མདོ་གཟེར་མིག

རྩོམ་པ་པོ། རྣམ་མཁྱེན་རྒྱལ་བ་གཤེན་རབ་མི་བོ

ཡིག་ཆའི་རིགས་གྲས། .epub

སྐད་ཡིག བོད་ཡིག

འཁོར་སྟེགས།

དབང་ཚད། རིན་མེད་མཉེན་ཆས།

སྤེལ་དུས། 2013-10-11

ངོ་སྤྲོད་མདོར་བསྡུས། 《དུས་གསུམ་གཤེན་རབ་ཀྱི་འབྱུང་ཁུངས་དང་མཛད་པའི་རྒྱུད་འདུས་པ་རིན་པོ་ཆེའི་གཟེར་མིག་གི་མདོ་》ཞེས་བྱ་བ་ནི་བོན་པོའི་གཞུང་རྩ་ཆེན་ཞིག་ཡིན་ཞིང༌། ཤིང་པར་གྱི་དེབ་ལ་བམ་པོ་གཉིས་ཡོད་པ་སྟེ། བམ་པོ་གོང་མའི་ནང་ལེའུ་བཅུ་ཡོད་ལ། བམ་པོ་འོག་མའི་ནང་ལེའུ་བརྒྱད་ཡོད་པ་ཁྱོན་བསྡོམས་ལེའུ་བཅོ་བརྒྱད་ཡོད་པ་རེད། དཔེ་དེབ་འདིའི་ནང་རྒྱུད་རིམ་ལྡན་པའི་སྒོ་ནས་བོན་པོའི་སྟོན་པ་གཤེན་རབ་ཀྱི་འབྱུང་ཁུངས་དང༌། འཁྲུངས་ཡུལ། སྐྱེ་བ་བཞེས་པ། ཁབ་བཞེས་པ། ཁྱིམ་སྤངས་རབ་ཏུ་བྱུང་བ། བསྟན་པ་དར་སྤེལ། འཕྲིན་ལས་བཅོ་བརྒྱད། མྱ་ངན་ལས་འདས་པ། སྟོན་པའི་གདུང་འཚོབ་བྱོན་ཚུལ་སོགས་བཀོད་ཡོད་པར་མ་ཟད། སྟོན་པ་གཤེན་རབ་ཀྱིས་དྲི་བ་དྲིས་ལན་གྱི་རྣམ་པའི་ཐོག་ནས་བོན་པོའི་བསྟན་པ་དང༌། མཚན་ཉིད་རིག་པ། བསྟན་བཅོས་ལ་སོགས་གནང་ཡོད་པའང་བཀོད་ཡོད་གཤིས། བོན་པོར་བརྟག་དཔྱད་བྱེད་པར་མེད་དུ་མི་རུང་བའི་གསུང་རྩོམ་ཞིག་རེད།
གོ་ཐོས་སུ་གཤེན་རབ་མི་བོའི་ཞལ་ནས་གསུངས་པའི་མདོ་སྡེ་ཆེན་པོ་ཡོད་པ་འདི་ལྟ་སྟེ། དུས་གསུམ་གཤེན་རབ་ཀྱི་འབྱུང་ཁུངས་ཀྱི་མདོ་དང་གཅིག ཁམས་གསུམ་སེམས་ཅན་སྐྱེ་འཆིའི་མདོ་དང་གཉིས། སྣོད་རྟེན་འབྱུང་བ་ཆགས་འཇིག་གི་མདོ་དང་གསུམ། བླ་མེད་གོ་འཕང་བསྒྲུབ་ཐབས་ཀྱི་མདོ་དང་བཞིའོ། གཤེན་རབ་མི་བོ་ཞལ་བཞུགས་སྐབས་སུ་བོན་ཆོས་ད་དུང་མིའི་འཇིག་རྟེན་དུ་འགྲེམ་སྤེལ་དར་རྒྱས་བྱུང་མེད་མོད། འོན་ཀྱང་ཁོང་མྱ་ངན་ལས་འདས་རྗེས་སུ་གདུང་འཚོབ་མུ་ཆོ་ལྡེམ་དྲུག་གིས་བཀའ་ལ་བརྟེན་ནས་རིག་པས་མང་པོར་ཕྱེས། མུ་ཆོ་འདས་པའི་རྗེས་སུ་མཁས་པ་རིམ་པར་བྱུང༌། ཏ་ཟིག་ལ་མཁས་པ་དམུ་ཚ་ཏྲ་ཧེ་དང༌། ཁྲི་ཐོག་སྤར་ཙ་དང༌། འགུ་ཧི་ལི་སྦར་ཡ་དང་གསུམ་བྱུང་ངོ༌། དེ་ལས་རྫུ་འཕྲུལ་གྱི་རྐང་བ་ཐོབ་པའི་ལོ་ཙཱ་བ་གསུམ་གྱིས་བསྒྱུར། རྒྱ་གར་ལ་མཁས་པ་ལྷ་བདག་སྔགས་དྲོ་དང༌། རྒྱ་ནག་ལ་མཁས་པ་ལེགས་བཏང་རྨང་པོ་དང༌། ཕྲོམ་ལ་མཁས་པ་གསེར་ཐོག་ལྕེ་འབྱམས་དང་དེ་གསུམ་གྱིས་བསྒྱུར་བ་ལ། བོད་ལ་མཁས་པ་ལྡེ་གྱིམ་ཚ་རྨ་ཆུང་དང༌། མེ་ཉག་ལ་མཁས་པ་ལ་ལྕེ་ཚ་གར་བུ་དང༌། སུམ་པར་མཁས་པ་མུ་སྤུངས་གསལ་ཏང་དང༌། ཞང་ཞུང་ལ་མཁས་པ་ཤ་རི་དབུ་ཆེན་དང༌། དེ་རྣམས་ཀྱིས་ཞུས་ཤིང་བསྒྱུར་བ་མང་ཞིང་བོད་དུ་བསྟན་པ་དར་བ་ལ། བར་སྐབས་ཤིག་ཏུ་བན་བོན་བར་མི་མཐུན་པ་བྱུང་བའི་དབང་གིས་ཉམས་པ་རེད། དཔེ་དེབ་འདི་ནི་གོང་གསལ་མདོ་ཆེན་བཞིའི་ནང་གསེས་དུས་གསུམ་གཤེན་རབ་ཀྱི་འབྱུང་ཁུངས་ཀྱི་མདོའི་བསྡུས་དེབ་ཅིག་ཡིན། འདིའི་འབྱུང་ཁུངས་སྐོར་ལ་བཤད་སྟངས་མི་འདྲ་བ་ཁ་ཤས་ཡོད་ཅིང༌། མདོ་འདི་ཉིད་ཀྱི་ལེའུ་བཅོ་བརྒྱད་པའི་མཇུག་འགྲིལ་སར་འཁོད་དོན། འུདས་པ་རིན་པོ་ཆེའི་རྒྱུད་འདི་ནི། མདོ་སྡེ་ཆེན་པོ་བཞིའི་ནང་ནས་དུས་གསུམ་གཤེན་རབ་འབྱུང་ཁུངས་ཀྱི་མདོར་གཏོགས་སོ། དྲང་རྗེ་བཙུན་པ་གསེར་མིག་གིས་གླིང་གི་ལྷོ་ཕྱོགས་ཀྱི་ཁྲི་དང་དུར་ཁྲོད་ཀྱི་ནང་རྙེད་པས་འཕེལ་ལོ། མར་པ་སྟག་ལ་དབང་ལ་དངོས་གྲུབ་འབབ་པ་ལགས་སོ་ཞེས་སོ། ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱིས་བརྩམས་གནང་མཛད་པའི《ལེགས་་རིན་པོ་ཆེའི་གཏེར་མཛོད》༼མི་རིགས་དཔེ་སྐྲུན་ཁང་གིས་༡༩༨༥ལོའི་ཟླ་༩པར་པར་དུ་བསྐྲུན་པའི་ཤོག་ལྷེ་༢༩༢པར་གསལ༽ཅེས་པའི་ནང་དུ་འཁོད་དོན་དུ། བསམ་ཡས་གཏེར་བྱུང་ལས་ལྷོ་ནུབ་ཁྲི་དང་དུར་ཁྲོད་ཀྱི་གླིང་དུ་སྲིན་པོའི་ཁ་གནོན་ཅ་ཏི་དམར་པོ་བཞེངས། ཞེས་པ་ལ་བརྟེན་ནས་ཅ་ཏི་ནས་བཏོན་ཟེར་ལ། ཁ་ཅིག་གིས་བསམ་ཡས་ཧས་པོ་རིའི་ཞོལ་གྱི་དུར་ཁྲོད་དུ་དྲང་རྗེ་ཉིད་ཀྱིས་ས་ལ་རི་མོ་བྲིས་པས་སོལ་བ་ཞིག་བྱུང་བས་བརྐོས་པས་གཡའ་མའི་ཁང་བུ་ཞིག་ནས་རྙེད་ཟེར་བ་སོགས་འདོད་པ་མང་ཡང་ཁྲི་ཟེར་པའི་ངོས་འཛིན་མེད་པས་མི་འཐད་ཅེས་གསུངས། དེས་ན་བསམ་ཡས་ལྷ་ཁང་གི་ནང་ངོས། ལྷོ་ཕྱོགས་འདེར་སོ་དམར་པོའི་གདན་ཁྲིའི་རྒྱབ། ནང་གི་ལོགས་རིས་ཀྱི་གཤམ་དུ་བྱ་གཅན་ལ་སོགས་དུར་ཁྲོད་ཀྱི་གླིང་བྲིས་པའི་བར་དུ་ལོ་བརྒྱད་སྦས་ཏེ་བཏོན་པར་མཁས་པ་རྣམས་མགྲིན་གཅིག་ཏུ་བཤད་དོ་ཞེས་འཁོད་འདུག ང་ཚོས་ཀྱང་མཁས་པ་རྣམས་ཀྱི་བཞེད་ཚུལ་ལ་རྗེས་སུ་ཡི་རང་ཞུས་ཤིང་འདིར་བཤུས་ཏེ་ཀློག་པ་པོ་རྣམས་ཀྱི་སྤྱན་ལམ་དུ་ཕུལ་བ་ལགས།།

ཐོབ་སྐར།

གཟིགས་ཐེངས:

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།