《གཙང་གཤེན་སྙན་ངག་གི་འགྲེལ་བ》ཞེས་པ་པར་སྐྲུན་འགྲེམ་སྤེལ་བྱས།
[ཟླ་ཚེས། 2026-06-12 13:36:16][རྩོམ་པ་པོ། ཨ་རིག་བློ་གྲོས་འོད་ཟེར།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

《རྒྱལ་ཡུམ་བཟང་ཟའི་ཞལ་ལུང་སྙན་ངག་རྒྱན་གསུམ་གསལ་བའི་མེ་ལོང་གི་འགྲེལ་བ་གཙང་གཤེན་དགོངས་རྒྱན་འདོད་འབྱུང་དབྱིག་ནོར་ཞེས་བྱ་བ་བཞུགས་སོ》ཞེས་པ་པར་སྐྲུན་འགྲེམ་སྤེལ་བྱས།
སྔོན་གླེང་མེས་པོའི་རྟོགས་བརྗོད།
དེང་གི་ཆར་རྒྱལ་ཕྱི་ནང་གང་ས་ན་ཤེས་རིག་གི་ཚ་རླབས་འཕྱུར་ཞིང་། ལོ་རྒྱུས་ཀྱི་བདེན་ཁ་བདར་བའི་དུས་འདིར། གོང་རིམ་ནས་ཀྱང་ཀྲུང་ཧྭའི་རིགས་གནས་འཐུས་ཚང་དུ་གཏོང་བའི་ཆེད་མི་རིགས་རང་རང་གི་ཁྱད་ཆོས་ལྡན་པའི་གནའ་རབས་ལོ་རྒྱུས་དང་རིག་གཞུང་ཡུལ་སྲོལ་གོམ་གཤིས་སོགས་མ་ཉམས་གོང་སྤེལ་དང་ཉམས་པ་སོར་ཆུད་བྱེད་དགོས་པའི་ཐབས་ལམ་ཁྲིད་སྟོན་གནང་གི་ཡོད་པར་མ་ཟད། སྔ་རྗེས་སུ་བོན་གྱི་གནའ་རབས་དཔེ་རྙིང་མང་པོ་དཔར་སྐྲུན་འགྲེམ་སྤེལ་བྱས་ཡོད་པ་སྟེ། དཔེར་ན། 《སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོ》 《བོན་དང་ཞང་ཞུང་ཤེས་རིག་དཔེ་ཚོགས》 《བོན་གྱི་ལོ་རྒྱུས་རིག་གནས་དཔེ་ཚོགས》 《བོན་གྱི་ཐ་སྙད་རིག་པའི་གཏེར་མཛོད》སོགས་སྲིད་ན་དཀོན་པའི་གནའ་དཔེ་རྩ་ཆེའི་ཡིག་རྙིང་ལག་བྲིས་མ་དང་ཤིང་དཔར་མ་ནས་ངོ་བཤུས་དག་སྒྲིག་བྱས་ཏེ། དེང་རབས་འཕྲུལ་ཆས་ཀྱི་ལག་རྩལ་བེད་སྤྱད་དེ་པར་སྐྲུན་སྤུས་དག་ལེགས་གྲུབ་བྱུང་ཡོད།
རྩོམ་པ་པོའི་ངོ་སྤྲོད།
དེར་བརྟེན་དེ་རིང་ངས་འདི་ན་བརྩམས་ཆོས་ཞིག་ལེགས་གྲུབ་བྱུང་ཡོད་པ་ནི། བོན་གྱི་གནའ་བོའི་དཔེ་རྙིང་ཁྲོད་ཀྱི་གོ་གནས་གལ་ཆེན་བཟུང་ཡོད་པའི་མི་སྣ་གྲགས་ཅན་ཞིག་སྟེ། གྲུབ་ཐོབ་(རྩང་གཤེན་སྙན་ངག་)པས་མཛད་པའི་དཔེ་ཆ་ཞིག་གི་འགྲེལ་བ་ཡིན། དེ་ནས་དཔེ་རྙིང་ཁྲོད་ཀྱི་རྩང་གཤེན་སྙན་ངག་ལ་རྒྱུས་ལོན་ཅུང་ཙམ་བྱ་བར་འདོད་དེ། 《གཏམ་ཤུལ་དགའ་ཐང་འབུམ་པ་ཆེ་ནས་གསར་རྙེད་བྱུང་བའི་བོན་གྱི་གནའ་དཔེ་བདམས་བསྒྲིགས》རྣེལ་དྲྀ་འདུལ་བའི་ཐབས་སོགས་ལས། དཔེ་རྙིང་ཤོག་ངོས་༢༦ཡིག་ཕྲེང་དགུ་པ་ལས། “རྩང་གཤེན་སྙལ་ངག་གྱྀས། གཏོ་དང་དཔྱད་བགྱྀས་ན། ཡེ་དེ་ལྷ་བསང་འཚལ། མར་ཏེ་དྲི་གདུལ་འཚལ། རྩང་གཤེན་སྙལ་ངག་གྱྀས། རྩང་ཤ་མཁར་བུ་ལ་བསངས་ཏེ་བཏང་ངོ།” ཞེས་དང་། ཧྥ་རན་སི་ཡི་དཔེ་མཛོད་ཁང་དུ་ཡོད་པའི་《ཏུན་ཧོང་ཡིག་རྙིང་》ལས། “ཡུལ་རྩང་རོ་དབྱེས་ཀར་ནའ། རྩང་ལ་བྱེའུ་ཞིག། དབུ་སྙུང་སྤྱན་དུ་སྙུང་། གཉའ་ན་ལྟག་དུ་ཙ་ནའ། རྩང་གཤེན་སྙལ་ངག་ ”ཞེས་དང་། ཀྲུང་ཧྭའི་བཀའ་བརྟེན་ཆེན་མོ་ལས། 《སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོ》པོད་གྱ་དགུ་པ། 《རྣམ་པར་དག་པའི་འབུམ་བཞི་ལས་རིན་པོ་ཆེ་གཉན་གྱི་འབུམ་བཞུགས་སོ》ཞེས་པའི་ནང་དུ། ལེའུ་དགུ་པ་རིག་མོ་གདོང་ཡགས་ཀྱི་དབྱེ་གསལ་ལས། “བྱང་རྗེ་གཉན་ཐོག་ཀྱང་མི་རྨང་དུ་རྨང་། གཙང་གཤེན་སྙན་ངག་དང་། ཞང་ཞུང་མི་ཙ་ལང་རྒྱུང་ལ། གཏོ་དང་དབྱལ་དུ་བགྱིས།”ཞེས་དང་། 《ཀླུ་གཉན་ས་བདག་གི་པང་ཀོང་ནེ་ར་བརྒྱད་གསུམ་བཞུགས་པ་ལེགས་སོ》ཞེས་པ་ལས། 《གཉན་གྱི་པང་ཀོང་གཟུངས་བཞུགས་སོ》ཞེས་པའི་ནང་དུ། “སྔོན་རྩང་ཡུལ་ས་སྐོར་སྙིང་མོའི་ཡུལ་ནས། ཁྱིམ་བདག་དད་པ་ལྡན་པའི་བཀྲ་ཤིས་ལྷ་རྒྱལ་ཞེས་བྱ་བ་དེ་ཡི་རིང་ལ། ཡུལ་དེ་ན་སྔ་ན་མ་མཐོང་བའི་རུ་གླང་དཀར་པོ་དམར་བའི་མདངས་ཆགས་པ། ར་སྨུག་གཡུའི་འོད་དང་ལྡན་པ་ཅིག ཡུལ་དེ་ཡི་ཕུའི་རྩ་ཟོས། མདའི་ཆུ་འཐུང་ནས་ཡོད་ཙམ་ནས། ཁྱིམ་བདག་བཀྲ་ཤིས་དཔལ་འབར་ཞེས་བྱ་བ་དེས། གླང་དེ་ལ་མདའ་ཕོག་ནས། ཤ་དང་ཁྲག་འཐོར་བ་དེ་ལ། གཉན་ལྷོག་ནག་པོ་ཧག་ཤི་དང་། ལྷོག་པ་ས་འཛིན་དང་། ཁོང་ལྷོང་ནག་པོ་ལངས་ཤི་དང་། ལྷོག་གཟེར་མགོ་བཀས་དང་། ལྷོག་བདུད་མཁལ་མ་ཟུར་ཡ་དང་། དེ་དག་ལ་སོགས་གཉན་ནད་སྣ་ཚོགས་ཀྱིས་ཡུལ་དེའི་མི་རྣམས་མི་བདེ་བ་དང་སྡུག་བསྔལ་ནས་ཡོད་ཙམ་ན། ཡུལ་དེའི་རྩང་གཤེན་སྙན་ངག་རྒྱལ་བ་དེ་ལ། རིན་པོ་ཆེ་མཎྜལ་ཕུལ་ནས་འདི་སྐད་ཞུས། འགྲོ་ལ་ཕན་སེམས་བསྐྱེད་པའི་རྩང་གཤེན་ལགས།”ཞེས་དང་། དམུ་གཤེན་ཉི་མ་རྒྱལ་མཚན་གྱིས་མཛད་པའི་《ཕྱག་མཆོད་ཀྱི་རིམ་པ་རྒྱུ་སྐར་རྒྱན་གྱི་ཕྲེང་བ་ཞེས་བྱ་བ་བཞུགས་སོ》ཞེས་པ་ལས། “གཡས་རུ་གངས་ཀྱི་རི་ཁྲོད་ན། །རྣལ་འབྱོར་བརྟུལ་ཞུགས་སྤྱོད་པ་སྐྱོངས། །གཙང་གཤེན་སྙན་ངག་ཅེས་བྱ་བ། །པི་ཝང་ལྡིང་བ་བསོར་ཞིང་བསྒྱུར། །རང་གྲོལ་སྐད་རིགས་དུ་མ་སྨྲ། །གླིང་བུ་འབུད་ཅིང་ཤུགས་སྒྲ་འབྱིན། །རེ་འགའ་སྙན་ངག་ཚིག་བསྡེབས་སྦྱོར། །རང་གྲོལ་སྨྲ་དབང་ཁྱོད་ཕྱག་འཚལ། །”ཞེས་དང་། གཤེན་མཁས་ཚུལ་ཁྲིམས་རྒྱལ་མཚན་གྱིས་མཛད་པའི་《སྙན་ངག་རྒྱན་གསུམ་གྱི་དཔེར་བརྗོད་འཁྲུལ་བྲལ་དཔྱོད་ལྡན་ཡིད་འཕྲོག་ཅེས་བྱ་བ་བཞུགས་སོ》ཞེས་པ་ལས། “གཡས་རུའི་གཙང་གི་རི་ལ་གྲུབ་པ་སྙེམས། །སྐལ་ལྡན་རྣམས་ལ་ཕན་བདེའི་དགའ་སྟོན་འབྱེད། །སྙན་ཚིག་གཞུང་བརྒྱ་སྨྲ་བའི་དབང་པོ་བ། །སློབ་དཔོན་གཙང་གཤེན་ལོ་པཎ་མཁས་པའི་མཆོག །”ཅེས་སོགས་གནའ་བོའི་ཡིག་རྙིང་གི་ཁྲོད་དུ་མིང་དུ་གྲགས་པའི་གྲུབ་ཐོབ་གཙང་གཤེན་སྙན་ངག་བོན་པོ་ཞེས་པ་དེ་ཡིན། ཁོང་ནི་གནའ་བོའི་བོན་ལུགས་ཀྱི་རྒྱུ་བོན་གཏོ་དཔྱད་རྩིས་སྨན་གྱི་ཆོ་ག་ལ་མཁས་པ་ཡིན་པ་མ་ཟད། འབྲས་བུའི་བོན་ལ་གསང་སྔགས་བསྐྱེད་རྫོགས་ལ་མངའ་བསྙེས་པའི་མ་རྒྱུད་གྲུབ་ཐོབ་བརྒྱད་ཅུའི་ཡ་གྱལ་ཡང་ཡིན། ཁོང་མ་མཐའ་རྒྱལ་ཕྲན་སིལ་མ་བཅུ་གཉིས་ཀྱི་དུས་སྐབས་སུ་ཡོད་པ་ཤེས་ཐུབ།

ཁོང་གི་བརྩམས་ཆོས་ངོ་སྤྲོད།
སྙན་ངག་རྒྱན་གསུམ་གསལ་བའི་མེ་ལོང་ཞེས་པ་འདི་ཡིན་ཏེ། གཞུང་འདི་ནི་དང་པོ་བྱུང་བའི་ཁུངས་བཙུན་ཏེ། གཡུང་དྲུང་བོན་ཕྱི་རྒྱུད་ལུགས་སུ་བཤད་ན། མཁའ་འགྲོ་སྒྲ་དབྱངས་རྒྱལ་མོ་འམ་ལྷ་མོ་དབྱངས་ཅན་མའི་ཞལ་ལུང་དྲི་མ་མེད་པ་ཡིན་ལ། ཕྱི་རོལ་རིག་བྱེད་པ་རྣམས་ཀྱི་འདི་ལ་ཚངས་སྲས་མ་ཞེས་འབོད་ཅིང་། ནང་གསང་སྔགས་ཀྱི་ལུགས་ལྟར་ན། འཆི་མེད་ཡུམ་སྲས་གཤེན་གསུམ་གྱི་ནང་ནས། ཡུམ་ཆེན་མོ་བཟང་ཟ་རིང་བཙུན་མའི་ངག་སྒོ་ནས་བྱུང་བ་ཡིན་ནོ། །
གཉིས་པ་ལོ་རྒྱུས་ཀྱི་རྒྱུན་ཐག་རིང་བ་སྟེ། གཡུང་དྲུང་བོན་སྔ་དར་གྱི་སྐབས་ཏེ་རིག་འཛིན་གྲུབ་ཆེན་བརྒྱད་ཅུའི་ནང་ཚན་མཐའ་འདུལ་ཟིལ་གནོན་ཆེ་དགུའི་གཙོ་བོ་གཙང་གཤེན་སྙན་ངག་མཁན་པོ་ཞེས་ཡོངས་སུ་གྲགས་པ་དེ་ཉིད་ལ་སྙན་དུ་བརྒྱུད་ཅིང་བརྩམས་པ་ཞིག་ཡིན་ཏེ། དེ་ཡང་མཁན་ཆེན་ཉི་མ་བསྟན་འཛིན་གྱིས་མཛད་པའི་《བཀའ་བརྟེན་འགྱུར་གྱི་སྡེ་ཚན་སྒྲིག་ཚུལ་བསྟན་པའི་མེ་རོ་སྤར་བའི་རླུང་གཡབ་བོན་གྱི་པད་མོ་རྒྱས་བྱེད་ཉི་འོད་ཅེས་བྱ་བའི་དབུ་ཕྱོགས་བཞུགས》ཞེས་པ་ལས། “ཕྱི་རིག་པའི་བཀའ་བརྟེན་ནི། གཙང་གཤེན་གྱི་སྙན་རྒྱུད་སྙན་ངག་རྒྱན་གསུམ་གསལ་བའི་མེ་ལོང་བྱ་བ་ལེའུ་ལྔ་པ་དང་།” ཞེས་གསུངས་ཤིང་། མཁས་པའི་དབང་པོ་དཔལ་ལྡན་ཚུལ་ཁྲིམས་དང་རྒྱལ་ཚབ་ཀུན་བཟང་བློ་གྲོས་རྣམ་གཉིས་ཀྱིས་སྙན་ངག་ནི་སྒྲ་རིག་པའི་ཁོངས་སུ་བསྡུ་དགོས་པར་གསུངས་ཡོད།
དེའི་འགྲེལ་བ་ངོ་སྤྲོད།
སྤྱིར་སྙན་གཞུང་འདི་ཉིད་ཧ་ཅང་སྔ་མོ་ཞིག་ཡིན་ནའང་། འདིའི་འགྲེལ་བ་ད་ལྟ་མཇལ་ཡུལ་དུ་ཡོད་པ་ནི། སྤྱི་ལོའི་དུས་རབས་བཅོ་བརྒྱད་པར་བྱོན་པའི་མཁས་དབང་ཀུན་གྲོལ་གྲགས་པས་མཛད་པའི་(སྙན་ངག་རྒྱན་གསུམ་གསལ་བའི་མེ་ལོང་གི་འགྲེལ་བ་དཔྱོད་ལྡན་དགའ་བའི་སྙིང་ནོར)ཞེས་པ་དེ་གཅིག་པུ་ཡིན་ལ། དེའི་རྗེས་གཤེན་བཙུན་ཤཱི་ལ་དྷྭ་ཛའམ་གཤེན་མཁས་གྲུབ་ཚུལ་ཁྲིམས་རྒྱལ་མཚན་གྱིས་མཛད་པའི་སྙན་གཞུང་རྒྱས་བསྡུས་གཉིས་སུ་བྱུང་འདུག་པ་དེ། གཞུང་འདི་རྩ་བར་བཞག་ནས་འགྲེལ་བ་བཏབ་པ་ལྟ་བུ་མ་ཡིན་ཀྱང་། གཞུང་འདི་ལས་བརྟེན་ནས་མཛད་པ་ཞིག་ཡིན་པ་གསལ་པོར་རྟོགས་ཐུབ་སྟེ། སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེས་མཛད་པའི《དཔལ་ལྡན་བླ་མའི་རྣམ་ཐར་གསེར་གྱི་མེ་ཏོག་སྤྲས་པའི་ཆུན་པོ་ཞེས་བྱ་བ་བཞུགས》ཞེས་པ་ལས། “གཙང་གཤེན་གྱི་སྙན་ངག་མེ་ལོང་གི་འགྲེལ་པ་གཤེན་མཁས་ཤྲཱི་ལ་དྷཱ་ཛས་མཛད་པ”ཞེས་གསུངས་ཡོད། དེའི་རྗེས་ཚུལ་ཆེན་བསྟན་པའི་རྒྱལ་མཚན་དང་། རྒྱལ་ཚབ་ཀུན་བཟང་བློ་གྲོས་སོགས་བོན་གྱི་སྐྱེས་ཆེན་མང་པོས་གཙང་གཤེན་གྱི་སྙན་གཞུང་ཁུངས་སུ་བྱས་ཏེ་སྙན་གཞུང་དུ་མ་བརྩམས་ཡོད་པ་ནི་མིག་མཐོང་ལག་ཟིན་འདི་ཡིན། ད་ལན་ཁོ་བོས་བྲིས་པའི་སྙན་ངག་གི་འགྲེལ་བ་འདི་ནི། གྲུབ་ཐོབ་གཙང་གཤེན་སྙན་ངག་གི་སྙན་རྒྱུད་“སྙན་ངག་རྒྱན་གསུམ་གསལ་བའི་མེ་ལོང་”ཞེས་པ་དེའི་འགྲེལ་བ་ཡིན་ལ། དེའི་མིང་ཆ་ཚང་ལ། 《རྒྱལ་ཡུམ་བཟང་ཟའི་ཞལ་ལུང་སྙན་ངག་རྒྱན་གསུམ་གསལ་བའི་མེ་ལོང་གི་འགྲེལ་བ་གཙང་གཤེན་དགོངས་རྒྱན་འདོད་འབྱུང་དབྱིག་ནོར་ཞེས་བྱ་བ་བཞུགས་སོ》ཞེས་བཏགས་ཡོད་པ་དེ་ཡིན། ཞེས་རྩོམ་པ་པོ་དང་དེས་བརྩམས་པའི་བོན་སྡེ་དེའི་འགྲེལ་བ་བཅས་ཀྱི་ངོ་སྤྲོད་རགས་བསྡུས་འདི་ནི་རྩོམ་པ་པོས་སྔོན་གླེང་གི་ཚུལ་དུ་འགྲེལ་འདིའི་དབུ་འཆད་དུ་བཀོད་པ་ཡིན་ནོ། །ཤུ་བྷཾ།
