དུས་ཀྱི་སྦྲང་ཆར།

རྩོམ་པ་པོ། དགེ་བཤེས་དྲང་སྲོང་རྣམ་རྒྱལ།

ཡིག་ཆའི་རིགས་གྲས། .epub

སྐད་ཡིག བོད་ཡིག

འཁོར་སྟེགས།

དབང་ཚད། རིན་མེད་མཉེན་ཆས།

སྤེལ་དུས། 2015-07-15

ངོ་སྤྲོད་མདོར་བསྡུས། དུས་རབས་གསར་པའི་འཕྲུལ་རིག་ལག་རྩལ་གྱི་འཕེལ་ཚད་ཇེ་མགྱོགས་དང་ཆབས་ཅིག་སྨྱུག་ཐོགས་པ་བདག་ལྟ་བུའང་ཤོག་སྨྱུག་རྒྱང་རིང་དུ་བོར་ནས་གློག་ཀླད་ལ་མིག་ཟུང་ཅེར་ནས་བསྡད། ཚིགས་བཅད་ཡོད་ཚད་སྙན་དངགས་སུ་མི་འགྱུར་ཞིང་། ཚིགས་ལྷུག་ཐམས་ཅད་གཞུང་དོན་གསལ་བྱེད་དུ་དེ་བས་ཀྱང་ག་ལ་འགྱུར། རྣམ་པ་ཅིག་ཏུ་ན་དུས་ཚོད་གྲོན་པའི་རྒྱུར་ཟད་མོད་དེ། མི་རྣམས་དཔེ་དེབ་ཀློག་པའི་གོ་སྐབས་ཉུང་བས་སོ། །དེས་ན་གངས་རིའི་ཤེས་རིག་ལ་ཞེན་ཁོག་སྐམ་པོས་སྒོ་གསུམ་ལ་གྱོང་སྤྲོད་བཞིན་པ་ནི་མི་རིགས་དང་རིག་གཞུང་ལ་བཅང་བའི་བརྩེ་དུང་ཙམ་དུ་ཟད།
ཤོག་ཐོག་ཏུ་བཏོན་པའི་དཔེ་ཆ་ནི་འགྲོ་གྲོན་ཆེ་ལ་སྐྱེལ་འདྲེན་དལ། འཇོག་སའི་ཁང་པ་དགོས་ལ་བླུག་སའི་སྒམ་ཡང་དགོས། དེ་དག་ལ་མི་ལྟོས་པའི་ཨེ་མ་ངོ་མཚར་ཆེ་བའི་དཔེ་སྐྲུན་ནི་གློག་འཕྲུལ་དཔེ་དེབ་གཅིག་པུ་རེད།
དེ་ཡང་ཤོག་བུ་མི་དགོས་པའི་དཔེ་དེབ། སྣག་ཚ་མི་དགོས་པའི་ཡིག་རིས། འགྲོ་གྲོན་མི་དགོས་པའི་དཔར་བཤུས། སྐྱེལ་འདྲེན་མི་དགོས་པའི་དངོས་པོ་སོགས་ཆེས་སྟབས་བདེའི་གློག་ཀླད་བཀོལ་བའི་དུས་རབས་འདི་ནི་ཤིན་ཏུ་ལེགས། དོན་དངོས་ལ་བསྙོན་འདིང་ན་འབབ་ཆུ་གྱེན་ལ་བཟློག་པ་དང་འདྲ་ཞིང་། དྲང་བདེན་གྱི་རྒྱབ་སྐྱོར་དབུལ་བས་ང་ཚོས་དུས་རབས་གསར་པའི་ལེགས་ཆ་འདི་ཁས་ལེན་པར་རིགས་ལ། གོ་སྐབས་འདི་བླང་ན་དགེ་མཚན་ཆེ་བས་ད་ལན་རང་བྲིས་དེབ་ཕྲེང་དགུ་པ་གློག་འཕྲུལ་ཐོག་ཏུ་འདོན་སྤེལ་བྱེད་ལ་སྤྲོ།
ཇི་སྐད་དུ། ཕལ་མོ་ཆེ་ཡི་མི་རྣམས་ནི། །དམ་པ་མ་ཡིན་ཕྱོགས་ཡོངས་འཛིན། །གསུངས་པ་ལྟར། སྔར་འདས་ཀྱི་མིའི་རིགས་ཀྱི་ལོ་རྒྱུས་ལ་བསམ་ན་རྩོམ་རིག་རིན་ཐང་ཅན་དུ་མའི་ལེགས་ཆ་མ་རྟོགས་ནས་རྒྱབ་གཏོད་བྱས་པའི་གྲངས་ཀ་ཤིན་ཏུ་མང་། དེ་དག་གི་མཇུག་འབྲས་རིམ་གསལ་གྱིས་རིན་ཐང་རྟོགས་ནས་རྗེས་མར་གུས་ཕྱག་ཕུལ་བ་ཉག་ཅིག་ལས་མ་འདས།
ཐོབ་ཤོར་དང་བསྟོད་སྨད་སོགས་འཇིག་རྟེན་ཆོས་བརྒྱད་ཀྱིས་བཅིང་ནས་རྟག་ཏུ་དྲང་བདེན་དང་གནས་ལུགས་རྫུན་དུ་གཏོང་ཞིང་། ཁ་ནས་དྲང་གཏམ་སྦྲང་སྐད་ཙམ་ཡང་གྲག་མ་ཐུབ་ན་ཕུལ་བྱུང་རྩོམ་ཡིག་འབྲི་མི་ཐུབ་ལ། བྲིས་པའི་རྩོམ་ཡིག་གིས་ཀྱང་སྤྱི་ཚོགས་ལ་ཞབས་འདེགས་གང་ཡང་ཞུ་མི་ཐུབ། རྣམ་པ་ཅིག་ཏུ་ན། བླུན་པོ་མ་མགུ་ན་ནི་སྐྱོན་ཆུང་མོད། མཁས་པས་ཁྲེལ་ན་གསོན་པོ་སྲོག་བྲལ་འདྲ། ཞེས་པ་ལྟར། རྩོམ་རིག་གི་རིན་ཐང་དེ་ཕྱོགས་རེ་བའི་གང་ཟག་མགུ་བྱེད་ཅིག་གཏན་ནས་མིན་ལ། ཕུལ་བྱུང་རྩོམ་རིག་གིས་གུ་དོག་གི་སྤྱི་ཚོགས་གཉིད་ལས་བསླང་བར་བྱེད་པས་མུན་ནག་ལ་གློག་སྒྲོན་སྤར་བ་དང་གཉིས་སུ་མེད།
རྩོམ་རིག་གི་རིན་ཐང་མེད་པར་ལད་ཟློས་ཀྱི་རི་མོས་འཇིག་རྟེན་གྱི་ཁམས་བཀང་ཡང་སྙིང་པོ་འཇའ་ཚོན་ལ་འགྲན། རྩོམ་རིག་ལ་ཡོད་པའི་སྒུལ་ཤུགས་ཀྱི་ནུས་པ་ནི་སྐྱེ་བོ་ལ་སྲོག་ཡོད་པ་དང་འདྲ་ལ། རྗོད་བྱེད་ཀྱི་སྡེབས་སྦྱོར་བཟང་པོ་ནི་སྐྱེས་བུའི་ལུས་བཟང་པོ་ལྟར་ཡིད་དུ་འོང་བས་འཇིག་རྟེན་ན་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་ཕྱིར་ནམ་ཡང་འདོར་མི་རུང་། ཤེས་དགོས་པ་ཞིག་ལ་སངས་རྒྱས་ནས་ཕྱུགས་རྫི་ཡན་ཆད་ཀྱི་སྐད་ཆ་ཐམས་ཅད་སྒྲ་ཙམ་ལ་འཇུས་ན་རྣམ་པར་འཁྱམས་པའི་རྒྱུར་འགྱུར་བ་མང་བས་རྩོམ་རིག་གི་རྒྱབ་ལྗོངས་མཐར་ཕྱིན་པ་རྟོགས་རྒྱུ་གལ་ཆེ།
འདིར་བརྗོད་པར་བྱ་བ་ཞིག་ལ། སྐབས་བབས་ལེའུ་ཚན་འདི་དག་ནི་རང་གི་དཔེ་དེབ་ཏུ་མ་འཁོད་པ་དག་ཡིན་ལ། ནང་དོན་གྱི་ཆ་ནས་བོད་ཀྱི་ཡུལ་གོམས་གཤིས་ལུགས་མ་དོར་བར། རིག་པའི་གཞུང་ལུགས་ལ་རིན་ཐང་དང་། སྐྱེས་ཆེན་དམ་པ་སོགས་ལེགས་ཆ་ལ་བསྔགས་བརྗོད་དང་། གུ་དོག་གི་ལྟ་གྲུབ་ལས་བརྒལ་ཏེ་དྲང་བདེན་ལ་གདེང་འཇོག་དང་། དེ་སྔའི་འཐུས་ཤོར་གྱི་གནས་ཆོས་ལུགས་དང་། ཕོ་མོ། རིགས་རུས། ཁ་དོག་སོགས་ལ་དབྱེ་འབྱེད་ཀྱི་ལྟ་བ་དོར་ནས། ནང་པ་སངས་རྒྱས་པའི་རིང་ལུགས་སུ་ཡོངས་སུ་གྲགས་པའི་ཐེག་པ་ཆེན་པོའི་ཆོས་ལུགས་དང་མི་འགལ་བ་དང་། དེང་གི་ལམ་སྲོལ་བཟང་པོ་དང་མཐུན་པར་དངོས་པོའི་གནས་ལུགས་ལ་ཡིད་རྟོན་གང་ཐུབ་བྱས་པ་ཞིག་ཡིན་ཞེས་བརྗོད་ཆོག་ལ། སྙན་དངགས་ཀྱི་གཟུགས་སུ་གྲུབ་པ་དག་ཕུལ་བྱུང་དང་རབ་བཏགས་ཀྱི་ཚིག་རྒྱན་བཀོལ་མེད་པའང་བརྗོད་པར་ག་ལ་ནུས། ལག་རྗེས་འདི་ནི་དུས་རབས་ཀྱིས་སྤྲད་པའི་ལས་འགན་འདོར་དུ་མེད་པའི་མཐུན་སྒྲིལ་གྱི་ལམ་ཆེན་དུ་བསྐྱོད་པའི་རྒྱུ་ཚོགས་དང་། གངས་ཅན་མི་རིགས་དང་། གནའ་བོའི་རིག་གཞུང་གི་སྲི་ཞུ་བསྒྲུབ་པའི་ཆ་ཤས་མི་དམན་པ་འགྲུབ་བཞིན་པའི་མྱོང་ཚོར་དང་བློ་གདེང་ཐོབ་པ་ནི་རྩོམ་རིག་གི་འབྲས་བུ་ལོས་ཡིན།
འདི་ནི་རིན་ཐང་ཅན་གྱི་རྩོམ་ཡིག་གི་ཕུང་པོར་གྲུབ་ཡོད་པར་བརྗོད་མི་ཐུབ་ཀྱང་། དཔྱོད་ལྡན་གྱི་གྲོགས་བཟང་རྣམས་ལ་ལྷ་རྫས་མེ་ཏོག་གསར་པའི་ལེགས་སྐྱེས་ཤིག་ཕུལ་ཡོད་པ་སྨོས་ཅི།
རབ་དཀར་ཀུན་སློང་གིས་དྲངས་པའི་བྱ་བ་སྟེ། གློག་འཕྲུལ་དཔར་སྐྲུན་གྱི་དགེ་བ་ནི་འགྲོ་ཀུན་བདེ་དགེ་ལ་སྤྱོད་པ་དང་། མ་དུལ་བ་དུལ་བ་དང་། དོག་པ་རྣམས་ཡངས་པ། ཆུང་ངུ་རྣམས་ཆེན་པོ། དམན་པ་རྣམས་མཆོག་ཏུ་འགྱུར་བ་དང་། ཀུན་བཏགས་དང་ལྷན་སྐྱེས་ཀྱི་སྒྲིབ་པ་ལས་གྲོལ་ནས། ཐེག་ཆེན་གྱི་ཡོན་ཏན་དབྱར་གྱི་མཚོ་ཆེན་ལྟར་རྒྱས་པའི་རྒྱུ་རུ་བསྔོ་བའོ།། །།
ཞེས་དེབ་འདིའི་རྩོམ་པ་པོས་ཕྱི་ལོ་༢༠༡༤ཟླ་༩ཚེས་༡༥ཉིན་ལ་ཁེ་ལི་ཕོར་ནི་ཡར་བྲིས།

ཐོབ་སྐར།

གཟིགས་ཐེངས:

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།