི། རིག་འཛིན་ཆེན་པོ་སྟོང་རྒྱུང་མཐུ་ཆེན་གྱི་ཞལ་གདམས་གསེར་གྱི་ཡང་ཞུན་ཞེས་བྱ་བ་ནང་། གནམ་མཚོའི་དོ་ཤལ་ལ་ཞང་ཞུང་ཙོ་མིན་གྱེར་ཆེན་ཡང་ཟེར། དེ་བཞིན་དུ་དར་རྒྱས་གསལ་སྒྲོན་ནང་སྒྲ་དབྱངས་ལས་ལུང་དྲངས་པ་ལྟར་ན། ཁྲི་སྲོང་ལྡེ་བཙན་གྱིས་བོན་དཔེ་མེད་དུ་བསྣུབས་དུས། ལ་ལ་ལྷོ་བལ་མོན་དུ་གཤེགས་པར་བགྱིས། ལ་ལ་བྱང་ཁ་མོན་དུ་གཤེགས་པར་མཛད། ལ་ལ་འགོག་པ་ལ་བཞུགས་སོ། ཞེས་པས་སོ། དབལ་ལྷ་ཁྲི་དང་། མེ་ཉག་སྟག་གསས་དང་། ཁྱུང་པོ་ནེ་ཁྲོམ་གྱི་མགོས་མཛད་པ་རྣམས་ནི། བྱང་ཉལ་ངམ་ལ་བྱོན་ནོ། སྟོང་གྱེར་རྒྱུང་དང་ཉང་དཔལ་མཐོང་ལ་སོགས་ལྷོ་བྲག་གི་གཏིང་དུ་བྱོན་ནོ། སྙན་གྱེར་རྒྱུང་དང་། ཞང་ཞུང་སྟག་ཐུལ་ཅན་ལ་སོགས་པ་ནི་བལ་པོ་བསེ་རིབ་ལ་བྱོན་ནོ་ཞེས་འཁོད་ཡོད་པས། སྟོང་རྒྱུང་མཐུ་ཆེན་ལ་སྟོང་གྱེར་རྒྱུང་ཡང་བྲིས་སྲོལ་ཡོད་པར་གསལ།
   སྤྱིར་བོན་གཤེན་སྟོང་རྒྱུང་གི་མ་ཡུམ་ཆེན་མོའི་མཚན་ལ་སྟོང་གསལ་སྒྲོན་མ་ཡིན་པ་སོགས་ནི། སྐྱང་སྤྲུལ་དྲི་མེད་འོད་ཟེར་གྱིས་གངས་ཅན་བོན་གཞུང་རིག་གཏེར་ནང་རིག་འཛིན་ཆེན་པོ་སྟོང་རྒྱུང་གི་རྣམ་ཐར་ནང་བྲིས་གནང་ཡོད་པས། དེ་ལྟར་ལ་གཞིགས་ན། སྟོང་རྒྱུང་མཐུ་ཆེན་ཞེས་པའི་སྟོང་གི་མཚན་མ་ཡུམ་གྱི་མཚན་ལས་མཆེད་པར་ཡིན་ནའང་ཐང་།། གང་ཡིན་ལགས་ན་མའི་མཚན་ཕྱེད་བུ་ལ་ཐོགས་པའི་ལུགས་སྲོལ་བོན་རྒྱལ་རིམ་བྱོན་གྱི་མཚན་ལས་ཤེས་ཐུབ།།
   ཞུ་ཉི་མ་གྲགས་པས་མཛད་པའི་སྒྲ་ཡི་དོན་སྡེབ་སྣང་གསལ་སྒྲོན་མེ་ནང་། ཞང་ཞུང་གི་སྐད་དོད་དུ་སྟོང་རྒྱུང་མཐུ་ཆེན་གྱི་མཚན་ལ་དཔོན་གསས་རྩལ་ནེ་ཞེས་བྲིས་གནང་ཡོད་པས། དེ་ཡང་སྟོང་རྒྱུང་ལ་ཞང་ཞུང་གི་སྐད་ནང་དཔོན་གསས་དང་མཐུ་ཆེན་ལ་རྩལ་ནེ་ཞེས་སྒྲ་བསྒྱུར་གནང་ཡོད།
   ཡང་སྟོང་ཞེས་པ་དེ་གྲངས་ཚད་ཙམ་ལ་མ་གོ་བར་ཡུལ་ལུང་ལའང་འཇུག་སྟེ། མཛོད་གནས་བཅུ་བདུན་གྱི་འགྲེལ་པ་མཁས་པ་མི་བཞིས་མཛད་པ་བཞུགས་སོ་ཞེས་པའི་ནང་། ཤོག་གྲངས། ༥༦ ལས། མི་རིགས་ལྕམ་དྲལ་བརྒྱད་ཅེས་བྱ་བ་ནི། སྟོང་དང་སུམ་པ་དང་། སེ་གཞ་དང་། དབྲ་ཞང་ཞུང་། རྒྱལ་རྟང་རྗེ་རྣམས་མིང་དང་སྲིང་དུ་སྲིད་པ་ཡིན་ནོ་ཞེས་འཁོད་ཡོད།
   ཡང་དོགས་གནས་ཞིག་ལ། སྟོང་རྒྱུང་མཐུ་ཆེན་དང་ལི་བོན་སྟོང་རྒྱུང་མཐུ་ཆེན་གཉིས་བོན་གཤེན་སྟོང་རྒྱུང་གི་མཚན་གྱི་རྣམས་གྲངས་ཡིན་མིན་ལ་དོགས་ཤས་ཆེ། གང་ཡིན་ལགས་ན། སྟོང་རྒྱུང་གི་འཁྲུངས་གནས་ནི་ཞང་ཞུང་ལས་ལི་ཡུལ་མ་ཡིན་པ་ནི་བོན་གཞུང་དག་ལས་ཤེས་ཐུབ་པ་དང་། ཞང་ཞུང་གི་བོན་པོ་སྟོང་རྒྱུང་མཐུ་ཆེན་ལས་ལི་བོན་ཞེས་མཚན་གྱི་འགོ་སྟོད་དུ་སྦྱར་བའི་ལུགས་མེད། ལི་བོན་སྟོང་རྒྱུང་མཐུ་ཆེན་ཞེས་པའི་མཚན་ཁུངས་ནི། ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱིས་བརྩམས་པའི་ལེགས་བཤད་རིན་པོ་ཆེའི་གཏེར་མཛོད་ནང་། དེས་ལི་ཡུལ་ལྗང་ར་སྨུག་པོར་ལི་བོན་སྟོང་རྒྱུང་མཐུ་ཆེན་ལ་བཤད། དེས་ཞང་ཞུང་གི་ཡུལ་དུ་གེ་ཏི་གསས་རྔ་ཆུང་ཅན་ལ་བཤད་པ་སོགས་འཁོད་ཡོད། དེ་ལྟར་ལ་གཞིགས་ན་ལི་བོན་སྟོང་རྒྱུང་མཐུ་ཆེན་དང་ཞང་ཞུང་སྟོང་རྒྱུང་མཐུ་ཆེན་གཉིས་གང་ཟག་གཅིག་མ་ཡིན་པར་ཐ་དད་གཉིས་སུ་སྣང་།

༣༽སྟོང་རྒྱུང་ནམ་འཁྲུངས་པའི་དུས་ཚིགས་ཀྱི་སྐོར།

   སྟོང་རྒྱུང་ནམ་འཁྲུངས་པའི་དུས་ཚིགས་ཀྱི་སྐོར་རྣམས་མཁན་ཆེན་ཉི་མའི་བསྟན་རྩིས་དང་དཔྱད་གསུམ་དག་རྩིས་ནང་གསལ་བར་ལྟར་ན། དེ་ཡང་རིག་འཛིན་ཆེན་པོ་ཁོང་མུ་ཁྲི་བཙན་པོ་དང་དིང་ཁྲི་བཙན་པོའི་བར་ལ་འཁྲུངས་ཡོད་པ་ནི་ཕྱག་དཔེ་དེ་གཉིས་ནང་གཅིག་མཚུངས་སུ་བཀོད་ཡོད།
   མཁན་ཆེན་ཉི་མས་མཛད་པའི་གཡུང་དྲུང་བོན་གྱི་བསྟན་རྩིས་ངོ་མཚར་ནོར་བུའི་ཕྲེང་བ་ཞེས་བྱ་བ་བཞུགས་པའི་ནང་། ཕྱ་རྗེ་ཡབ་བླ་བདལ་དྲུག་ཉིད། སྐུ་གཤེན་མཚེ་མི་གཅོའུ་བཅས། དགུང་ནས་དོག་ལ་བབས་ནས་ཀྱང་། གཉའ་ཁྲི་བཙད་པོར་མཚན་གསོལ་ལོ། དེ་ལ་མཁའ་རེས་(༦༠)ཕྲི་བ་ཡི། ཤིང་བྱིར་སྨྲ་སེང་འཇམ་པའི་དབྱངས། རྒྱ་ནག་རི་བོ་རྩེ་ལྔ་རུ། རང་བྱུང་རྫུས་སྐྱེས་ཚུལ་བསྟན་ནས། རྩིས་རྒྱུད་ཐོག་མར་གསུངས་པའི་ལོ། དེ་ལ་མིག་ཕྲི་མེ་སྟག་ལོར། རྒྱལ་གཤེན་མུ་ཁྲི་བཙད་པ་བལྟམས། དེ་ལ་ཀླུ་མིག་ཕྲི་བ་ཡི། ཤིང་རྟར་སྣང་མདོག་བོད་དུ་ཕེབས། མེ་ཏོག་སྤུངས་པར་འཚོ་མཛད་དང་། ཕྲོམ་ཡུལ་གེ་སར་རྒྱལ་པོ་བལྟམས། དེ་ལ་མཁའ་རིས་(༧༠)ཕྲི་བ་ཡི། ཤིང་འབྲུག་སྟོང་རྒྱུང་མཐུ་ཆེན་བལྟམས།(༣༨༡༢) དེ་ལ་སྲིན་པོས་ཕྲི་བ་ཡི། ཆུ་གླང་དིང་ཁྲི་བཙད་པོ་བལྟམས་ཞེས་དང་། 
   འཇིགས་མེད་ནམ་མཁའི་རྡོ་རྗེས་མཛད་པའི་དཔྱད་གསུམ་དག་རྩིས་བསྐལ་སྲིད་དུས་ཀྱི་འཁོར་ལོ་ལས་ཞག་གསུམ་རྩིས་གཞུང་ནམ་མཁའི་གཏེར་མཛོད་ཅེས་བྱ་བ་བཞུགས་སོ་ཞེས་པའི་ནང་། མིག་ཕྲི་མེ་སྟག་གདུང་རྒྱུད་རྒྱལ་གཤེན་ཆེ། མུ་ཁྲི་བཙན་པོ་བལྟམས་(༢༩༩༨) ཚུན་ཀླུ་གཏར་(༩༨) ཞུ། ཤིང་འབྲུག་རིག་འཛིན་སྟོང་རྒྱུང་མཐུ་ཆེན་(༢༩༠༠) འཁྲུངས། དེ་ལ་སྲིན་པོས་སྦྱངས་པའི་ཆུ་གླང་ལོར། དིང་ཁྲི་བཙན་པོ་སྐུར་བལྟམས་བཟང་པོས་སྦྱངས་པ་ཞེས་སོགས་གསལ། བོན་འབྱུང་དག་ལས་ཀྱང་མུ་ཁྲིའི་སྐབས་མཚམས་ནས་ཡོད་པ་སོགས་ཀྱི་ལོ་རྒྱུས་གང་མང་ཐོན།

༤༽སྟོང་རྒྱུང་རྒྱལ་རབས་དུ་མའི་རིང་ལ་མཛད་འཕྲིན་བསྐྱངས་ཡོད་པའི་སྐོར།

   སྟོང་རྒྱུང་དང་དྲན་པ་ལ་སོགས་པའི་གྲགས་ཆེ་བའི་སྐྱེས་ཆེན་དུ་མ་ཞིག་རྒྱལ་བརྒྱུད་རིམ་པ་མང་པོའི་ནང་མཛད་འཕྲིན་བསྐྱངས་ཡོད་པ་སོགས་ཀྱི་ལོ་རྒྱུས་བོན་གཞུང་ནང་མཇལ་རྒྱུ་ཡོད། དེ་ཡང་སྟོང་རྒྱུང་མཐུ་ཆེན་ནི་བོད་རྒྱལ་གཉིས་པ་མུ་ཁྲི་བཙན་པོ་ནས་ཁྲི་སྲོང་ལྡེའུ་བཙན་བར་གྱི་རྒྱལ་བརྒྱུད་རིམ་པའི་ཕྲེང་བའི་ནང་སྐྱེས་ཆེན་དེ་ཉིད་ཀྱིས་མཛད་འཕྲིན་སོགས་བསྐྱངས་ཡོད་པའི་ལོ་རྒྱུས་ཁ་གསལ་བོན་གཞུང་ཕྱག་དཔེ་དུ་མ་ནང་གསལ་གྱི་ཡོད། སྤྱིར་གྲགས་ཆེ་བའི་སྐྱེས་ཆེན་དེ་ཉིད་རྒྱལ་བརྒྱུད་རིམ་པའི་ཕྲེང་བ་གང་མང་ནང་བཞུགས་པའི་ལོ་རྒྱུས་དེང་རབས་རིག་པ་སྨྲ་བ་ཚོའི་བློ་ལ་ཤོང་བར་དཀའ་ཡང་། གྲུབ་ཐོབ་ཆེན་པོ་རྣམས་ནི་ཚེ་ལ་དབང་བའི་རིག་འཛིན་ཤ་སྟག་ཡིན་སྟབས་སྐུ་ཚེ་ལོ་གྲངས་བརྒྱ་ཕྲག་ཁ་ཤས་བཞུགས་པ་སོགས་ཀྱི་ལོ་རྒྱུས་བན་བོན་གྱི་ལོ་རྒྱུས་ཐ་དག་ལ་ཡོད། དེ་ཡང་སྒྲུབ་ཐབས་ལས། ཐེག་དགུའི་བདག་ཉིད་གསང་བདག་གྲུབ་ཐོབ་ང་། རྒྱུན་ཞུགས་ཚེ་ཡི་རིག་འཛིན་མངོན་དུ་གྱུར། ཞེས་དང་། རྒྱལ་རབས་བོན་གྱི་འབྱུང་གནས་ལས། གཤེན་པོ་འདི་རྣམས་ནི། ཕལ་ཆེར་ཚེའི་དངོས་གྲུབ་ཐོབ་པ་ཡིན་པས། རྒྱལ་རབས་མང་པོའི་བར་དུ་བླ་མཆོད་བྱས་ཤིང་རྒྱལ་གོང་ན་གཤེན་གཉན་པ་དེ་ལྟར་ལགས་སོ་ཞེས་དང་། གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས་ལས། འདི་ཕྱིན་མཁས་བཞི་ལ་སོགས་རིག་འཛིན་ཕལ། ཚེ་ལ་དབང་ཐོབ་དགུང་ལོ་གཉིས་སྟོང་སྐོར། བཞུགས་ཤིང་བསྟན་འགྲོའི་དོན་མཛད་མང་བ་སྟེ། སོ་སོར་ལོ་ཚོད་འདི་བཞུགས་བརྗོད་མི་དཔག་ཅེས་གསུངས་པའི་ཕྱིར་རོ། །

སྟོང་རྒྱུང་མུ་ཁྲིའི་སྐབས་སུ་ཡོད་པའི་ལོ་རྒྱུས་ནི།

    ནམ་མཁའ་ནོར་བུས་བརྩམས་པའི་ཞང་བོད་ལོ་རྒྱུས་ཏི་སེའི་འོད་ནང་། དེ་ཙམ་ན་གཤེན་རབ་ཆེན་པོ་(གཤེན་ནམ་མཁའ་སྣང་བ་མདོག་ཅན་)དེ་ལ་རྒྱལ་མུ་ཁྲི་བཙད་པོ་དང་ངྷེ་བ་ཟ་རོང་མེ་འབར། བོན་མོ་སྟག་ཝེར་ལི་ཝེར། ཞང་ཞུང་སྟོང་རྒྱུང་མཐུ་ཆེན། སེ་ལྡེ་མེ་གསུམ་ལ་སོགས་ལས་ཅན་དག་པའི་འཁོར་བདུན་གཙོར་བྱས་པས་འཁོར་རྣམས་ཀྱིས་གཡུང་དྲུང་ཐིག་ལེ་དབྱིངས་ཆེན་གསས་མཁར་གསང་བ་སྒོ་དགུ་ཡི་དམ་(བཀའ་)ཀྭ་ཆེན་བརྒྱད་ཀྱི་རྒྱུད་ལུང་རྫོགས་པར་ཞུས་སོ་ཞེས་མུ་ཁྲིའི་སྐབས་སུ་ཡོད་པར་གསལ།

གྲི་གུམ་དང་སྤུ་ལྡེའི་སྐབས་སུ་ཡོད་པའི་སྐོར་ལ།

   བོན་གཞུང་དུ་མ་ནང་གསལ་ཡོད་ཀྱང་། དེ་དག་གི་ལོ་རྒྱུས་ལ་མགོ་འཇུག་བར་གསུམ་དུ་ལེགས་པར་བཀླགས་ཀྱང་ལོ་རྒྱུས་ལ་འགལ་འཛོལ་ཤོར་བ་སོགས་དུ་མ་སྣང་། དེ་ཡང་རིག་འཛིན་གྱེར་མི་ཉི་འོད་ཀྱི་༼གྱེར་མི་སྐྱང་འཕགས་ཆེན་པོའི་༽སྐྱེས་རབས་རྣམ་ཐར་ཡོན་ཏན་ཐུགས་རྗེ་ཉི་མ་བཞུགས། ༡༣།༡༦ ལས། རིག་འཛིན་ཀུན་བསྡུས་གྲི་གུམ་མཆིད་གླེངས་པ། བདག་སོགས་རྒྱལ་རབས་བཞི་བཅུའི་བར་དུ་ནི། རྒྱལ་གྱིས་བོན་བསྐྱངས་བསྟན་པ་ཡོངས་ལ་ཁྱབ། བཀུར་སྐྱབས་ཁྱེད་ཀྱིས་དྲིན་དུ་མི་ཚོར་བར། གདུང་རྒྱུད་བཅད་ནས་བདག་མཁར་དབང་དུ་བསྡུས། བདག་བཀའ་ཆོལ་བུར་རྒྱལ་པོའི་ཁྲིམས་ཀྱང་བཤིག བཀུར་བ་དྲག་ཏུ་བགྱིས་ན་སེམས་ཆགས་ཟློ། མ་བཀུར་སྙིང་རིང་བྱས་ན་མཐུ་ཡང་བསྐྱལ། བོན་པོ་ཁྱེད་དག་བསྟེན་པས་ང་ར་ཕུང་། བདག་གིས་བཟང་ངན་བསམ་པ་ཅི་བྱས་ཀྱང་། ནམ་ཡང་ཁྱེད་ཀྱི་མཐུ་ཡིས་གསོད་ཚོད་གཅིག རྣ་བས་མི་ཐོས་ཡུལ་དུ་མྱུར་དུ་སོང་། མི་འགྲོ་འདུག་ན་མཐུ་དང་མཚན་གཉིས་ལ། གང་སྔ་ད་ལྟ་མྱུར་དུ་ཚད་པ་ཡིན། དེ་ཟེར་རིག་འཛིན་རྣམས་ཀྱིས་མ་གསུངས་པར། གོ་བར་སྟོང་རྒྱུང་མཐུ་ཆེན་བཀའ་སྩལ་པ། རྒྱལ་པོ་གླེན་པ་དར་མ་བཙན་པོ་ཉོན། ཁྱོད་ཀྱི་ཡབ་སོགས་རྒྱལ་རབས་བཞི་བཅུའི་བར། བཀའ་ཁྲིམས་བསྟན་པ་བོན་གྱིས་དར་བར་མཛད་ཞེས་གྲི་གུམ་སྐབས་ཀྱི་བྱུང་བ་བརྗོད་པ་ལྟར་སྣང་ཡང་། ལེགས་པར་བརྟགས་ཚེ་དེ་ལྟར་མ་ཡིན་པ་གསལ་པོར་ཤེས་ཐུབ། དེ་ཡང་རིག་འཛིན་ཀུན་བསྡུས་སར་གྲི་གུམ་གྱིས་མཆིད་གླེངས་ཚེ་བདག་སོགས་རྒྱལ་རབས་བཞི་བཅུའི་བར་དུ་ནི་ཞེས་དེ་ལྟར་མཆིད་འགོ་གླེང་སྟངས་ལ་བསམ་ན། བོད་རྒྱལ་ཐོག་མ་གཉའ་ཁྲི་ནས་གྲི་གུམ་བར་རྒྱལ་རབས་བཞི་བཅུ་འགྲོ་མེད་པ་ནི་ཆུང་བྱིས་པ་ཡིན་ཀྱང་ཤེས། ཡང་སྟོང་རྒྱུང་མཐུ་ཆེན་གྱིས་རྒྱལ་པོ་གླེན་པ་དར་མ་བཙན་པོ་ཉོན་ཞེས་བཀའ་སྩལ་བཏང་གི་ཚིག་ཟུར་ལ་བལྟས་ན། ལོ་རྒྱུས་བྲིས་མཁན་གྱིས་རྒྱལ་པོ་གླང་དར་མ་དང་འཁྲུལ་མེད་ན་བསམ་པའི་དོགས་གཞི་ཆེ།
   དྲན་པའི་ལུང་བསྟན་ཆུང་བ་ལས། སློབ་དཔོན་སྟོང་རྒྱུང་གནམ་མཚོའི་དོ་ལ་བྱིན་རླབས་བཅུ་གཉིས་ཀྱི་སྒྲུབ་པ་མཛད་ཅིང་བཞུགས་པས། བཙན་པོ་ཁྲི་ལྷས་གདན་དྲངས་ནས་ཞུས་པ། མཁས་རྟོགས་དོན་དང་ལྡན་པའི་པཎ་ཌི་ཏ། བདག་གི་སྔོན་ནས་ལྷ་སྲས་གཉན་གྱི་སྲས། གཡུང་དྲུང་བོན་གྱི་བརྒྱུད་པ་ཟམ་མ་ཆད། བདག་གི་ཡབ་ཀྱི་ཐུགས་སུ་གདོན་གསོལ་ཏེ། བོན་བསྣུབས་གཤེན་པོ་མཐའ་རུ་སྐྱུགས་(སྤྱུགས་)། བཀའ་ཆད་བདག་ཅག་ཀུན་ལ་བྱུང་། རྒྱལ་པོ་སྐུ་བསྐྲང་རྒྱལ་སྲིད་འབངས་ཀྱིས་ཁྱེར། ཡབ་མེས་གོང་མས་བཞེངས་པའི་གསས་ཁང་བཤིག ཉང་རོ་ཤམ་པོའི་ཕོ་བྲང་ཐོག་གིས་བསྒྱེལ། ལ་ལ་མཐའ་རུ་སྤྱུགས་ཤིང་ལ་ལ་བྲན་དུ་བཀོལ། ཁྱེད་ཀྱི་ཐུགས་རྗེས་བཟུང་ཞིང་བཀའ་ལ་འདོགས་པར་ཞུ་ཞེས་ཞུས་པས། སྟོང་རྒྱུང་གིས་བོན་གྱི་བསྟན་པ་དར་བར་བྱ་བའི་ཕྱིར། རིག་འཛིན་བརྒྱ་རུ་ཐུགས་རྗེ་བྱིན་རླབས་ནས། བསྟན་པ་གཏེར་ནས་བཏོན་ཏེ་སྤེལ་བར་དགོངས་ཞེས་འཁོད་ཡོད་པའི་ཚིག་འགྲོས་དག་ལ་གཞིགས་ན། བཙན་པོ་ཁྲི་ལྷས་ཞུ་ཚིག་ནང་མཁས་རྟོགས་དོན་དང་ལྡན་པའི་པཎྜིཏ་ཞེས་པཎྜིཏའི་ཚིག་བེད་སྤྱད་ཡོད། རྒྱ་གར་ལེགས་སྦྱར་གྱི་སྐད་དུ་མཁས་པ་ཞེས་པའི་དོད་དུ་པཎྜིཏ་ཞེས་འབོད་སྲོལ་དང་རིགས་རུས་བཅས་ལའང་འཇུག་སྲོལ་ཡོད། ནམ་རྒྱུན་ལོ་པཎ་ཞེས་པའི་ཚིག་ནང་ལོ་ཙ་བ་དང་པཎྜིཏའི་ཚིག་གཉིས་བསྡུས་པའི་མིང་ཡིན། ཞང་སྐད་ནང་མཁས་པའི་དོད་དུ་པཎྜིཏ་ཞེས་བྲིས་སྲོལ་ཡོད་པ་ད་བར་མཐོང་ཐོས་སོགས་མ་བྱུང་ཡང་། དྲན་པའི་སྒྲ་འགྲེལ་ནང་ལོ་པཎ་ཞེས་པའི་ཐ་སྙད་ལན་མང་ཐོན།
   དྲན་པའི་ལུང་བསྟན་ལྡེ་མིག་འབྲིང་པོ་ཞེས་བྱ་བ་ནང་། དེ་དུས་ཁོད་སྤུངས་དྲན་པ་ནམ་མཁའི་ཞལ་ནས། ད་ལྟ་རྒྱལ་བློན་དུན་ཙེ་རྣམ་ལ་བག་དང་ལྡན་པར་མ་བྱས་ན། བསྟན་པའི་བོན་རིན་པོ་ཆེ་ཡང་ཁོང་གི་འཕྲོག་པའི་ཉེན་ཡོད་པས། བདག་གིས་སློབ་དཔོན་སྟོང་རྒྱུང་གནམ་མཚོའི་དོ་ལ་བཞུགས་པ་གདན་དྲངས་ལ་ཡོང་གི་ཁོང་གིས་གང་གསུངས་མཛད་འཚལ་ཞེས་ཞུས། སློབ་དཔོན་གདན་དྲངས་ནས། མང་མཁར་བོན་ཕུག་འདུ་གནས་སར། ཚོགས་བརྒྱ་རྩ་བཏང་པའི་དུས་སུ། སློབ་དཔོན་སྟོང་རྒྱུང་ལ། ཁོད་སྤུངས་དྲན་པ་ནམ་མཁས་གསེར་གྱིས་མན་ཌལ་ཞིག་ཕུལ་ནས་ཞུས་པ། ཀྱེེ་སློབ་དཔོན་ཆེན་པོ་ལགས། རྒྱལ་པོ་གླེན་པ་བདུད་ཀྱིས་བསླུས་སེམས་ཅན་སྤྱི་མཐུན་བསོད་ནམས་ཟད། བྷོ་དེ་སྭ་ཏྭ་རུ་ང་ཕྲག་དོག་ཆེ། འདི་གསུམ་རྐྱེན་གྱིས་བསྟན་པ་རིན་ཆེན་སྣུབས། ད་ལྟ་རིག་འཛིན་གཤེན་རྣམས་ཞལ་བསྡུར་བའི། རིག་འཛིན་གཤེན་རྣམས་ཞལ་མ་འཆམས། ད་ཅི་ཚུགས་བྱེད་ལགས། བདག་ནི་བསྟན་པ་གཏེར་དུ་སྦས་ན། ནམ་བཞུགས་སེམས་ཅན་བོན་གྱི་འདྲེན་པར་མཐོང་ཞེས་འཁོད་ཡོད་པས། བྷོ་དེ་སྭ་ཏྭ་ཡང་མཁན་ཆེན་ཞི་བ་མཚོ་ལ་ཆེ་མིང་གི་ཚུལ་དུ་འབོད་པ་དང་། མཁན་ཆེན་དེ་ཉིད་ཀྱང་ཁྲི་སྲོང་སྐབས་སུ་བྱུང་བ་ནི་ཡོངས་གྲགས་ཡིན་པས་རྩོད་གཞི་དང་བྲལ། དྲན་པའི་ལུང་བསྟན་ལྡེ་མིག་འབྲིང་པོ་ནང་འཁོད་པའི་ལོ་རྒྱུས་དེ་དག་གྲི་གུམ་དང་ཁྲི་སྲོང་གི་ལོ་རྒྱུས་ཕན་ཚུན་བར་བསྲེས་ལྷད་མང་པོ་ཤོར་ཡོད་པར་སེམས།
   བོན་གཞུང་གཞན་པ་ཁག་འགའ་ཤས་ནང་སྟོང་རྒྱུང་གྲི་གུམ་སྐབས་སུ་ཡོད་པའི་ལོ་རྒྱུས་ཐར་ཐོར་འགའ་ཐོན་གྱི་ཡོད། དེ་ཡང་བོན་ཆོས་དར་ནུབ་ཀྱི་ལོ་རྒྱུས་བསྒྲགས་པ་རིན་ཆེན་གླིང་གྲགས་ནང་། ཡང་བླ་དྲན་པ་ན་རེ་རིག་འཛིན་རྣམས་ཞལ་མི་འཆམ་པར་འདུག་པས། བདག་གིས་སློབ་དཔོན་ཆེན་པོ་གནམ་མཚོ་ལ་བཞུགས་པ་གདན་དྲངས་འོང་གི་སློབ་དཔོན་ཆེན་པོས་གང་གསུངས་པ་བགྱིས་འཚལ་གསུངས་པ་ལྟར་བྱས། དྲན་པས་ཀྱང་སྟོང་རྒྱུང་གདན་དྲངས་སྟོང་རྒྱུང་གི་གསུང་ནས་ཀྱང་། ད་བོན་རྣམས་ལན་གཅིག་གཏེར་དུ་དུས་ཀྱིས་སྦད་དགོས་པར་འདུག་པས། ཕྱི་དུས་དར་བའི་སྨོན་ལམ་ཐོབ་ལ་སྦོས་གསུངས་སོ་ཞེས་དང་། རྒྱལ་རབས་བོན་གྱི་འབྱུང་གནས་ལས། སློབ་དཔོན་སྟོང་རྒྱུང་ལ་སོགས་བོན་གཤེན་མང་པོ་གདན་དྲངས་པས། བོན་གྱི་བསྟན་པ་དར་བར་བྱ་བའི་ཕྱིར་དུ་བྱོན་ནས་དུར་ཡང་ལུང་དུ་བཏབ་ཅེས་དང་། གཡུང་དྲུང་བོན་གྱི་བཀའ་འགྱུར་དཀར་ཆག་ལས། དེ་ནས་བླ་ཆེན་དྲན་པས་ལུང་བསྟན་ནས། སྟོང་རྒྱུང་མཐུ་ཆེན་གནམ་མཚོ་དོ་རུ་བཞུགས། བཙད་པོ་སྤུ་ལྡེ་གདན་དྲངས་ཞུ་བ་ཡི། ཁྱེད་ཀྱི་ཐུགས་རྗེ་བཟུང་བར་མཛད་དུ་གསོལ། དེ་སྐད་ཞུས་པས་གྱེར་སྤུངས་ཆེན་པོ་ཡིས། བོན་གྱི་བསྟན་པ་དར་བར་བྱ་བ་དང་། སྤུ་ལྡེ་རྒྱལ་སར་བཀོད་ཅིང་གཤིན་འདུར་དགོངས། དེ་ནས་སྟོང་རྒྱུང་བོན་གཤེན་བརྒྱ་ཕྲག་བྱོན། རྐོང་ཡུལ་བྲེ་སྣ་གྲི་རུམ་དྲི་འདུར་བྱས་སོགས་འཁོད་ཡོད།

སྟོང་རྒྱུང་གནམ་རི་སྲོང་བཙན་སྐབས་སུ་ཡོད་པའི་སྐོར།

   སྤྱི་རྒྱུག་མདོས་མཆོང་རིན་ཆེན་ཕྲེང་བ་བཞུགས་པའི་ནང་། དེ་ནས་མདོས་བྱུང་གང་ནས་བྱུང་། རྒྱལ་པོ་གནམ་རི་བློན་བཙན་ལ། ས་བདག་ཀླུ་གཉན་དལ་དུ་བབ། སྟོང་རྒྱུང་མཐུ་ཆེན་སྤྱན་དྲངས་ནས། སྲིད་པ་སྤྱི་ཡི་བཟློག་མདོས་བྱས། རྒྱལ་པོ་གནམ་རི་ཀགས་ལས་ཐར་ཞེས་སོགས་གསལ། བསྟན་འབྱུང་ཀེ་ཏ་ཀའི་དོ་ཤལ་ལས། དེ་རྗེས་བོད་རྒྱལ་ལྷ་ཐོ་ཐོ་རི་ནས་གནམ་རུ་སྲོང་བཙན་དང་ལྔའི་རིང་ལ་མཁས་པ་མི་བཞིའི་བོན་དར་ཏེ། བསྟན་འཛིན་སྐུ་གཤེན་ཡང་སྟོང་རྒྱུང་མཐུ་ཆེན་ལ་སོགས་མཁས་པ་གཤེན་བཞིས་མཛད་ཡོད་པ་སོགས་འཁོད་ཡོད།

སྟོང་རྒྱུང་སྲོང་བཙན་སྐབས་སུ་ཡོད་པའི་སྐོར།

   སྐྱང་སྤྲུལ་དྲི་མེད་འོད་ཟེར་གྱིས་བྲིས་གནང་བའི་རིག་འཛིན་ཞང་ཞུང་སྟོང་རྒྱུང་མཐུ་ཆེན་གྱི་རྣམ་ཐར་ཉུང་བསྡུས་ནང་ཁྲིད་རིམ་ཆེན་མོའི་སྔགས་ཕྱི་ནང་གི་བྱུང་བ་ལས་ལུང་དྲངས་པ་ལྟར་ན། དེ་རྗེས་བོད་རྒྱལ་སྲོང་བཙན་གྱི་དུས་སུ་བལ་བཟས་ལྷ་སའི་རིའི་ལྷ་ཁང་ཆོས་ལུགས་སུ་བཞེངས་པར་རྩོམ་ཚེ་རྗེའི་མགུར་ལྷ་དང་སྡེ་བརྒྱད་རུ་མཐུར་ནས་ལྷ་སར་ནད་ཡམས་དང་མཐའ་མཚམས་སུ་འཐབ་རྩོད་བྱུང་བས། རྒྱལ་བློན་རྣམས་ཀྱིས་མཆིམས་ཀྱི་བོན་པོ་ཁྲི་ལྡེ་ནེ་ཙུག་བྱ་བ་བོན་གཤེན་རྣམས་སྤྱན་འདྲེན་དུ་ཞང་ཞུང་དུ་བཏང་ཚེ། བོན་གཤེན་གཞན་རྣམས་འབྱོན་དུ་མ་བཞེད། སློབ་དཔོན་སྟོང་རྒྱུང་ཞལ་ནས། བཙུན་མོའི་བསམ་སྤྱོད་ལྟར་ན་བོད་དུ་མཆི་བར་མི་སྤྲོ་ཡང་། བོད་འབངས་དཀའ་སྡུག་ཅན་རྣམས་སྙིང་རེ་རྗེ་གསུངས་ནས་ཁོད་སྤུངས་དང་ཁོང་གཉིས་ཞང་ཞུང་ནས་ལྷ་སར་ཟླ་ལམ་དྲུག་ཡོད་ཀྱང་རྫུ་འཕྲུལ་གྱིས་གདུགས་ཕྱེད་ལ་ལྷ་སའི་རྩེར་བྱོན་ཞེས་འཁོད་ཡོད།

སྟོང་རྒྱུང་ཁྲི་སྲོང་སྐབས་སུ་ཡོད་པའི་ལོ་རྒྱུས་ནི།

   ཞང་ཞུང་སྙན་བརྒྱུད་ལས། ཞང་ཞུང་ལ་གྲུབ་པ་ཐོབ་པ་མང་ཡང་། ཞང་ཞུང་ཙོ་མེན་གྱེར་ཆེན་བཞུགས་པའི་དུས། བོད་ལ་གྲུབ་པ་ཐོབ་པ་མང་ཡང་། སྤ་ཇི་ཁྲོམ་དཀར་པོ་བཞུགས་པའི་དུས། ཞང་ཞུང་ན་རྒྱལ་པོ་ལིག་མིན་རྒྱལ་བཞུགས། བོད་ན་ཁྲི་སྲོང་ལྡེའུ་བཙན། བོད་ན་པཎྜི་ཏ་ལི་ཁ་བཞུགས། ཞང་ཞུང་གི་སྐུ་འཚོ་བའི་གཤེན་གུ་རིབ་སྣང་བཞིར་ལོད་པོ་བཞུགས། བོད་ཀྱི་སྐུ་གཤེན་དུ་མཁས་ཤིང་རིག་པ་ལྡན་པ་དྲན་པ་ནམ་མཁའ་བཞུགས་ཞེས་བཤད་དོ། ཞང་ཞུང་ཙོ་མེན་གྱེར་ཆེན་དང་ཞང་ཞུང་སྟོང་རྒྱུང་མཐུ་ཆེན་གཉིས་གང་ཟག་གཅིག་ཡིན་པ་དེ་ཡང་། རིག་འཛིན་ཆེན་པོ་སྟོང་རྒྱུང་མཐུ་ཆེན་གྱི་ཞལ་གདམས་གསེར་གྱི་ཡང་ཞུན་ཞེས་བྱ་བ་ནང་། གནམ་མཚོའི་དོ་ཤལ་ལ་ཞང་ཞུང་ཙོ་མིན་གྱེར་ཆེན་ཡང་ཟེར་ཞེས་འཁོད་ཡོད།
   སྟོང་རྒྱུང་མཐུ་ཆེན་གྱིས་མཛད་པའི་བརྔན་བསང་ཆེན་པོའི་གཞུང་ནང་། པད་མ་འབྱུང་གནས་ཞལ་ན་རེ། འདི་ལ་ཉེས་པ་གཅིག་ཡོད་དེ། རྒྱལ་པོའི་དྲུང་དུ་ཞུས་པ་ལ། བོན་བསྣུབས་དབུ་ཡོགས་ཡིན་པར་གསུངས། སློབ་དཔོན་རིམ་འགྲོས་མཛོད་གསུངས་པས། དེ་ལ་པད་མས་སྤ་འདུལ་མཛད། དེས་ཀྱང་ཕྲག་དོག་ལ་ཞི་ན། རྒྱལ་བློན་རྣམས་ནི་བཀའ་གྲོས་ཏེ། འདི་ནི་བོན་བསྣུབས་དབུ་ཡོགས་ཡིན། འདི་ལ་ཐབས་ཤིག་ཡོད་དོ་སྐད། ཁྱེའུ་རིག་པ་རྐང་མགྱོགས་བཏང་། སྟོང་རྒྱུང་མཐུ་ཆེན་སྤྱན་དྲངས་ཏེ། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་ཞང་ཞུང་སྟོང་རྒྱུང་མཐུ་ཆེན་ལ། པུས་བཙུགས་ཐལ་སྦྱོར་ཞུ་བས་འབུལ། སྟོང་རྒྱུང་མཐུ་ཆེན་ན་རེ། བོན་བསྣུབས་དབུ་ཡོགས་ཡིན་ནོ་གསུངས། དེ་ལ་ལྷ་འདྲེ་ཡོངས་བསྐོངས་ནས། རྒྱལ་བློན་སྐུ་ཚེ་བསྲིང་བ་དང་། འཁོར་གྱི་ནད་ཡམས་ཆད་པ་དང་། འཛམ་གླིང་བདེ་ལ་འགོད་པ་དང་། དགེ་སྐོས་ལྷ་ཁང་ཚར་བ་དང་། བཀྲ་ཤིས་བསྟན་པ་དར་འདོད་ན། ཤར་དུ་རྒྱལ་པོའི་དར་མདོས་ཐེག ལྷོ་རུ་བཙུན་མོའི་ཆུང་མདོས་ཐེག ནུབ་ཏུ་དཀར་པོའི་དྲུག་མདོས་ཐེག བྱང་དུ་བཙན་གྱི་འདྲེ་མདོས་ཐེག ལྷ་ལ་ཚོགས་ཀྱི་འཁོར་ལོ་བསྐོར། དམ་ཅན་སྲུང་མ་འཁོར་བཅས་དང་། ལྷ་སྲིན་སྡེ་བརྒྱད་བདུད་ཀྱི་བརྔན། གཤེན་ལ་གནོང་འགྱོད་བཤགས་པ་གྱིས་སོགས་འཁོད་ཡོད་ཀྱང་།
   བསྟན་པའི་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན་མེ་ནང་བྱང་གཏེར་ལས་ལུང་དྲངས་པ་ལྟར་ན། གཅོ་ཟ་བོན་མོས་གཤེན་པོ་རྣམས་གདན་དྲངས་པའི་སྐོར་ཡོད་པ་ལས་ཁྱེའུ་རིག་པ་རྐང་མགྱོགས་བཏང་བའི་ལོ་རྒྱུས་སོགས་མེད་པས་མ་ཚད། གདན་དྲངས་པའི་གཤེན་པོ་རྣམས་ཀྱི་གྲས་སུའང་སྟོང་རྒྱུང་མཐུ་ཆེན་ཡོད་པའི་སྐོར་མེད། བྱང་གཏེར་ལས་ལུང་དྲངས་པ་ལྟར་ན། དེར་བྲག་འཁར་བ་ཅན་ན་གཅོ་ཟ་བོན་མོ་གཙིགས་འོག་ན་ཆུད་པར་ཡོད་པ་ལ་ཞུས་པས། བདག་གི་མིང་པོ་གཤེན་པོ་རྣམས་སྤྱན་དྲངས་དགོས་གསུང་། ལ་ལ་ན་རེ་བོན་པོ་བྱང་མྱ་ངམས་སུ་ཤི་ནས་མེད་ཟེར་རོ། གཅོ་ཟ་ན་རེ་གཤེན་པོ་རྣམས་ནི་བྱང་སྤང་གོང་གི་ཁྱིམ་ན། བྲག་སྲིན་མིག་དམར་འཁོལ། རི་དྭགས་སྤུ་སྡུག་གི་ཞོ་བཞོ་ཡིན་ཡོད་ཟེར་རོ། འོ་ན་གཅོ་ལྕམ་བཞུད་ལ་བོན་པོ་རྣམས་སྤྱན་དྲངས་ཞུས་ནས། གསེར་དངུལ་བྱ་བོ་གང་ཕུལ་བས། བོན་མོས་དྲེའུ་འཕར་མ་དགུ་རྐང་ཅིག་ཆིབས་ནས། ལྡོང་ལྷ་གསོལ་ཞིང་བྱོན་པས། གཤེན་པོ་རྣམས་དང་མཇལ་ལོ། བོད་དུ་མི་བདེ་བ་སྣ་ཚོགས་བྱུང་ནས། གཤེན་པོ་རྣམས་སྤྱན་འདྲེན་དུ་མཆིས་པས་གཤེགས་འཚལ་ཞུས་ནས། གཤེན་པོ་རྣམས་གཤེགས་པར་མ་གནང་སྟེ། བོད་ལ་བོན་མི་དགོས་པར་ངེས་གསུངས། མེ་ཉག་ལྕེ་ཚ་མཁར་བུ་ན་རེ། བོན་ལ་འགྲོ་དོན་ལས་མེད། སེམས་ཅན་སྙིང་རྗེ་བས་འགྲོ་དགོས་གསུངས་ནས་གཤེན་པོ་རྣམས་བྱོན་ནོ་ཞེས་འཁོད་ཡོད། སྟོང་རྒྱུང་མཐུ་ཆེན་གྱིས་མཛད་པའི་བརྔན་བསང་ཆེན་པོའི་གཞུང་ནང་འཁོད་པའི་ལོ་རྒྱུས་ཀྱི་དུམ་མཚམས་དེ་དང་། དར་རྒྱས་གསལ་སྒྲོན་ནང་བྱང་གཏེར་ལས་ལུང་དྲངས་པའི་དུམ་མཚམས་བར་ཧེ་བག་ཆེན་པོ་ཤོར་ཡོད་པར་སྣང་།

སྟོང་རྒྱུང་མཐུ་ཆེན་ཞང་ཞུང་གི་རྒྱལ་པོ་མུ་ཝེར་བཙན་པོའི་སྐབས་སུ་ཡོད་པའི་ལོ་རྒྱུས་ནི།

   སྲིད་པ་ལས་ཀྱི་གཏིང་ཟློག་གི་རྩ་རྒྱུད་ཀུན་གསལ་ཉི་ཟེར་སྒྲོན་མ་བཞུགས་སོ་ཞེས་པའི་ནང་། ༼ཤོག་གྲངས། བ། ༣༠༦ ལས། ༽ སེམས་ཅན་གྱི་ལས་ཀྱི་སྨོན་ལམ་གྱིས། གློ་བུར་གྱི་རྒྱལ་བཞི་བྱུང་པ་ལ། མཐའ་ཡི་རྒྱལ་ཕྲན་བཅུ་གསུམ་ཀྱང་ཆགས་ཏེ། བསྐོེས་པའི་རྒྱལ་པོ་བཞིས། བོན་གཤེན་གྱི་རྒྱལ་པོ་ནི། མུ་ཝེར་བཙད་པོ་ལི་མི་རྒྱས་མཛད། དེ་དུས་བོད་ཀྱི་གཤེན་པོ་ལྔ། ཞང་ཞུང་སྟོང་རྒྱུང་མཐུ་ཆེན། སེ་ཤ་རི་དབུ་ཆེན། ལྡེ་གྱིམ་ཚ་རྨ་ཆུང་། མེ་ཉག་ལྕེ་ཚ་མཁར་བུ། སུམ་པ་མུ་སྤུངས་གསལ་ཏང་ལྔ། སྔར་མུ་ཆོས་ཤེས་རྒྱུད་སྦྱོངས་(སྦྱངས་)པའི་མཁས་པ་ཆེན་པོ་དྲུག་ལ་བཏུག གནས་ཆེན་གྲུབ་ཐོབ་ཀུན་ལ་བཀའ་ལུང་མན་ངག་ཞུས། སྒྲ་སྐད་ལོ་ཙས་བོན་གྱི་སྒྲོ་འདོགས་བཅད། ལུང་རྒྱུད་མན་ངག་ཕྱི་ནང་གསང་བའི་བོན། གསས་མཁར་གསང་སྔགས་སེམས་དོན་དྲག་སྔགས་སྡེ་སྣོད་རྣམས། མ་ཧེ་ཀུ་ཧྲང་རྔ་མོང་གླང་ཆེན་གཤུལ་ལ་བཀལ། ལ་རི་ཆུ་བོ་འཕྲང་བསྒྲལ་བོད་ལ་གཤེགས། དང་པོ་ཞང་ཞུང་སེ་དང་ལྡེ་དང་མེ་ཉག་སུམ་པ་རུ། བོན་གྱི་སྒྲ་སྐད་རང་རང་ཡུལ་གྱི་སྐད་ལ་བསྒྱུར་ཞེས་འཁོད་ཡོད།

༥༽སྟོང་རྒྱུང་མཐུ་ཆེན་འདས་ཚུལ་གྱི་སྐོར།

   སྟོང་རྒྱུང་མཐུ་ཆེན་ནམ་འདས་ཚུལ་གྱི་སྐོར་ལ་མི་མཐུན་པ་འགའ་ཞིག་སྣང་། རིག་འཛིན་རིག་པའི་ཐུགས་རྒྱུད་ལས་བྱུང་བའི་སྤྱི་ཁོག་ལོ་རྒྱུས་ལྟར་ན། སྟོང་རྒྱུང་ནི་ཡུལ་ཞང་ཞུང་དུ་འཁྲུངས་ནས། བོད་དུ་མཁས་པ་མི་གསུམ་གྱིས་སྤྱན་དྲངས་ནས་བཀའ་དྲིན་ཡོངས་ལ་ཁྱབ་པར་མཛད། མང་མཁར་ལྕགས་འཕྲང་ཕུག་ཏུ་མཁས་པ་མི་གསུམ་ལ་བཤད་པ་དང་། དབང་ལུང་ངོ་སྤྲོད་གདམས་པ་མང་དུ་མཛད། གོང་གཡོན་དམར་དུ་ཧྲིས་པ་གྱེར་མེད་དང་། དྲག་པོ་མཐུ་རྩལ་གྱིས་གནང་བ་ཐོབ། དང་ར་གཡུ་བུན་དུ་དམུ་ཚ་གྱེར་མེད་ལ། གསང་སྔགས་ཐབས་ལམ་གནས་ཀྱི་གདམས་པ་གནང་། ཟང་ཟང་ལྷ་རྩེར་ཁོད་སྤུངས་དྲན་པ་ལ། བོན་ཡང་བཅུད་རྩ་བཞིའི་ལེའུ་ལག་དང་བཅས་པ་གདམས། བྱི་བ་མཁར་དུ་བོན་ཕྱི་ནང་གསང་བའི་སྡེ་སྐོར་ཤན་ཕྱེས། གཤེན་པོ་ཀུན་གྱི་རྒྱུད་བཀྲོལ། མི་ལོ་ལྔ་བརྒྱ་སུམ་ཅུ་རྩ་བདུན་བཞུགས། འདའ་ཚུལ་ནུབ་ཕྱོགས་སྲིན་པོ་འཁྲུགས་པའི་གླིང་ལ་བསྟན་པ་དང་། བསྟན་པའི་རྣམ་བཤད་དར་རྒྱས་གསལ་སྒྲོན་ལས། དེས་<<སྤེ་བོན་ཐོག་རྩེ་ཡིས་>>སྟོང་རྒྱུང་མཐུ་ཆེན་ལ་བརྒྱུད། ཐུན་མོང་གནམ་མཚོའི་ཐུ་བར་དྲིལ་ཏེ་ཁྱེར་བ་དང་། རི་ཟོར་དུ་འཕེན་པར་ནུས། རིགས་ལྔ་སྟོན་ཞིང་སྐུ་འོད་ཟེར་དུ་འཕྲོས་ཏེ་དབལ་ཟས་ལ་ཐིམ་མོ་ཞེས་པ་ལྟར་ན་སྐུ་ལྷག་མེད་འཇའ་ལུས་འོད་སྐུར་ཐིམ་པར་སྣང་ངོ་།།
   ཡང་འགྲེལ་བ་སྒྲོན་མ་མུན་སེལ་ཅེས་བྱ་བ་བཞུགས་སོ་ནང་། དེ་དུས་རྒྱ་གར་གྱི་ཡུལ་ལྗོན་ཤིང་བདེ་ལྡན་ལྷ་བྱ་གསུང་སྙན་ཚལ་ཞེས་བྱ་བའི་ཡུལ་དུ་ཞང་ཞང་སྟོང་རྒྱུང་མཐུ་ཆེན་གྲོང་པའི་སྡོང་ལ་ལན་ཅིག་བྱོན་ཞེས་འཁོད་ཡོད་པས། སྟོང་རྒྱུང་མཐུ་ཆེན་སྐུ་མྱ་ངན་ལས་འདས་པའི་གནས་ནི་རྒྱ་གར་འཕགས་ཡུལ་ཡིན་པ་སོགས་བཤད་ཡོད། དཔལ་ལྡན་བླ་མའི་རྣམ་ཐར་གྱི་དཀར་ཆག་མུ་ཏིག་འཕྲེང་བ་བཞུགས་སོ་ཞེས་པའི་ནང་། གཡུང་དྲུང་གི་བོན་བསྣུབས་པའི་དུས་ན། གཡུང་དྲུང་གི་བོན་རྒྱུད་མ་བུར་བཅས་པ་དང་། སྒྲགས་པ་རིན་པ་ཆེ་གླིང་གྲགས་ཆེ་འབྲིང་ཆུང་གསུམ། སྟོང་རྒྱུང་གི་རྟེན་དབུ་ཐོད་སྐུ་ཤ་དང་བཅས་པ། ཤམ་པོའི་གནས་སུ་གཏེར་དུ་སྦས། རུལ་དང་ཟགས་པར་མི་འགྱུར་ཕྱིར། གྷི་ཝང་གུར་གུམ་རྒྱ་ཡིས་བཏབ། མི་རུལ་རྩི་ཡིས་བྱུག་པ་བྱས་པ་སོགས་ལ་གཞིགས་ན། ཁྲི་སྲོང་གི་སྐབས་སུ་སྟོང་རྒྱུང་གི་རྟེན་དབུ་ཐོད་སྐུ་ཤ་དང་བཅས་པ་གཏེར་དུ་སྦས་ཡོད་པ་དང་། དྲན་པ་ནམ་མཁས་དབུ་ཐོད་སྐུ་ཤ་དང་བཅས་པ་བོད་དུ་གདན་དྲངས་ཡོད་པར་སྣང་། གང་ལགས་ཤེ་ན། སྟོང་རྒྱུང་མཐུ་ཆེན་གྲོངས་པའི་སྡོང་ལ་དྲན་པ་ནམ་མཁའ་ལན་ཅིག་བྱོན་ཡོད་པར་འགྲེལ་བ་སྒྲོན་མ་མུན་སེལ་ཞེས་བྱ་བ་ནང་གསལ་ཡོད།

༼ས་བཅད་གཉིས་པ་སེ་བོན་ཤ་རི་དབུ་ཆེན་གྱི་སྐོར།༽
2011052309000595.jpg
སེ་བན་ཤ་རི་དབུ་ཆེན།

   སྒྲ་བསྒྱུར་མཁས་དབང་དེ་ཉིད་ཀྱི་འཁྲུངས་ཚིགས་སོགས་གསལ་པོར་མ་མཇལ་ནའང་། ལོ་རྒྱུས་ཀྱི་བརྒྱུད་རིམ་ལ་བལྟས་ན། སྟོང་རྒྱུང་མཐུ་ཆེན་དང་དུས་མཉམ་གྱི་གཤེན་པོ་ཞིག་ཡིན་པར་ཤེས་ཐུབ། ། གང་ལགས་ཤེ་ན་། མཁས་པ་མི་བཞིས་འཛམ་གླིང་མཁས་པའི་རྒྱན་དྲུག་སོགས་ལས་བོན་གསན་པ་སོགས་ཀྱི་ལོ་རྒྱུས་བོན་གཞུང་དུ་མ་ནང་མཇལ་རྒྱུ་ཡོད། གཡུང་དྲུང་བོན་གྱི་བཀའ་གྱུར་དཀར་ཆག་ལས། དེ་བཞིན་བོད་ཁམས་སྐྱོང་བའི་རྒྱལ་པོ་ཆེ། གནམ་གྱི་ཁྲི་བདུན་སྐུ་འཚོ་གཤེན་པོ་བདུན། རྒྱལ་དང་གཤེན་གྱི་བསྟན་པ་མཉམ་དུ་ཆགས། དེ་ཚེ་ཞང་ཞུང་སྟོང་རྒྱུང་མཐུ་ཆེོན་དང་། བོད་ཀྱི་གཤེན་པོ་ཤ་རི་དབུ་ཆེན་དང་། ལི་ཤུ་སྟག་རིང་ལ་སོགས་ལོ་པཎ་འགའ། རྫུ་འཕྲུལ་རྩལ་གྱིས་སྟག་གཟིག་ཡུལ་དུ་གཤེགས་པ་སོགས་ཀྱི་ལོ་རྒྱུས་འཁོད་ཡོད།
   གསང་སྔགས་ཕྱི་ནང་གི་བསྟན་པའི་བྱུང་ཚུལ་ལས་ལུང་དྲངས་པ་ལྟར་ན། སྟོང་རྒྱུང་གིས་བོད་སེ་བོན་ཤྲི་ཨུ་ཆེན་དང་ལྡེ་བོན་གྱིམ་ཚ་རྨ་ཆུང་དང་མེ་ཉག་ལྕེ་ཚ་མཁར་བུ་དང་གསུམ་ལ་བརྒྱུད་དེ་དེ་བཞིས་ཞང་ཞུང་གི་སྒྲ་བོད་སྐད་དུ་བསྒྱུར་བས་སྒྲ་བསྒྱུར་ལོ་ཙཱའི་བརྒྱུད་པ་ཞེས་བྱ་བ་དང་། གཡུང་དྲུང་བོན་གྱི་བཀའ་འགྱུར་དཀར་ཆག་ལས། བོན་གཤེན་རྒྱལ་བོ་གནམ་གྱི་བསྐོས་པ་མཛད། དེ་དུས་བོད་ཀྱི་སྒྲ་བསྒྱུར་གཤེན་པོ་ལྔ། སྟོང་རྒྱུང་མཐུ་ཆེན་ཤ་རི་དབུ་ཆེན་དང་། གྱིམ་ཚ་རྨ་ཆུང་ལྕེ་ཚ་གར་བུ་དང་། མུ་ལ་གསལ་ཏང་ལོ་ཙཱ་རྣམ་པ་ལྔས། སྔོན་ཚེ་མུ་ཆོར་ཤེས་རྒྱུད་སྦྱངས་བ་ཡི། ལོ་ཙཱ་མཁས་ཆེན་དྲུག་ལ་གཏུག་པ་དང་། གཞན་ཡང་གྲུབ་ཐོབ་ཀུན་གྱི་ཞལ་སྔར་འགྲིམས་ཞེས་དང་། གཤེན་ནམ་མཁའ་སྣང་བ་མདོག་ཅན་ལ། རྒྱལ་མུ་ཁྲི་བཙན་པོ་དང་དྷེ་བ་ཟ་རོང་མེ་འབར། བོན་མོ་སྟག་ཝེར་ལི་ཝེར། ཞང་ཞུང་སྟོང་རྒྱུང་མཐུ་ཆེན། སེ་ལྡེ་མེ་གསུམ་ལ་སོགས་ལས་ཅན་དག་པའི་འཁོར་བདུན་གཙོར་བྱས་པས་འཁོར་རྣམས་ཀྱིས་གཡུང་དྲུང་ཐིག་ལེ་དབྱིངས་ཆེན་གསས་མཁར་གསང་བ་སྒོ་དགུ་ཡི་དམ་(བཀའ་)ཀྭ་ཆེན་བརྒྱད་ཀྱི་རྒྱུད་ལུང་རྫོགས་པར་ཞུས་སོ་ཞེས་ཞང་བོད་ལོ་རྒྱུས་ཏི་སེའི་འོད་ནང་དེ་ལྟར་གསལ་ཡོད། གཤེན་པོ་དེ་ཉིད་དང་དུས་མཉམ་ལ་ཡོད་པའི་གཤེན་པོ་རྣམས་ནི། བོན་ཐམས་ཅད་ཀྱི་ཡང་སྙིང་གཏན་ཚིགས་ངེས་པའི་གལ་མདོ་ཏྲན་ཏྲ་ཉི་མའི་འཁོར་ལོ་ཞེས་བྱ་བ་བཞུགས་པའི་ནང་གསལ་བ་ལྟར་ན། གཤེན་རབ་བཀའ་རྒྱུད་མདོ་ཡི་མངའ་བདག མཁས་པ་ཆེན་པོ་སྟོང་རྒྱུང་མཐུ་ཆེན་ལ། སེ་ཤ་རི་དབུ་ཆེན་དང་མེ་ཉག་ནེ་རྒྱུང་མཁར་བུ་ཆུང་དང་། རྟག་གཟིགས་ཟ་རང་མེ་འབར་དང་། གེ་སར་ངམ་པ་ལྕེ་རིང་དང་། སུམ་པ་ཁ་ཡམ་རླུང་ལྕེ་དང་། རྒྱུང་ཡར་བླ་ཆེན་ཁོད་སྤུངས་དང་། རྒྱ་གར་ལྷ་བདག་སྔགས་གྲོལ་ལས་སོགས་ཏེ། ལོ་ཚ་བ་ཆེན་པོ་བདུན་དང་། གཞན་ཡང་དགེ་ལ་རབ་ཏུ་འདུན་པའི་གཤེན་རབ་རྣམས་དང་། མཚུངས་གཅིག་བཞུགས་པའི་དུས་ཞེས་འཁོད་ཡོད།
   གཤེན་པོ་དེ་ཉིད་བོད་རྒྱལ་རིམ་བྱོན་གང་མང་ནང་བཞུགས་ནས་མཛད་འཕྲིན་བསྐྱངས་ཡོད་པའི་ལོ་རྒྱུས་བོན་གཞུང་དག་ལས་གང་མང་ཐོན་གྱི་ཡོད། དེ་དག་གི་སྐོར་སྟོང་རྒྱུང་སྐབས་སུ་གླེང་ཚར་བས་འདིར་བསྐྱར་ཟློས་བྱེད་རྒྱུ་མིན།

ཤ་རི་དབུ་ཆེན་གྱི་མཚན་གྱི་སྒྲ་བཤད་ལ།

   སྐྱབས་སྟོན་རིན་ཆེན་འོད་ཟེར་གྱིས་མཛད་པའི་ཁྲོ་བོ་དབང་ཆེན་ངོ་མཚར་རྒྱས་པའི་རྣམ་བཤད་གསལ་བའི་སྒྲོན་མེ་ནང་། སེ་བོན་རུས་དམུ་ཚ་ནི་ཡུམ་ངོས་ནས་བཏགས་པའོ། ཤ་རི་ཤེས་བྱ་ཐོགས་མེད་དུ་བཤད་པའམ། ཡང་ན་དབུ་ཆེ་བ་གཙུག་ཐོར་ཆེའོ་ཞེས་གསུངས་པ་ལྟར་ན། དབུ་ཆེན་ནི་དབུ་ཆེན་པོ་ཡོད་པ་ལ་མ་གོ་བར་རལ་པའི་ཐོར་ཅོག་སྔགས་པའི་ཆ་ལུགས་ཅན་ཞིག་ཡིན་པར་སེམས། གཤེན་པོ་དེ་ཉིད་སྔགས་འཆང་བ་ཞིག་ཡིན་པ་ལས་འདུལ་བ་པ་ཡིན་པའི་ལོ་རྒྱུས་མ་མཇལ།
   དབྲ་སྟོན་བསྐལ་བཟང་བསྟན་པའི་རྒྱལ་མཚན་གྱིས་བྲིས་པའི་ཤར་རྫ་བཀ་ཤིས་རྒྱལ་མཚན་གྱི་རྣམ་ཐར་ནང་། བཞི་བ་ནི། གངས་ཅན་ལྗོངས་འདིར་བླ་ཆེན་ཡབ་སྲས་དང་མཁས་པའི་དབང་པོ་ཤ་རི་དབུ་ཆེན་ཞེས། ལོ་པཎ་གྲུབ་བརྙེས་སྐྱེས་མཆོག་ཚོགས་ཀྱིས་བསྐོར། རིག་སྒྲ་སྒྲོགས་མཛད་བླ་མར་གསོལ་བ་འདེབས། ཞེས་གསུངས་པ་ལྟར་གངས་ཅན་གྱི་ལྗོངས་སུ་འཆི་མེད་བླ་ཆེན་ཡབ་སྲས་ཀྱི་མདུན་དུ་ལོ་ཙ་བ་ཆེན་པོ་ཤ་རི་ཨུ་ཆེན་ཏེ། དེ་ནི་བོད་ཡུལ་དུ་གསང་སྔགས་སྔ་དར་གྱི་བསྟན་པ་ཆེས་ཆེར་རྒྱས་པའི་སྐབས་སུ་མཁས་པ་སེ་ལྡེ་མེ་གསུམ་དུ་གྲགས་པའི་ནང་ནས། བོད་མཁས་པ་སེ་བོན་ཤ་རི་ཨུ་ཆེན་ནམ་དཔལ་ལྡན་གསང་ཆེན་ཞེས་གསལ།
   ཞུ་ཉི་མ་གྲགས་པས་མཛད་པའི་སྒྲ་ཡི་དོན་སྡེབ་སྣང་གསལ་སྒྲོན་མེ་ནང་ལའང་། ཤ་རི་ཨུ་ཆེན་ལ་དཔལ་ལྡན་གསང་ཆེན་ཞེས་བྲིས་གནང་ཡོད། ཤ་རི་ལ་ཞང་ཞུང་གི་སྐད་ནང་དཔལ་ལྡན་དང་ཨུ་ཆེན་ལ་གསང་ཆེན་ཞེས་བསྒྱུར་ཡོད་ཀྱང་། གསང་སྔགས་ཕྱི་ནང་གི་བསྟན་པའི་བྱུང་ཚུལ་ལས་ལུང་དྲངས་པ་ལྟར་ན། ཤྲི་ཨུ་ཆེན་ཞེས་འཁོད་ཡོད་པས། ཤྲི་ནི་ལེགས་སྦྱར་གྱི་སྐད་ཡིན་ལ། དེའི་དོན་ཡང་དཔལ་ལྡན་ལ་འཇུག་གི་ཡོད་པས། ཤ་རི་ལ་དཔལ་ལྡན་ཞེས་སྒྲ་བསྒྱུར་ཇི་ལྟར་གནང་བ་དེ་ལ་འཕྱག་མོ་ཉུག ཡང་ཤ་རི་༼དབུ་༽ཆེན་གྱི་དབུ་ལ་སྐབས་འགར་༼ཨུ་༽ཞེས་བྲིས་སྲོལ་ཀྱང་མཆིས། ཨུ་ཆེན་ཀྱི་སྐད་དོད་ལ་གསང་ཆེན་ཞེས་བསྒྱུར་གནང་བ་དེ་ལའང་དོགས་གཞི་ཡོད། ཐུབ་པའི་དབང་པོ་མཆོག་གི་སློབ་མ་གཅིག་གི་མཚན་ལ། ཤ་རི་པུ་ཏྲ་ཞེས་པ་ཞིག་ཡོད། དེའི་མཚན་གྱི་སྒྲ་བཤད་ནི། གོ་སླ་བར་སེམས། གང་ཡིན་ལགས་ན། ཤ་རི་ཞེས་པའི་མཚན་ནི་མ་ལས་མཆེད་པ་དང་། པུ་ཏྲ་ནི་ལེགས་སྦྱར་གྱི་ཐ་སྙད་ཞིག་ཡིན། དེའི་དོན་ཡང་བུ་ལ་འཇུག་གི་ཡོད། གཤེན་པོ་དེ་ཉིད་ལ་བོད་ཤ་རི་དབུ་ཆེན་དང་། ཞང་ཞུང་གི་བོན་པོ་ཤ་རི་དབུ་ཆེན་དང་། སེ་བོན་ཤ་རི་དབུ་ཆེན་སོགས་འབོད་སྟངས་མི་འདྲ་བ་དུ་མ་ཞིག་སྣང་།
   སྤྱིར་སེ་བོན་ཞེས་པའི་སེ་ནི་རུས་ལ་བཤད་ཀྱང་། སྐབས་འགར་ལུང་པ་ལའང་འཇུག་པས། དེ་ཡང་བྱང་སེམས་གབ་པ་དགུ་སྐོར་གྱི་འགྲེལ་བཞི་རིགས་པའི་རྒྱ་མཚོ་ལས། མཁས་པ་གང་གི་རིང་ལ་དར་བ་ནི། སྤེ་ཐོག་ཚས་ཞང་ཞུང་སྟོང་རྒྱུང་མཐུ་ཆེན་ལ་བརྒྱུད་ནས། མཁས་པ་ཆེན་པོ་བཞིའི་རིང་ལ་དར་ཏེ། མཁས་པ་མི་བཞི་ནི། ཞང་ཞུང་ལ་མཁས་པ་སྟོང་རྒྱུང་མཐུ་ཆེན་དང་། སེ་ལ་མཁས་པ་ཤ་རི་ཨུ་ཆེན་དང་། ལྡེ་ལ་མཁས་པ་གྱིམ་ཚ་རྨ་བུ་ཆུང་། མེ་ཉག་ལ་མཁས་པ་ལྕེ་ཚ་མཁར་བུ་ཆུང་དང་བཞིའི་རིང་ལ་དར་བའོ། རྩ་རྒྱུད་ཉི་ཟེར་སྒྲོན་མ་ལས། ལ་རི་ཆུ་བོ་འཕྲང་བསྒྲལ་བོད་ལ་གཤེགས། དང་པོ་ཞང་ཞུང་དང་སེ་དང་ལྡེ་དང་མེ་ཉག་སུམ་པ་རུ། བོན་སྒྲ་སྐད་རང་རང་ཡུལ་གྱི་སྐད་ལ་བསྒྱུར་ཞེས་འཁོད་ཡོད།

སྒྲ་བསྒྱུར་མཁས་དབང་དེ་ཉིད་ཀྱི་འདས་ཚུལ་གྱི་སྐོར་ལ།

   བསྟན་པའི་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན་མེ་ནང་། སྟོང་རྒྱུང་ཡང་གདུང་བརྒྱུད་བཅུ་གསུམ་གྱི་གཤམ་ལ། མཁས་པ་མི་བཞིའི་མགོ་བོ་སྟེ། གཉིས་མགོ་བ་ཡིན་ནོ། སྟོང་རྒྱུང་གིས་སེ་ལྡེ་མེ་ཉག་གསུམ་ལ་བརྒྱུད། མཁས་པ་དེ་གསུམ་ཡང་། མཁའ་ལ་འཕུར་ཞིང་ཆུ་ལ་བྱིང་བ་མེད། རི་བོ་རྟ་རུ་ཞོན་ཅིང་ཆུ་བོ་གལ་དུ་རོ། མཆོག་ཕུང་པོ་ལྷག་མེད་ནམ་མཁའ་ལ་འཕུར་ཏེ་གཤེགས་སོ་ཞེས་དང་། ལེགས་བཤད་སྐལ་བཟང་མགྲིན་རྒྱན་ལས། མཁས་མཆོག་སེ་བོན་ཤ་རི་དབུ་ཆེན་ནི། གངས་བྲག་ནགས་ཚལ་མང་མཁར་བོན་གནས་སོགས། བསྒྲུབས་པས་གྲུབ་རྟགས་ཐུན་མོང་ནམ་མཁར་འཕུར། ཆུ་ལ་མི་བྱིང་རི་བྲག་རྟར་ཞོན་འགྲོ། ཆུ་ཀ་གྱེན་བསྒྱུར་སྤྲིན་གྱི་ན་བཟའ་གྱོན། ཆུ་རྟ་ཞོན་ནས་གཡུ་བུན་མཚོ་ནང་དུ། དྲོ་རེ་ཙམ་ཀོར་གདུགས་ཚོད་མཚོ་སྨན་འདྲེན། རིགས་སྒྲ་སྒྲོགས་ཤིང་ཐལ་འདེབས་ཕས་རྒོལ་གཞིལ། ལུང་རྒྱུད་བོན་འཆད་སྡེ་སྣོད་ཟབ་བརྒྱ་བཀྲོལ། མཆོག་གྲུབ་ཕུང་པོ་ལྷག་མེད་མངོན་སངས་རྒྱས་ཞེས་འཁོད་པ་ལྟར་ན། གཤེན་པོ་དེ་ཉིད་རྫོགས་པ་ཆེན་པོའི་ཉམས་ལེན་ཕུལ་ཕྱིན་གྱི་སྒོ་ནས་འཇའ་ལུས་འོད་སྐུ་རུ་ཐིམ་པར་སྙམ།

༼ས་བཅད་་གསུམ་པ་ཞང་ཞུང་སྟོང་རྒྱུང་མཐུ་ཆེན་དང་། བོད་ཤ་རི་དབུ་ཆེན་དང་། སློབ་དཔོན་དབྱིག་གཉེན་གྱི་བྱུང་རབས་དང་དེ་དག་གི་མཛོད་རྩོམ་ཚུལ་བར་འབྲེལ་བ་ཡོད་མེད་ཀྱི་སྐོར།༽

   བོན་གྱི་ལུང་སྲིད་པའི་མཛོད་ཕུགས་ཀྱི་གཞུང་ཉིད་ལ་མཛོད་གནས་བཅུ་བདུན་དུ་ཡོད་པའི་མཛོད་གནས་གཉིས་པ་བསྐལ་པ་དང་ལྔ་པ་སྣོད་བསྟན་པའི་སྐབས་ཀྱི་དུམ་མཚམས་ཁ་ཤས་སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་ཆོས་མངོན་པའི་མཛོད་ཀྱི་གནས་གསུམ་པ་འཇིག་རྟེན་བསྟན་པའི་སྐབས་ཀྱི་དུམ་མཚམས་དང་ཧ་ལམ་གཅིག་མཚུངས་ལྟར་སྣང་བས། ནམ་རྒྱུན་བན་བོན་གྱི་སྣོད་བཅུད་ཀྱི་གཞུང་ཕན་ཚུན་འབྲི་བཤུས་གནང་ཡོད་པ་སོགས་ཀྱང་བཤད་སྲོལ་མཆིས། ངོས་རང་གི་བསམ་ཚུལ་ལྟར་ན། སྐྱེས་ཆེན་དམ་པ་དེ་དག་གིས་མཛོད་རྩོམ་ཚུལ་དང་འབྲེལ་བའི་ལོ་རྒྱུས་ལ་ལེགས་པར་མ་དཔྱད་བར་གྲུབ་མཐའི་ཕྱོགས་འཛིན་དབང་གིས་གཅིག་གིས་གཅིག་ལ་དཔེ་བཤུས་བྱས་པ་ལྟ་བུ་ཕན་ཚུན་ངན་སྨོས་ཀྱི་ལམ་ལ་འཇུག་ན་དམ་པའི་སྤྱོད་ཚུལ་དང་འགལ། དེ་བས་བློ་གཟུ་བོར་གནས་ནས་སློབ་དཔོན་དེ་དག་གི་བྱུང་རབས་སོ་སོའི་ལོ་རྒྱུས་གཞིར་བཟུང་གིས་ཕན་ཚུན་གོ་བསྡུར་གྱི་ལམ་ནས་དཔྱད་ན་ཕན་ཐོགས་ཆེ་བར་སྙམ།

༡༽དུས་ཚིགས་ཀྱི་ཐད་ནས་དཔྱད་པ།

   ཞང་ཞུང་སྟོང་རྒྱུང་མཐུ་ཆེན་དང་ཤ་རི་དབུ་ཆེན་གཉིས་ཀྱི་འཁྲུངས་འདས་ཀྱི་དུས་ཚིགས་དང་འཁྲུངས་ཡུལ་སོགས་ཀྱི་ལོ་རྒྱུས་བོན་འབྱུང་དག་ལས་ལོ་རྒྱུས་ཐོར་བུ་འགའ་ཐོན་པ་ལས། དེ་མིན་སྒྲ་བསྒྱུར་དཔོན་གསས་དེ་གཉིས་ཀྱི་འཁྲུངས་འདས་སོགས་ཀྱི་དུས་ཚིགས་གསལ་པོ་ཡོད་པའི་བོན་འབྱུང་དཔེ་རྙིང་དག་བདག་ལ་ལག་སོན་མ་བྱུང་། སྟོང་རྒྱུང་ནམ་འཁྲུངས་པའི་དུས་ཚིགས་ཀྱི་སྐོར་རྣམས་མཁན་ཆེན་ཉི་མའི་བསྟན་རྩིས་དང་དཔྱད་གསུམ་དག་རྩིས་ནང་གསལ་བར་ལྟར་ན། བོད་རྒྱལ་མུ་ཁྲི་དང་དེང་ཁྲིའི་བར་འཁྲུངས་པར་བཤད། བོན་གྱི་ལོ་རྒྱུས་གང་མང་ནས་དེ་ལྟར་ཡིན་པའི་ཁུངས་དག་བྱས། བོན་གཤེན་དེ་གཉིས་རྒྱལ་རབས་རིམ་བྱོན་གང་མང་ནང་ཡོད་པའི་ལོ་རྒྱུས་བོན་གྱི་དཔེ་ཚོགས་དག་ལས་ཐོན་པས། བོན་གཤེན་རིག་འཛིན་རྣམས་ཚེ་ལ་རང་དབང་ཐོབ་པའི་སྐྱེས་ཆེན་ཡིན་པ་སོགས་དད་པའི་རྗེས་འབྲངས་པ་རྣམས་ཀྱིས་དེ་ལྟར་བཤད་ཀྱང་། དེང་རབས་རིག་པ་སྨྲ་བ་ཚོས་དེ་ཙམ་ཁས་མི་ལེན། གང་ལྟར་བོན་འབྱུང་དང་ཆོས་འབྱུང་གང་ཡིན་ཀྱང་དེ་དག་ལ་ཞིབ་པར་མ་བརྟག་བར་དེ་དང་དེ་ཡིན་ཞེས་བཤད་ཧམ་ཡང་ག་ལ་བྱས་ཕོད། གང་ལྟར་ཞང་ཞུང་སྟོང་རྒྱུང་མཐུ་ཆེན་དང་། ཤ་རི་དབུ་ཆེན་ནི་བོན་གྱི་ལོ་རྒྱུས་ལྟར་ན་ཕྱི་ལོ་སྔོན་ནས་བྱུང་རབས་བཤད་པ་དང་། སློབ་དཔོན་དབྱིག་གཉེན་ནི་ཕྱི་ལོའི་དུས་རབས་བཞི་པ་དང་ལྔ་པའི་བར་བྱུང་བར་བཞེད་པས། དེ་དག་ལ་གཞིགས་ན་སློབ་དཔོན་དེ་དག་གི་བྱུང་རབས་ཐོག་ལ་ཧེ་བག་ཤིན་ཏུ་ཆེན་པོ་སྣང་།

༢༽འཁྲུངས་ཡུལ་གྱི་ཐད་ནས་དཔྱད་པ།

   ལར་ན་སྟོང་རྒྱུང་མཐུ་ཆེན་ཞང་ཞུང་ཡུལ་ནས་དང་ཤ་རི་དབུ་ཆེན་སེའི་ཡུལ་ནས་ཡིན་པ་སོགས་བོན་འབྱུང་དག་ལས་གསལ་ཡང་། ཞང་ཞུང་གི་ཡུལ་ལ་སྒོ་ཕུགས་བར་གསུམ་དང་འབྲེལ་བའི་ཧི་ལམ་ལ་ཡའི་རི་རྒྱུད་ཀྱི་ས་ཚིགས་རྣམས་དང་བོད་ཀྱི་བྱང་རྒྱུད་ནས་རིམ་བཞིན་སྒོ་པ་ཤེལ་ལེ་རྒྱ་སྐར་ཏེ་ཁམས་ཕྱོགས་ཀྱི་བོན་གྱི་གནས་ཆེན་ཁྱུང་པོ་རི་རྩེ་དྲུག་གི་ཕྱོགས་དང་དེ་བཞིན་མདོ་སྨད་རྨ་རྒྱལ་པོམ་ར་སོགས་ཀྱི་ཡན་མདོར་ན་དབུས་གཙང་རུ་བཞིིའི་མངའ་ཁོངས་ཙམ་ལས་དེ་མིན་ད་ལྟའི་བོད་ཡུལ་ཆ་ཚང་ཞང་ཞུང་གི་མངའ་ཁོངས་ཡིན་པའི་ལོ་རྒྱུས་བོན་འབྱུང་དག་ལས་ཆེས་རྒྱ་ཆེ་བར་གསུངས་ཡོད་ཀྱང་། སྟོང་རྒྱུང་ཞང་ཞུང་གི་ཡུལ་བྱེ་བྲག་གང་ནས་ཡིན་པ་སོགས་མི་གསལ་ཏེ། སྐུ་འདས་ཡུལ་ནུབ་ཕྱོགས་སྲིན་པོའི་ཡུལ་ན་ཡིན་ཚུལ་གཅིག་དང་། རྒྱ་གར་གྱི་ཡུལ་ལྗོན་ཤིང་དང་བདེ་ལྡན་ལྷ་བྱ་གསུང་སྙན་ཚལ་ཞེས་བྱ་བའི་ཡུལ་དུ་ཡིན་པ་སོགས་ཀྱི་བཤད་ཚུལ་ཐ་དད་གཉིས་སུ་སྣང་། སྤྱིར་སྟོང་རྒྱུང་འཕོ་བ་གྲོང་འཇུག་གི་ལམ་ནས་རྒྱ་གར་བྲམ་ཟེའི་སྐུ་རུ་བཞེངས་ཡོད་པའི་ལོ་རྒྱུས་བོན་དཔེ་ནང་གསལ་བ་ལྟར་ན། འདས་ཡུལ་རྒྱ་གར་གྱི་ཡུལ་ཡིན་ནའང་ཐང་། རྒྱ་གར་གྱི་ཡུལ་ལྗོངས་ས་གནས་གང་དུ་ཡིན་པ་སོགས་མ་གསལ། ཤ་རི་དབུ་ཆེན་སེའི་ཡུལ་ནས་ཡིན་པ་སོགས་བཤད་ཀྱང་། སེ་ཡུལ་ཞེས་པའི་ས་གནས་གང་དུ་ཡིན་པའི་ངོས་འཛིན་ད་ལྟའི་ཆར་གསལ་ཁ་མེད། སློབ་དཔོན་དབྱིག་གཉེན་གྱི་འཁྲུང་ཡུལ་ལའང་པྲུ་ཤ་པུར(པེ་ཤ་ཝར)དང་མ་ག་དྷའི་ཡུལ་ཡིན་པ་སོགས་བཤད་ཚུལ་མི་གཅིག་པ་གཉིས་ཡོད། ནམ་རྒྱུན་བཤད་སྲོལ་ལ་ཏ་ཟིག་དང་། ཀསྨིར་ཁ་ཆེ་ལུང་པ་སོགས་ཞང་ཞུང་རྒྱལ་ཁབ་དང་འབྲེལ་ནས་ཡོད་པ་སོགས་བཤད་པས། སློབ་དཔོན་དབྱིག་གཉེན་ཡང་པེ་ཤ་ཝར་ནས་ཡིན་པ་དང་། ཞང་ཞུང་སྟོང་རྒྱུང་མཐུ་ཆེན་སོགས་ཡུལ་ལུང་དེ་དག་དང་འབྲེལ་བ་ཡོད་པའི་དབང་གིས་དབྱིག་གཉེན་གྱིས་ཕལ་ཆེར་དེ་དག་གི་ཕྱག་དཔེ་ལ་གཟིགས་ཡོད་པ་སོགས་ཀྱི་དོགས་གཞི་བོན་གྱི་ལོ་རྒྱུས་སྨྲ་བ་འགའ་ལ་ཡོད་ཀྱང་། དེ་ལྟར་ཡིན་པའི་སྒྲུབ་བྱེད་ཡིག་ཆའི་ལོ་རྒྱུས་སོགས་གང་ཡང་མ་མཐོང་། སློབ་དཔོན་དེ་དག་གི་བྱུང་རབས་ལོ་རྒྱུས་གང་གི་ཐད་ནས་ཀྱང་བསམ་ན་འབྲེལ་བ་ཡོད་པར་མ་སྣང་།

༣༽མཛོད་གཞུང་རྩོམ་ཚུལ་དང་འབྲེལ་ནས་དཔྱད་པ།

   བོན་གྱི་ནང་ད་ཡོད་བཞུགས་པའི་མཛོད་འགྲེལ་ཀུན་ཞང་ཞུང་སྟོང་རྒྱུང་མཐུ་ཆེན་དང་བོད་ཤ་རི་དབུ་ཆེན་གཉིས་ཀྱིས་བསྒྱུར་གནང་བའི་སྲིད་པའི་མཛོད་ཕུགས་ལ་གཞི་བཅོལ་བའི་འགྲེལ་ཤ་སྟག་ཡིན་པ་དང་། གཤེན་པོ་དེ་གཉིས་ཀྱིས་བོན་གྱི་བཀའ་གཞུང་གང་མང་ཞིག་སྒྲ་བསྒྱུར་མཛད་ཡོད་པ་ནི་བོན་གྱི་ལོ་རྒྱུས་ནང་ཡོངས་སུ་གྲགས་པའི་གཏམ་ཞིག་ཡིན། བོན་གྱི་སྟོན་པའི་བཀའ་སྲིད་པའི་མཛོད་ཕུགས་ཀྱི་གཞུང་འདི་ཞང་ཞུང་སྟོང་རྒྱུང་མཐུ་ཆེན་དང་། བོད་ཤ་རི་དབུ་ཆེན་གཉིས་ཀྱིས་ཡུལ་བོད་དང་ཞང་ཞུང་གི་རུ་མཚམས་གཙང་བྱེ་མ་ལ་གཡུང་དྲུང་ཆུ་མིག་བརྒྱད་ཅུ་རྩ་གཉིས་ཀྱི་འགོ་བོར་བོད་དང་ཞང་ཞུང་གི་ཚིག་གི་ཚོམས་བསྡེབས་ཏེ་བསྒྱུར་བ་དང་། བསྒྱུར་གཞུང་དེ་ཞང་བོད་ཤན་སྦྱར་གྱི་དཔེ་ཆ་རིང་ཤོས་ཤིག་ཡིན། བོན་གྱི་གཤེན་པོ་ཁོང་གཉིས་ཀྱིས་བོན་གཞུང་དུ་མ་ཞིག་ས་གནས་དེ་རུ་ལོ་པཎ་ཚུལ་གྱིས་ཞང་བོད་ཀྱི་སྒྲ་བསྡེབས་ཏེ་བསྒྱུར་ཡོད་པ་ནི་བོན་གཞུང་ནང་ཡོངས་གྲགས་ལྟ་བུ་རེད། སྤྱིར་གཤེན་པོ་དེ་གཉིས་ཀྱིས་གཞུང་སྲིད་པའི་མཛོད་ཕུགས་ཞང་བོད་ཤན་སྦྱར་གྱི་ཚིག་གི་ཚོམས་བསྡེབས་ནས་བསྒྱུར་ཚུལ་སོགས་བཤད་ཀྱང་། གཞུང་ཉིད་ལ་ལེགས་པར་བལྟས་ཚེ་མཛོད་གནས་བཅུ་བདུན་གྱི་ཞང་བོད་ཤན་སྦྱར་གྱི་ཚད་ལ་མང་ཉུང་ཡོད་པ་དང་བསྒྱུར་ལའང་ཁྱད་པར་ཡོད་པར་སྣང་། མཛོད་གནས་འགའ་ལ་ཐད་བསྒྱུར་དང་རེས་འགའ་ལ་དོན་བསྒྱུར་བཅས་དུམ་མཚམས་ཁག་འགའ་ཤས་ལ་འགོ་བརྗོད་ཙམ་ལ་ཞང་སྐད་ཡོད་པ་ལས་དེ་མིན་ཚང་མ་བོད་སྐད་རང་སོར་གནས་ཡོད། ཞང་བོད་ཀྱི་ཚིག་ཤན་སྦྱར་གྱི་ཚུལ་དུ་ཡིག་ཕྲེང་གཅིག་ནང་དུ་འདྲེས་ནས་གནས་པའང་ལེའུ་འགའ་ཤས་ཡོད་པས། བསྒྱུར་གཞུང་ཉིད་ཀྱི་བསྒྱུར་ལུགས་དང་འབྲེལ་བའི་གནད་གང་མང་ཞིག་ལ་དཔྱད་དགོས་པར་མཐོང་།

༣༽སློབ་དཔོན་དབྱིག་གཉེན་གྱིས་མཛོད་རྩོམ་ཚུལ་སྐོར།

   ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གིས་ཁི་མུ་ར་ཐ་ཨི་ཁེང་གི་བཞེད་པ་བསྡུས་བསྒྱུར་བྱས་ཏེ། སློབ་དཔོན་དབྱིག་གཉེན་གྱིས་ཆོས་སྐྱོབ་ཀྱིས་མཛད་པའི་ཆོས་མངོན་ཕྲན་ཚེགས་སྙིང་པོ་ལ་གཞི་བཅོལ་ནས་མངོན་མཛོད་མཛད་པ་སོགས་ཀྱི་རྒྱུ་མཚན་བཀོད་ཡོད། ཆོས་མངོན་ཕྲན་ཚེགས་སྙིང་པོ་ནི་བོད་བསྒྱུར་གནང་ཐུབ་མེད་ཀྱང་། lalji shravak ལགས་ཀྱིས་གཞུང་དེ་ཉིད་ཧིན་བསྒྱུར་གནང་ཡོད་པས། དཔྱད་གཞིར་ཤིན་ཏུ་སྨན། Dr.Lalji ‘Sharavak དང་མཁས་དབང་ཁང་དཀར་གཉིས་ཀྱིས་ཆོས་སྐྱོབ་ཀྱིས་མཛད་པའི་ཆོས་མངོན་ཕྲན་ཚེགས་ཀྱི་གནས་གཉིས་པ་ལ་རྒྱས་བཤད་མཛད་ནས་སློབ་དཔོན་དབྱིག་གཉེན་གྱིས་གནས་གསུམ་པ་འཇིག་རྟེན་བསྟན་པ་གསར་དུ་བྲིས་པ་སོགས་བཤད། ངོས་རང་གིས་ Dr.Lalji ‘Sharavak’གིས་ཧིན་བསྒྱུར་མཛད་པའི་ཆོས་མངོན་ཕྲན་ཚེགས་སྙིང་པོའི་གནས་གཉིས་པ་ལ་ཞིབ་ལྟ་བྱས་པ་ཡིན། དེའི་ནང་སྐད་ཅིག་མ་དང་རྡུལ་ཕྲན་དང་ཁམས་གསུམ་གྱི་སེམས་ཅན་གྱི་ལོ་ཚད་བརྩི་ཚུལ་དང་འབྲེལ་བའི་སྐོར་བཤད་ཡོད་པ་དེ་དག་སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་ཆོས་མངོན་པའི་མཛོད་ཀྱི་བཤད་པའི་གནས་གསུམ་པ་འཇིག་རྟེན་བསྟན་པ་ནང་གཅིག་མཚུངས་ལྟར་བཀོད་ཡོད་ཀྱང་། ཆོས་མངོན་ཕྲན་ཚེགས་ཀྱི་གནས་གཉིས་པ་ནང་ཕྱི་སྣོད་ཆགས་ཚུལ་དང་སྟོང་གསུམ་གྱི་རྣམ་གཞག་དང་། ཆགས་གནས་འཇིག་སྟོང་གི་བསྐལ་པ་དང་། རི་རབ་རི་བདུན་གླིང་བཞི་གླིང་ཕྲན་ཉི་ཟླ་སོགས་ཀྱི་ཞེང་དཔག་ཆགས་ཚད་དང་འབྲེལ་བའི་སྐོར་གང་ཡང་གསུངས་མེད། མཆིམས་འཇམ་པའི་དབྱངས་ཀྱིས་བརྩམས་པའི་ཆོས་མངོན་པ་མཛོད་ཀྱི་ཚིག་ལེའུར་བྱས་པའི་འགྲེལ་པ་མངོན་པའི་རྒྱན་གྱི་སྔོན་གླེང་ངོ་སྤྲོད་སྤྱི་བཤད་ནང་། འདུས་བཟང་གིས་མཛད་པར་གྲགས་པའི་༼མངོན་པ་མཛོད་ཀྱི་ཚིག་ལེའུར་བྱས་པའི་བཤད་པ་༽ མཛོད་རང་འགྲེལ་དང་ཤིན་ཏུ་འདྲ་ཞིང་། འདིར་མཛོད་འགྲེལ་གནས་དགུ་པ་མི་བྱུང་བ་ལས་གཞན་དུ་ནི་སྐབས་སྐབས་སུ་ཚིག་རེ་གཉིས་ཙམ་མ་གཏོགས་གཞུང་ཡོངས་རྫོགས་ཧ་ལམ་མཛོད་རང་འགྲེལ་བཤུས་པ་ལྟ་བུར་འདུག་པ་སོགས་ཀྱི་དོགས་གཞི་བཀོད་པ་དེའང་ཤིན་ཏུ་དཔྱད་གཞིར་ཆེ།

མཐའ་བསྡོམས།

   སྤྱིར་སྟོང་རྒྱུང་མཐུ་ཆེན་གྱི་མཚན་གྱི་འགོ་བརྗོད་དུ་ཞང་ཞུང་ཞེས་བྲིས་སྲོལ་ལ་བལྟས་ན། ཞང་ཞུང་ནས་ཡིན་པ་གསལ་ཡང་། ཞང་ཞུང་གི་ས་མཚམས་ས་ཁྱོན་སོགས་ཤིན་ཏུ་རྒྱ་ཆེན་པོ་ཡིན་པའི་ལོ་རྒྱུས་བན་བོན་གྱི་ལོ་རྒྱུས་གང་མང་ནང་བཤད། ཞང་ཞུང་གི་ས་མིང་བྱེ་བྲག་གང་ནས་ཡིན་པའི་གསལ་ཁ་མེད། དེ་དང་མཚུངས་པར་ཤ་རི་དབུ་ཆེན་གྱི་མཚན་གྱི་འགོ་བརྗོད་དུ་སྐབས་འགའ་བོད་ཤ་རི་དབུ་ཆེན་དང་། ཞང་ཞུང་གི་བོན་པོ་ཤ་རི་དབུ་ཆེན་དང་། མཚམས་རེས་སེ་བོན་ཤ་རི་དབུ་ཆེན་ཞེས་འབྲི་སྲོལ་མ་འདྲ་འགའ་སྣང་། དེས་ན་ཁོང་ཉིད་བོད་ཡུལ་དང་སེ་ཡུལ་གང་ནས་ཡིན་པའི་ལོ་རྒྱུས་ཁ་གསལ་མ་མཇལ། གཤེན་པོ་དེ་གཉིས་རྒྱལ་བརྒྱུད་རིམ་པ་གང་མང་ནང་ཡོད་པའི་ལོ་རྒྱུས་བོན་འབྱུང་དུ་མ་ནང་ཐོན་ཀྱང་། རིག་འཛིན་རིག་པའི་ཐུགས་རྒྱུད་ལས་བྱུང་བའི་སྤྱི་ཁོག་ལོ་རྒྱུས་དང་། སྐྱང་སྤྲུལ་དྲི་མེད་འོད་ཟེར་གྱིས་བྲིས་གནང་བའི་སྐྱེས་ཆེན་ངོ་སྤྲོད་ནང་དཔོན་གསས་རིག་པའི་ཐུགས་རྒྱུད་ལས་ལུང་དྲངས་པའི་ནང་། མི་ལོ་༥༣༧ བཞུགས་པ་བཤད། དེ་ལྟར་བཞུགས་ཡོད་པའི་དབང་དུ་བཏང་ན། བོད་རྒྱལ་གཉིས་པ་མུ་ཁྲི་བཙན་པོ་ནས་ཁྲི་སྲོང་ལྡེའུ་བཙན་བར་མི་ལོ་༥༣༧ ལས་མང་བ་སོང་ཡོད་པ་ནི། རྒྱལ་རབས་རིམ་བྱོན་གྱི་བྱུང་རབས་དག་ལ་གཟིགས་ན་ཤེས་ཐུབ། ཞང་ཞུང་སྟོང་རྒྱུང་མཐུ་ཆེན་གྱི་སྐུ་གཤེགས་ཚུལ་ལའང་། རིགས་ལྔ་སྟོན་ཞིང་སྐུ་འོད་ཟེར་དུ་འཕྲོས་ཏེ་དབལ་ཟས་ལ་ཐིམ་ཚུལ་དང་། ནུབ་ཕྱོགས་སྲིན་པོའི་ཡུལ་ཡིན་པ་དང་། རྒྱ་གར་གྱི་ཡུལ་ལྗོན་ཤིང་བདེ་ལྡན་ལྷ་བྱ་གསུང་སྙན་ཚལ་ཞེས་བྱ་བའི་ཡུལ་དུ་ཡིན་པ་སིགས་བཤད་ཚུལ་མི་མཐུན་པ་འགའ་སྣང་། དཔལ་ལྡན་བླ་མའི་རྣམ་ཐར་གྱི་དཀར་ཆག་མུ་ཏིག་འཕྲེང་བ་ལས། སྟོང་རྒྱུང་གི་རྟེན་དབུ་ཐོད་སྐུ་ཤ་དང་བཅས་པ། ཤམ་པོའི་གནས་སུ་གཏེར་དུ་སྦས། རུལ་དང་ཟགས་པར་མི་འགྱུར་ཕྱིར། གྷི་ཝང་གུར་གུམ་རྒྱ་ཡིས་བཏབ། མི་རུལ་རྩི་ཡིས་བྱུག་པ་བྱས་པ་སོགས་ལ་གཞིགས་ན། སྐུ་འོད་ཟེར་དུ་འཕྲོས་ཏེ་དབལ་ཟས་ལ་ཐིམ་ཚུལ་གྱི་གཤེགས་ཚུལ་དང་མི་མཐུན། དཔོན་གསས་དེ་གཉིས་ཀྱི་བོན་གཞུང་གང་མང་ཞིག་ཞང་ཡིག་ནས་བོད་སྐད་ཐོག་བསྒྱུར་ཡོད་པ་ནི། བོན་འབྱུང་ཕྱག་དཔེ་གང་མང་ནང་ཡོངས་སུ་གྲགས་པའི་གཏམ་ཞིག་ཡིན།
   ཞང་ཞུང་སྟོང་རྒྱུང་མཐུ་ཆེན། སེ་བོན་ཤ་རི་དབུ་ཆེན། སློབ་དཔོན་དབྱིག་གཉེན་གསུམ་གྱི་བྱུང་རབས་ཀྱི་དུས་ཚིགས་དང་འཁྲུངས་ཡུལ་ཐད་ནས་མི་གཅིག་ལ། དེ་དག་གིས་མཛད་པའི་མཛོད་རྩོམ་ཚུལ་དང་འབྲེལ་བའི་ལོ་རྒྱུས་སོགས་ལས་ཀྱང་དངོས་ཤུགས་བརྒྱུད་གསུམ་ནས་འབྲེལ་བ་བྱུང་ཡོད་ཚུལ་ཡང་མི་གསལ། འོན་ཀྱང་། དེ་དག་གི་མཛོད་གཞུང་ནང་སྣོད་བཅུད་ཀྱི་བཤད་ཚུལ་གྱི་ཚིག་བཅད་རྣམས་ཧ་ལམ་གཅིག་མཚུངས་ལྟར་མཆིས་པ་ནི། མིག་མཐོང་ལག་ཟིན་ལྟ་བུ་ཡིན་པས། ཐ་ཅིག་ཏུ་འདི་ཞེས་མཐའ་བསྡོམས་འཇོག་རྒྱུའང་རང་ཉིད་ལྟ་བུ་ལ་ཤིན་ཏུ་དཀའ། དེ་ཡང་ཐའུ་བློ་བཟང་ཆོས་ཀྱི་ཉི་མས། ཆོས་དང་བོན་ཞེས་འགལ་པའི་ཚད་བྱེད་ཀྱང་། ། ཆོས་ལ་བོན་འདྲེས་བོན་ལ་ཆོས་འདྲེས་པས། ། ཆོས་མིག་རྡུལ་བྲལ་མི་ལྡན་བདག་ལྟ་བུ། ། ཆོས་བོན་རྣམ་དབྱེ་འབྱེད་ལ་སྒྱིད་ལུག་གྱུར་ཞེས་གསུངས་པ་ལྟར་རོ།།
   གང་ལྟར་སྐྱེས་ཆེན་དམ་པ་རྣམས་ཀྱི་ཕྱི་ནང་གསང་གསུམ་གྱི་མཛད་སྤྱོད་མཐའ་ཡས་པས། བདག་ལྟ་བུས་ལོ་རྒྱུས་ཀྱི་ཕྱག་དཔེ་འགའ་ཙམ་ལ་གཞི་བཅོལ་ནས་དཔོན་གསས་དེ་དག་གི་སྐོར་ལ་མཐའ་བསྡོམས་གྱི་ཚུལ་དུ་མཐའ་ཚིག་ཞིག་ཞུས་ག་ལ་ཕོད། དེས་ན་མཁྱེན་ལྡན་རྣམ་དཔྱོད་ཀྱི་ཕྱུག་པ་རྣམས་ཀྱིས་དཔོན་གསས་དེ་དག་དང་འབྲེལ་བའི་སྐོར་དགོངས་འཆར་དང་ལམ་སྟོན་ཡོང་བའི་བཀའ་འདྲིན་ཅི་ནས་ཀྱང་སྩོལ་གནང་ཡོང་བར་ཞུ།

ཁུངས་བཅོལ་ཕྱག་དཔེའི་མཚན་གཞུང་།

བོན་གྱི་བཀའ་འགྱུར།
༡༽ ཁམས་བརྒྱད་གཏན་ལ་ཕབ་པ་ལས་སྡུད་པ་ཚིགས་སུ་བཅད་པ་བཀའ་དྲི་མ་མེད་པ་མན་ངག་གི་དོན་བཞུགས་སོ། ༢༠༠༨ གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ།
༢༽ ཁུ་བྱུག་རིག་པའི་མདོ། དཔེ་གཟུགས། ཨ་གཡུང་གིས། ༡༩༨༡ ལོར་དཔར་དུ་བསྐྲུན།
༣༽ མདོ་སྡེ་ཁོད་པོ་སྐལ་བཟང་པོད་སྟོད་ཀ་དུམ་བཞུགས། ཨ་གཡུང་གིས་དཔར་དུ་བསྐྲུན།
༤༽ གསང་བ་སྔགས་ཀྱི་རྒྱལ་པོ་ཕ་རྒྱུད་རིག་པ་ཁུ་བྱུག་གསང་མཆོག་མཐར་ཐུག་རྒྱལ་པོ་རྩ་བའི་རྒྱུད། དཔེ་གཟུགས། ཨ་གཡུང་གིས། ༡༩༨༡ ལོ་དཔར་དུ་བསྐྲུན།
༥༽ མདོ་གཟེར་མིག དྲང་རྗེ་བཙུན་པ་གསེར་མིག་གིས་གཏེར་ནས་བཏོན། ༡༩༩༨ ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་།
༦༽ གསས་མཁར་རིན་པོ་ཆེ་གསང་བ་བསེན་ཐུབ་ཀྱི་རྒྱུད། དེབ་གཟུགས། ༢༠༠༤ གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ།
༧༽ མདོ་གཡུང་དྲུང་ཀློང་རྒྱས། དཔེ་གཟུགས། ལྡི་ལི་དཔར་མ།
༨༽ གཡུང་དྲུང་ལས་རྣམ་པར་དག་པའི་རྒྱུད། ཨ་གཡུང་གིས་དཔར་དུ་བསྐྲུན།
༩༽ གོ་སྡེའི་བསྐལ་བཟང་འགྲོ་བ་འདྲེན་པའི་སྣོད། ཨ་གཡུང་གིས་དཔར་དུ་བསྐྲུན།
༡༠༽ སྒྲོན་མ་དྲུག་གི་གདམས་པ། དེབ་གཟུགས། ༢༠༡༠ གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ།
༡༡༽ ཐེག་པ་ཆེན་པོ་གསང་སྔགས་མ་རྒྱུད་ཐུགས་རྗེ་ཉི་མའི་རྒྱུད་གསུམ་བཞུགས། དེབ་གཟུགས། ༢༠༠༩ གུ་རུ་རྣོན་རྩེའི་གཏེར་མ། མི་རིགས་དཔེ་སྐྲུན་ཁང་།
༡༢༽ དབལ་གསས་རྔམ་པ་དྲག་ཟློག་གི་རྒྱུད་སྟོང་རི་ཐོ་ཆེན། ཨ་གཡུང་གིས་དཔར་དུ་བསྐྲུན།
༡༣༽ བཀའ་ལུང་དྲི་མ་མེད་པའི་མདོ་དྲུང་མུ་བསྐལ་བཟང་སངས་རྒྱས་སྟོང་གི་མཚན་བརྗོད་པོད་སྟོད་བཞུགས། བླ་མ་ནམ་མཁའ་བསྟན་འཛིན་དང་ཨ་མདོ་ཚུལ་ཁྲིམས་གཉིས་ཀྱིས་དཔར་དུ་བསྐྲུན། ༡༩༨༧-༨༨ ཤོག་མདོག་ནག་པོ།
༡༤༽ མདོ་དྲི་མེད་གཟི་བརྗིད། དེབ་གཟུགས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།
༡༥༽ སྣོད་རྟེན་འབྱུང་བ་ཆགས་འཇིག་གི་མདོ། དཔེ་གཟུགས། ལྷ་སྲས་བཀའ་འགྱུར།
༡༦༽ བོན་ཉིད་ཀྱི་སྙིང་པོ་ཐུགས་རྗེ་ཉི་མ་དགུ་ཤར་གྱི་འབུམ། ཨ་གཡུང་གིས་དཔར་དུ་བསྐྲུན།
༡༧༽ མཁའ་ཀློང་གསང་བའི་མདོས་ཀྱི་འཕྲིན་ལས། སོག་སྡེ་སྤྲུལ་སྐུ་བསྟན་པའི་ཉི་མས་དཔར་དུ་བསྐྲུན།
༡༨༽ ཡེ་ཁྲི་མཐའ་སེལ་གྱི་དགོས་འདོད་གསལ་བྱེད་བཤད་གཞིའི་མཆོང་། དེབ་གཟུགས། ༢༠༠༥ ཁྲི་བརྟན་ནོར་བུ་རྩེ།
༡༩༽ སྲིད་པའི་མཛོད་ཕུགས། དེབ་གཟུགས། ཝཱ་ཎ་གཡུང་དྲུང་བོན་གྱི་དགེ་སློབ་ཁང་། ༢༠༡༢
༢༠༽ སྲིད་པ་ལས་ཀྱི་གཏིང་ཟློག་གི་རྩ་རྒྱུད་ཀུན་གསལ་ཉི་ཟེར་སྒྲོན་མ། འོ་ལེ་བླ་མས་དཔར་དུ་བསྐྲུན། ཤོག་མདོག་ནག་པོ།
༢༡༽ མདོ་འདུས་པ་རིན་པོ་ཆེའི་རྒྱུད་ཐམས་ཅད་མཁྱེན་པའི་བཀའ་ཚད་མ་བཞུགས། དཔེ་གཟུགས། ཨ་གཡུང་གིས་དཔར་དུ་བསྐྲུན།
༢༢༽ རྫོགས་པ་ཆེན་པོ་ཞང་ཞུང་སྙན་རྒྱུད། དེབ་གཟུགས། ༢༠༡༠ གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ།
༢༣༽ རྫོགས་ཆེན་ཡང་རྩེ་ལྟ་བ་ཐོག་བབ། དེབ་གཟུགས། ༢༠༠༨ ཝཱ་ཎ།

བོན་གྱི་བཀའ་བརྟེན།
༡༽སྐྱབས་སྟོན་རིན་ཆེན་འོད་ཟེར། ཁྲོ་བོ་དབང་ཆེན་ངོ་མཚར་རྒྱས་པའི་རྣམ་བཤད་གསལ་བའི་སྒྲོན་མེ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། དེབ་གཟུགས། ༢༠༠༨
༢༽ སྐྱབས་སྟོན་རིན་ཆེན་འོད་ཟེར། ཡང་རྩེ་ཀློང་ཆེན། དེབ་གཟུགས། གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ། ༢༠༡༡
༣༽མཁན་ཆེན་ཉི་མ། གཡུང་དྲུང་བོན་གྱི་བསྟན་རྩིས་ངོ་མཚར་ནར་བུའི་ཕྲེང་བ། དེབ་གཟུགས། ལྡི་ལི་དཔར་མ།
༤༽མཁའ་ཀློང་གསང་མདོས་སྤྱི་རྒྱུགས་མདོས་མཆོང་རིན་ཆེན་ཕྲེང་བ། དཔེ་གཟུགས། ༡༩༩༨ ལྷ་ས་སོགས་དེ་སྤྲུལ་སྐུ་བསྟན་པའི་ཉི་མས་དཔར་དུ་བསྐྲུན།
༥༽སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན། བདེན་པའི་མཛོད་ཕུགས་རྣམ་པར་འབྱེད་པའི་ལྡེ་མིག ལྔ་རིག་བོན་གྱི་སྙིང་གཏེར། དེབ་གཟུགས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༥
༦༽ཁྱུང་པོ་བློ་གྲོས་རྒྱལ་མཚན། རྒྱལ་རབས་བོན་གྱི་འབྱུང་གནས། དཔེ་གཟུགས། ༡༩༩༨ སོག་སྡེ་སྤྲུལ་སྐུ་བསྟན་པའི་ཉི་མས་དཔར་དུ་བསྐྲུན།
༧༽སྟོང་རྒྱུང་མཐུ་ཆེན། སྒྲུབ་ཐབས། དཔེ་གཟུགས། གཏེར་བཏོན་ཁོད་པོ་བློ་གྲོས་ཐོགས་མེད།
༨༽སྟོང་རྒྱུང་མཐུ་ཆེན། བརྔན་བསང་ཆེན་མོའི་གཞུང་། དཔེ་གཟུགས། ༡༩༩༨ སོག་སྡེ།
༩༽སྟག་ལ་མེ་འབར། ཕུར་བུའི་དོན་བསྡུས་རྩ་བའི་འགྲེལ་ཆེན། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༨
༡༠༽དཔལ་ལྡན་ཚུལ་ཁྲིམས གཡུང་དྲུང་བོན་གྱི་བསྟན་འབྱུང་། ༡༩༨༨ བོད་ལྗོངས་མི་དམངས་དཔེ་སྐྲུན ཀང་།
༡༡༽དབྲ་སྟོན་སྐལ་བཟང་བསྟན་པའི་རྒྱལ་མཚན། ཤར་རྫ་བཀྲཤིས་རྒྱལ་མཚན་གྱི་རྣམ་ཐར། དེབ་གཟུགས། ༡༩༩༠ མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།
༡༢༽བྲུ་བཙུན་རྒྱལ་བ་གཡུང་དྲུང་། འགྲེལ་བ་སྒྲོན་མ་མུན་སེལ། ༢༠༠༩ ཝཱ་ཎ།
༡༣༽དཔལ་ལྡན་བླ་མའི་རྣམ་ཐར་གྱི་དཀར་ཆག་མུ་ཏིག་ཕྲེང་བ། དེབ་གཟུགས། ༡༩༨༡ ལྡི་ལི་དཔརམ།
༡༤༽དྲན་པའི་ལུང་བསྟན་ལྡེ་མིག་འབྲིང་པོ། ལྡི་ལི་དཔར་མ།
༡༥༽དྲན་པ་ནམ་མཁའ། བྱང་སེམས་གབ་པ་དགུ་སྐོར་གྱི་འགྲེལ་བཞི་རིགས་པའི་རྒྱ་མཚོ། ༢༠༠༨ སི་ཁྲོན་དཔེ་སྐྲུན་ཁང་།
༡༧༽དྲན་པ་ནམ་མཁའ། དྲང་དོན་མུན་སེལ་སྒྲོན་མེའི་འགྲེལ་པ། ༢༠༡༠ གངས་ཏི་སེ་བོན་གཞུང་རིག་མཛོད།
༡༨༽དྲན་པ་ནམ་མཁའ། བདེན་པ་བོན་གྱི་མཛོད་སྒོ་སྒྲ་འགྲེལ་འཕྲུལ་གྱི་ལྡེ་མིག དེབ་གཟུགས། ༢༠༡༢ ཝཱ་ཎ།
༡༩༽སྤ་བསྟན་རྒྱལ་བཟང་པོ། དར་རྒྱས་གསལ་བའི་སྒྲོན་མེ། དེབ་གཟུགས། ༡༩༩༡ མི་རིགས་དཔེ་སྐྲུན་ཁང་།
༢༠༽ཕྱོགས་མེད་རི་ཁྲོད་དཔལ་བཙུན་ནམ་མཁའ་མཁའ་བཟང་པོ། ཕྱི་སྣོད་འཇིག་རྟེན་གྱི་ཆགས་ཚུལ་བཞུགས་པ་ལགས་སོ། དཔེ་གཟུགས། ༡༩༧༢ ལྡི་ལི་དཔར་མ།
༢༡༽མཁས་གྲུབ་ལུང་རྟོགས་རྒྱ་མཚོ། བསྟན་འབྱུང་ཀེ་ཏ་ཀའི་དོ་ཤལ། ༢༠༠༨ ཝཱ་ཎ་གཡུང་དྲུང་བོན་གྱི་དགེ་སློབ་ཁང་།
༢༢༽དྲན་པ་ནམ་མཁའ། བོན་ཆོས་དར་ནུབ་ཀྱི་ལོ་རྒྱུས་བསྒྲགས་པ་རིན་ཆེན་གླིང་གྲགས། དཔེ་གཟུགས། ༡༩༩༨ ལྷ་ས་སོག་སྡེ་སྤྲུལ་སྐུ་བསྟན་པའི་ཉི་མས་དཔར་དུ་བསྐྲུན།
༢༣༽བྲུ་སྟོན་རྒྱལ་བ་གཡུང་དྲུང་། འཇིག་རྟེན་སྣོད་བཅུད་ཀྱི་གནས་ལུགས་སིལ་བུར་བསྟན་པའི་འགྲེལ་པ། དེབ་གཟུགས། ༢༠༡༠ གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ།
༢༤༽མཁན་ཆེན་ཉི་མའི་རྣམ་ཐར། དཔེ་གཟུགས། སོག་སྡེ་སྤྲུལ་སྐུ་བསྟན་པའི་ཉི་མས་དཔར་དུ་བསྐྲུན།
༢༥༽མཉམ་མེད་ཤེས་རབ་རྒྱལ་མཚན། སྲིད་པའི་མཛོད་ཕུགས་ཀྱི་གཞུང་དང་འགྲེལ་བ་འཕྲུལ་གྱི་སྒྲོན་མེ། དེབ་གཟུགས། ༢༠༠༤ གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ།
༢༦༽མཛོད་གནས་བཅུ་བདུན་གྱི་འགྲེལ་པ་མཁས་མི་བཞིས་མཛད་པ་བཞུགས་སོ། དེབ་གཟུགས། ༢༠༡༢ གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ།
༢༧༽མེ་སྟོན་ཤེས་རབ་འོད་ཟེར། དབུ་མ་བདེན་གཉིས་ཀྱི་རང་འགྲེལ། ༢༠༠༨ གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ། དེབ་གཟུགས།
༢༨༽མུ་ཆོའི་ཁྲོམ་འདུར། ༡༩༩༨ ལྷ་ས་སོག་སྡེ་སྤྲུལ་སྐུ་བསྟན་པའི་ཉི་མས་དཔར་དུ་བསྐྲུན།
༢༩༽འགྲོ་མགོན་བློ་གྲོས་རྒྱལ་མཚན། སྲིད་པའི་མཛོད་ཕུགས་ཀྱི་དེ་ཁོ་ན་ཉིད་གཏན་ལ་དབབ་པའི་འགྲེལ་པ། དེབ་གཟུགས། ༢༠༠༢ གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ།
༣༠༽འགྲོ་མགོན་བློ་གྲོས་རྒྱལ་མཚན། རྩ་རྒྱུད་གསང་བ་བསེན་ཐུབ་ཀྱི་འགྲེལ་བ་ཡིད་བཞིན་རྣམ་པར་བཀོད་པའི་རྒྱན། ༢༠༠༤ གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ།
༣༡༽འཇིགས་མེད་ནམ་མཁའ་རྡོ་རྗེ། དཔྱད་གསུམ་དག་རྩིས། ལྡི་ལི་དཔར་མ།
༣༢༽ཡོངས་འཛིན་བསྟན་འཛིན་རྣམ་དག་རིན་པོ་ཆེ། གསུང་འབུམ། པོད་གཉིས་པ། དེབ་ཕྲེང་དྲུག་པ། ༢༠༠༥ ཁྲི་བརྟན་ནོར་བུ་རྩེའི་དཔེ་མཛོད་ཁང་།
༣༣༽རིག་འཛིན་ཀུན་གྲོལ་གྲགས་པ། གཡུང་དྲུང་བོན་གྱི་བཀའ་འགྱུར་དཀར་ཆག དེབ་གཟུགས། ༡༩༩༣ ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་།
༣༤༽རིག་འཛིན་གྱེར་མི་ཉི་འོད་ཀྱི་༼གྱེར་མི་སྐྱང་འཕགས་ཆེན་པོའི༽ སྐྱེས་རབས་རྣམ་ཐར་ཡོན་ཏན་ཐུགས་རྗེ་ཉི་མ་བཞུགས། སོག་སྡེ་སྤྲུལ་སྐུ་བསྟན་པའི་ཉི་མས་དཔར་དུ་བསྐྲུན།
༣༥༽རིག་འཛིན་སྟོང་རྒྱུང་མཐུ་ཆེན་གྱི་ཞལ་གདམས་གསེར་གྱི་ཡང་ཞུན། དཔེ་གཟུགས། ལྡི་ལི་དཔར་མ།
༣༦༽རིག་འཛིན་རིག་པའི་ཐུགས་རྒྱུད་ལས་བྱུང་བའི་སྤྱི་ཁོག་ལོ་རྒྱུས།
༣༧༽ཤར་རྫ་བཀྲ་ཤིས་རྒྱལ་མཚན། ལེགས་བཤད་རིན་པོ་ཆེའི་གཏེར་མཛོད། ༡༩༨༥ མི་རིགས་དཔེ་སྐྲུན་ཁང་།
༣༨༽ཤ་རི་དབུ་ཆེན། བོན་ཐམས་ཅད་ཀྱི་ཡང་སྙིང་གཏན་ཚིགས་ངེས་པའི་གལ་མདོ་ཏན་ཏྲ་ཉི་མའི་འཁོར་ལོ། དེབ་གཟུགས། ༢༠༠༤ ཁྲི་བརྟན་ནོར་བུ་རྩེའི་དཔེ་མཛོད།
༣༩༽སྲིད་པ་རྒྱུད་ཀྱི་ཁ་བྱང་། ༢༠༡༡ གཏེར་བཏོན་པ། ཁོད་པོ་བློ་གྲོས་ཐོགས་མེད། བོན་གྱི་ལོ་རྒྱུས་དཔྱད་གཞིའི་ཡིག་ཚང་རྙིང་གྲས། ཅང་ཧའོ་གློག་རྡུལ་དཔེ་སྐྲུན་ཁང་།
༤༠༽སློབ་དཔོན་རྣམ་དག་འོད་ཟེར། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་མངོན་པར་རྟོགས་པའི་རྒྱན་ལས་སྐབས་གཉིས་པ་དང་གསུམ་པའི་རྣམ་བཤད་ཚིག་དོན་བཀའ་གནད་རབ་གསལ་ཞེས་བྱ་བ་བཞུགས་སོ། དེབ་གཟུགས། ༢༠༠༡ ཝཱ་ཎ་གཡུང་དྲུང་བོན་གྱི་དགེ་སློབ་ཁང་།

ཆོས་པའི་བཀའ་འགྱུར།
༡༽བསྡུས་པ་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་འགྲེལ་བཤད་རྩ་བའི་རྒྱུད་ཀྱི་རྗེས་སུ་འཇུག་པ་སྟོང་ཕྲག་བཅུ་གཉིས་པ་དྲི་མ་མེད་པའི་འོད། བཀའ་འགྱུར། (༡༠༠) ༡༡༡༦ ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་བཀའ་བསྟན་དཔེ་སྡུར་ཁང་གིས་དཔེ་སྡུར་ཞུས།
༢༽ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་བཀའ་བསྟན་དཔེ་སྡུར་ཁང་གིས་དཔེ་སྡུར་ཞུས་པའི་སངས་རྒྱས་ཕལ་པོ་ཆེ་ཞེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། བཀའ་འགྱུར།(༣༥) ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། དེབ་སོ་ལྔ་པའི་དཀར་ཆག ཕལ་པོ་ཆེ། ༼ཀ༽ (༣༥) ༠༠༦༡
༣༽རྒྱ་གར་སྐད་དུ། ཨཱརྱམཉྗུཤྲཱི་མུ་ལ་ཏནྟྲཱ། བོད་སྐད་དུ་འཕགས་པ་འཇམ་དཔལ་གྱི་རྩ་བའི་རྒྱུད། སྡེ་དགེ་བཀའ་འགྱུར། ༤༨༨ ལེའུ། ༣༡ text ༥༤༣ རྒྱུད། ༡༩༤༢
༤༽དུས་འཁོར་འགྲེལ་བཤད། བཀའ། text 845 volume sri 331
༥༽ཕལ་ཆེན། བཀའ་འགྱུར། Tibetan Buddhist canon 13 text 44 xii dharma the nyingma edition of the sde – dge- bka’- ’gyur stan-’byur1981

 

བསྟན་འགྱུར།
༡༽སློབ་དཔོན་གྲགས་པ་བཤེས་གཉེན། ཆོས་མངོན་པའི་མཛོད་ཀྱི་འགྲེལ་བཤད། སྡེ་དགེ་བསྟན་འགྱུར། ༡༦ ལེའུ། ༨༣ text ༤༠༩༢ ཆོས་མངོན་པ། གུ སོ་གཅིག
༢༽སློབ་དཔོན་རྒྱལ་བའི་སྲས། ༣༢༨༣ མངོན་པ་ཆོས་ཀུན་ནས་བཏུས་པའི་རྣམ་པར་བཤད་པ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ།
༣༽སློབ་དཔོན་ཆེན་པོ་རྒྱལ་བའི་སྲས། སེམས་ཙམ ༼ལི༽ (༡༥༠) ༣༢༨༢ ཆོས་མངོན་པ་ཀུན་ལས་བཏུས་པའི་བཤད་པ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། ཤཱི་ལེནྡྲ་བོ་དྷི་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབས། བསྡུར་མཆན། (༡༢༤༣) བསྡུར་འབྲས་རེའུ་མིག (༡༢༦༢)
༤༽སློབ་དཔོན་ཆོས་སྐྱོབ། ཆོས་མངོན་ཕྲན་ཚེགས་སྙིང་པོ། Hindi translation and its Comparative and Critical studu by Lalji ‘Shravak’ Central Institute of Higher Tibetan Studies Sarnath, Varanasi 2006
༤༽སློབ་དཔོན་བློ་གྲོས་བརྟན་པ། ཆོས་མངོན་པའི་མཛོད་ཀྱི་རྒྱ་ཆེར་འགྲེལ་པ། བསྟན་འགྱུར་སྣ་ཚོགས། ༼ཐོ༽ ༢༢༤
༥༽བྱེ་བྲག་ཏུ་རྟོག་པར་བྱེད་པ། དེབ་གཟུགས།
༦༽མོའུ་གལ་བུ། མངོན་པ། ཨི། འཇིག་རྟེན་གཞག་པ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་པྲཛྙ་བར་མ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བན་དེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ།
༧༽ཇོ་བོ་རྗེ་ཨ་ཏི་ཤ། བསྟན་འགྱུར། དབུ་མ ༼ཀ༽ དབུ་མ༼ཁ༽ ༦༤ དབུ་མའི་མན་ངག་རིན་པོ་ཆེའི་ཟ་མ་ཏོག་ཁ་ཕྱེ་བ།
༨༽ཆོས་མངོན་པ་མཛོད་ཀྱི་འགྲེལ་བཤད་ཉེ་བར་མཁོ་བ་གནས་གསུམ་པ་ཕལ་ཆེར་མདོ་དང་སྦྱར་བ།
༩༽སློབ་དཔོན་ཐོགས་མེད། ཆོས་མངོན་པ་ཀུན་ལས་བཏུས་པ། བསྟན་འགྱུར། (༡༦) ཀྲུང་གོའི་བོད་ཀྱི་ཤེས་རིག་ཞིབ་འཇུག་ལྟེ་གནས་ཀྱི་བཀའ་བསྟན་དཔེ་སྡུར་ཁང་གིས་དཔེ་བསྡུར་ཞུས། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་།
༡༠༽སློབ་དཔོན་ཐོགས་མེད། སེམས་ཙམ། ༼ཚི༽ (༡༤༢) ༣༢༦༧ རྣལ་འབྱོར་སྤྱོད་པའི་ས་ལས་དངོས་གཞིའི་ས་མང་པོ།
༡༡༽སློབ་དཔོན་དབྱིག་གཉེན། ཆོས་མངོན་པའི་མཛོད་ཀྱི་ཚིག་ལེའུར་བྱས་པ། བསྟན་འགྱུར། (༧༩) ཀྲུང་གོའི་བོད་ཀྱི་ཤེས་རིག་ཞིབ་འཇུག་ལྟེ་གནས་ཀྱི་བཀའ་བསྟན་དཔེ་སྡུར་ཁང་གིས་དཔེ་བསྡུར་ཞུས། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། དེབ་དོན་དགུ་པའི་དཀར་ཆག མངོན་པ (ཀུ) (༡༥༥)
༡༢༽སློབ་དཔོན་དབྱིག་གཉེན། ཆོས་མངོན་པའི་མཛོད་ཀྱི་བཤད་པ། བསྟན་འགྱུར། (༧༩) ཀྲུང་གོའི་བོད་ཀྱི་ཤེས་རིག་ཞིབ་འཇུག་ལྟེ་གནས་ཀྱི་བཀའ་བསྟན་དཔེ་སྡུར་ཁང་གིས་དཔེ་བསྡུར་ཞུས། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། དེབ་དོན་དགུ་པའི་དཀར་ཆག མངོན་པ (ཀུ) (༡༥༥)
༡༣༽སློབ་དཔོན་འདུན་བཟང་། ༣༣༢༠ ཆོས་མངོན་པའི་མཛོད་ཀྱི་བསྟན་བཅོས་ཀྱི་ཚིག་ལེའུར་བྱས་པའི་རྣམ་བཤད། བསྡུར་མཆན (༡༣༦༦) བསྡུར་འབྲས་རེའུ་མིག (༡༤༠༧)
བོད་ཀྱི་མཁས་གྲུབ་རྣམས་ཀྱི་གསུང་།
༡༽ཀོ་ཤུལ་གྲགས་པ་འབྱུང་གནས་དང་རྒྱལ་བ་བློ་བཟ་མཁས་གྲུབ། གངས་ཅན་མཁས་གྲུབ་རིམ་བྱོན། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༩༢
༢༽སྐྱེས་གསར་ཀླུ་སྒྲུབ། ནཱལནྡཱ་ཞིབ་འཇུག བོད་ཀྱི་དཔེ་མཛོད་ཁང་། ༢༠༠༩
༣༽ཁང་དཀར་ཚུལ་ཁྲིམས་སྐལ་བཟང་། དེབ་སྔོན་གསར་མ།
༤༽ཆེན་པོ་ཐང་གུར་དུས་ཀྱི་རྒྱ་གར་ཞིང་གི་བཀོད་པའི་དཀར་ཆག རྒྱ་ནག་སྐད་དུ། ཏྭ་ཐང་
སིའི་ཡུས་ཀྱིས། tome 654 no.12459 ༡༩༨༧ ཞི་འཚོ་དཔེ་མཛོད་ཁང་།
༥༽ཏྭ་ར་ནཱ་ཐ། རྒྱ་གར་ཆོས་འབྱུང་། དེབ་གཟུགས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།
༦༽ཐུབ་བསྟན་མཆོག་སྒྲུབ། འཕགས་པའི་ཡུལ་གྱི་བྱུང་བ་བརྗོད་པ་ལེགས་བཤད་ཟླ་འོད་
གསར་པ་ཞེས་བྱ་བ་བཞུགས། སྨད་ཆ། དེབ་གཟུགས། ལྡི་ལི་བོད་ཀྱི་ཁང་པ་ནས་དཔར་བསྐྲུན་ཞུས། ༢༠༠༣
༡༽སློབ་དཔོན་གྲགས་པ་བཤེས་གཉེན། ཆོས་མངོན་པའི་མཛོད་ཀྱི་འགྲེལ་བཤད། སྡེ་དགེ་བསྟན་འགྱུར། ༡༦ ལེའུ། ༨༣ text ༤༠༩༢ ཆོས་མངོན་པ། གུ སོ་གཅིག
༢༽སློབ་དཔོན་རྒྱལ་བའི་སྲས། ༣༢༨༣ མངོན་པ་ཆོས་ཀུན་ནས་བཏུས་པའི་རྣམ་པར་བཤད་པ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ།
༣༽སློབ་དཔོན་ཆེན་པོ་རྒྱལ་བའི་སྲས། སེམས་ཙམ ༼ལི༽ (༡༥༠) ༣༢༨༢ ཆོས་མངོན་པ་ཀུན་ལས་བཏུས་པའི་བཤད་པ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། ཤཱི་ལེནྡྲ་བོ་དྷི་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབས། བསྡུར་མཆན། (༡༢༤༣) བསྡུར་འབྲས་རེའུ་མིག (༡༢༦༢)
༤༽སློབ་དཔོན་ཆོས་སྐྱོབ། ཆོས་མངོན་ཕྲན་ཚེགས་སྙིང་པོ། Hindi translation and its Comparative and Critical studu by Lalji ‘Shravak’ Central Institute of Higher Tibetan Studies Sarnath, Varanasi 2006
༤༽སློབ་དཔོན་བློ་གྲོས་བརྟན་པ། ཆོས་མངོན་པའི་མཛོད་ཀྱི་རྒྱ་ཆེར་འགྲེལ་པ། བསྟན་འགྱུར་སྣ་ཚོགས། ༼ཐོ༽ ༢༢༤
༥༽བྱེ་བྲག་ཏུ་རྟོག་པར་བྱེད་པ། དེབ་གཟུགས།
༦༽མོའུ་གལ་བུ། མངོན་པ། ཨི། འཇིག་རྟེན་གཞག་པ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་པྲཛྙ་བར་མ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བན་དེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ།
༧༽ཇོ་བོ་རྗེ་ཨ་ཏི་ཤ། བསྟན་འགྱུར། དབུ་མ ༼ཀ༽ དབུ་མ༼ཁ༽ ༦༤ དབུ་མའི་མན་ངག་རིན་པོ་ཆེའི་ཟ་མ་ཏོག་ཁ་ཕྱེ་བ།
༨༽ཆོས་མངོན་པ་མཛོད་ཀྱི་འགྲེལ་བཤད་ཉེ་བར་མཁོ་བ་གནས་གསུམ་པ་ཕལ་ཆེར་མདོ་དང་སྦྱར་བ།
༩༽སློབ་དཔོན་ཐོགས་མེད། ཆོས་མངོན་པ་ཀུན་ལས་བཏུས་པ། བསྟན་འགྱུར། (༡༦) ཀྲུང་གོའི་བོད་ཀྱི་ཤེས་རིག་ཞིབ་འཇུག་ལྟེ་གནས་ཀྱི་བཀའ་བསྟན་དཔེ་སྡུར་ཁང་གིས་དཔེ་བསྡུར་ཞུས། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་།
༡༠༽སློབ་དཔོན་ཐོགས་མེད། སེམས་ཙམ། ༼ཚི༽ (༡༤༢) ༣༢༦༧ རྣལ་འབྱོར་སྤྱོད་པའི་ས་ལས་དངོས་གཞིའི་ས་མང་པོ།
༡༡༽སློབ་དཔོན་དབྱིག་གཉེན། ཆོས་མངོན་པའི་མཛོད་ཀྱི་ཚིག་ལེའུར་བྱས་པ། བསྟན་འགྱུར། (༧༩) ཀྲུང་གོའི་བོད་ཀྱི་ཤེས་རིག་ཞིབ་འཇུག་ལྟེ་གནས་ཀྱི་བཀའ་བསྟན་དཔེ་སྡུར་ཁང་གིས་དཔེ་བསྡུར་ཞུས། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། དེབ་དོན་དགུ་པའི་དཀར་ཆག མངོན་པ (ཀུ) (༡༥༥)
༡༢༽སློབ་དཔོན་དབྱིག་གཉེན། ཆོས་མངོན་པའི་མཛོད་ཀྱི་བཤད་པ། བསྟན་འགྱུར། (༧༩) ཀྲུང་གོའི་བོད་ཀྱི་ཤེས་རིག་ཞིབ་འཇུག་ལྟེ་གནས་ཀྱི་བཀའ་བསྟན་དཔེ་སྡུར་ཁང་གིས་དཔེ་བསྡུར་ཞུས། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། དེབ་དོན་དགུ་པའི་དཀར་ཆག མངོན་པ (ཀུ) (༡༥༥)
༡༣༽སློབ་དཔོན་འདུན་བཟང་། ༣༣༢༠ ཆོས་མངོན་པའི་མཛོད་ཀྱི་བསྟན་བཅོས་ཀྱི་ཚིག་ལེའུར་བྱས་པའི་རྣམ་བཤད། བསྡུར་མཆན (༡༣༦༦) བསྡུར་འབྲས་རེའུ་མིག (༡༤༠༧)
༨༽ནམ་མཁའ་ནོར་བུ། ཞང་བོད་ལོ་རྒྱུས་ཏི་སེའི་འོད། དེབ་གཟུགས། ༡༩༩༦ ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་།
༩༽པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་ཡེ་ཤེས་དཔལ་བཟང་པོ། གསུང་འབུམ། ག པོད་ཕྲེང་ལྔ།
༡༠༽བུ་སྟོན་རིན་ཆེན་གྲུབ། བུ་སྟོན་ཆོས་འབྱུང་། ༡༩༩༡ འབྲས་སྤུངས་བློ་གསལ་གླིང་།དཔེ་མཛོད་ཁང་ནས་སྤར་བསྐྲུན། དེབ་གཟུགས།
༡༡༽མགོན་པོ་སྐྱབས། རྒྱ་ནག་ཆོས་འབྱུང་། དེབ་གཟུགས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༣
༡༢༽མཆིམས་འཇམ་པའི་དབྱངས། མཛོད་འགྲེལ་མངོན་པའི་རྒྱན། གངས་ལྗོངས་ཤེས་རིག་གི་ཉིང་བཅུད། ཀྲུང་གོ་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་།
༡༣༽ཚལ་པ་ཀུན་དགའ་རྡོ་རྗེ། དེབ་ཐེར་དམར་པོ། དེབ་གཟུགས།
༡༤༽ཚེ་བརྟན་ཞབས་དྲུང་། གསུང་འབུམ། གླེགས་བམ་བདུན་པ། དེབ་གཟུགས། མི་རིགས་དཔེ་སྐྲུན་ཁང་། ༢༠༠༧
༡༥༽འགོས་ལོ་ཙཱ་བ། དེབ་ཐར་སྔོན་པོ། སྟོད་ཆ། ཝཱ་ཎ་བཛྲ་བིདྱ་དཔེ་མཛོད་ཁང་། དེབ་གཟུགས།
༡༦༽འཇམ་མགོན་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། ཤེས་བྱ་ཀུན་ཁྱབ་མཛོད། དེབ་གཟུགས།༼སྟོད་ཆ།༽ ཁྲ་འགུ་དྷརྨཱ་ཀ་ར་རྩོམ་བསྒྱུར་ཁང་།

༡༧༽ས་པཎ་ཀུན་དགའ་རྒྱལ་མཚན། གསུང་འབུམ། གླེགས་བམ་གསུམ་པ། སྡོམ་གསུམ་རབ་དབྱེ། ༡༩༩༢ བོད་ལྗོངས་མི་རིགས་དཔེ་རྙིང་དཔེ་སྐྲུན་ཁང་།
༡༨༽ཧྥ་ཤན། ༢༠༡༠ ཧྥ་ཤཱན་ལམ་ཡིག དེབ་གཟུགས། བོད་ཀྱི་དཔེ་མཛོད་ཁང་།

དུས་དེབ།
༡༽ སྦྲང་ཆར། དེབ་ཕྲེང་གསུམ་པ། ༢༠༠༥
༢༽ སྐྱང་སྤྲུལ་དྲི་མེད་འོད་ཟེར། མུ་ཁྲི་བཙན་པོ། སྤྱིའི་དེབ་གསུམ་པ། ༢༠༠༩ སྐྱེས་ཆེན་ངོ་སྤྲོད།
༣༽ སྒྲ་དེབ་དང་ཚིག་མཛོད།
༤༽ ཞུ་ཉི་མ་གྲགས་པའི་སྒྲ་དེབ། སྣང་གསལ་སྒྲོན་མེ་བཞུགས། Tibetan zang zung dictionary

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།