《འགྲོ་མགོན་རྟེན་འབྲེལ་གྱི་བརྗེད་བྱང་བློ་གསལ་དགྱེས་པའི་འོད་སྣང》ཞེས་པ་པར་དུ་བསྐྲུན།

[ཟླ་ཚེས། 2024-07-18 16:31:53][རྩོམ་པ་པོ། ལི་ཐང་ལུང་རྟོགས་རྒྱ་མཚོ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]


ལི་ཐང་ལུང་རྟོགས་རྒྱ་མཚོའི་དེབ་ཕྲེང་དང་པོ《འགྲོ་མགོན་རྟེན་འབྲེལ་གྱི་བརྗེད་བྱང་བློ་གསལ་དགྱེས་པའི་འོད་སྣང》ཞེས་པ་པར་སྐྲུན་འགྲེམ་སྤེལ་བྱས།

ཐོག་མའི་གླེང་བརྗོད།

  སྤྱིར་སྣོད་ཀྱི་འཇིག་རྟེན་ལ་བརྟེན་པའི་སྐྱེ་འགྲོ་ཡོད་དོ་ཅོག་རང་གི་རྒྱུད་ན་ངམ་ངམ་ཤུགས་ཀྱི་ཡོད་པའི་སྣང་བ་འཇིག་རྟེན་བོན་བརྒྱད་ཧྲིང་ངེ་བ་དང་ཚུགས་ཐུབ་ཏུ་གྲུབ་པ་ཞེན་པའི་བདེན་འཛིན་དང་། རང་ཉིད་གཅེས་པར་ཞེན་པའི་བདག་འཛིན་སོགས་ཀྱིས་ཀུན་ནས་བསླངས་ཏེ་ཚེ་འདིར་བདེ་བ་ཐོབ་པའི་ཆེད་དུ་མི་དགེ་བ་སྲོག་གཅོད་རྐུ་འཕྲོག་སོགས་བྱས་ནས་ངན་སོང་ལ་འཕེན་བྱེད་ཀྱི་ལས་བསགས། ཚེ་ཕྱི་མ་བདེ་བ་ཐོབ་པའི་ཕྱིར་དུ་ཟག་བཅས་ཀྱི་དགེ་བ་ཕྱག་སྐོར་ཁ་འདོན་སོགས་བྱས་ཏེ་མཐོ་རིས་སུ་འཕེན་བྱེད་ཀྱི་ལས་བསགས་ནས་མ་དག་འཁོར་བའི་བཙོན་རའི་ནང་དུ་དབང་མེད་དུ་ཉུལ་ཞིང་སྐྱེས་པ་ཡིན་ལ། དེ་དག་འཁོར་བའི་བཙོན་ར་ལས་བརྒལ་འདོད་ན་རང་རང་གིས་ཆེས་དོར་མི་ནུས་པའི་ཕུང་པོ་ཁམས་དང་། སྐྱེ་མཆེད་དང་། རྒྱུན་དུ་ལོངས་སུ་སྤྱོད་རྒྱུའི་སྣང་བ་སྣ་ཚོགས་སྙིང་པོ་མེད་པའམ་ཡུལ་ཐོག་ནས་མ་གྲུབ་པ་ཤེས་དགོས་ཤིང་དེ་ཤེས་པའི་ཕྱིར་དུ་སངས་རྒྱས་ཐུགས་རྗེ་ཅན་གཤེན་རབ་མི་བོ་དང་དེའི་རྗེས་རབས་པ་སྐྱེས་བུ་དམ་པ་རྣམས་ཀྱིས་ཀྱང་། སྤྱིར་སྣང་བ་འཇིག་རྟེན་བོན་བརྒྱད་བདེན་པ་མེད་པར་སྒྲུབ་བྱེད་ལ་རྟག་ཆད་གཉིས་ཀྱི་མཐའ་འགོག་བྱེད་ཀྱི་རྟེན་འབྲེལ་ཆེན་པོའི་གཏན་ཚིགས་བསྟན་པ་མ་ཟད་སྤྱིར་སྲོག་ལྡན་གྱི་སྐྱེ་རྒུ་སུ་ཡིན་ཡང་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པ་ཤ་སྟག་ཡིན་ལ། རང་ལ་གནས་སྐབས་ཀྱི་བདེ་བ་ཙམ་མ་ཡིན་པ་མཐར་ཐུག་གི་བདེ་བ་ཆེན་པོ་བརྙེས་འདོད་ན་དག་པའི་རྟེན་འབྲེལ་དང་མ་དག་པའི་རྟེན་འབྲེལ་གྱི་རྒྱུ་འབྲས་འཇུག་ལྡོག་གི་གནད་གཏིང་ཚུགས་པོ་ཞིག་ཤེས་དགོས་པས། དེ་ཤེས་པའི་ཕྱིར་དུ་བདེ་བར་གཤེགས་པའི་བཀའ་དང་སྐྱེས་བུ་དམ་པའི་ལུང་སོགས་ལས་བླང་བྱ་དག་པའི་རྟེན་འབྲེལ་དང་། དོར་བྱ་མ་དག་པའི་རྟེན་འབྲེལ་གྱི་རྣམ་བཞག་ཁ་གསལ་དོད་པོ་ལམ་ནས་གཏན་ལ་ཕབ་ཡོད་པའོ། །དེའི་ཕྱིར་སྤྱིར་རྟེན་འབྲེལ་དང་སྒོས་སུ་དག་པ་དང་མ་དག་པའི་རྟེན་འབྲེལ་གྱི་རྣམ་བཞག་བདེ་བ་འདོད་པའི་སྐྱེས་བུ་དག་གིས་མ་ཤེས་ན་ཐབས་མེད་པའི་གནད་ཅིག་ཡིན་པར་ལྟ་ཅི་སྨོས་སོ། །

  ད་ལན་ཐོས་ཆུང་བདག་ཀྱང་ལེ་ལོའི་གཉིད་ལས་ཡུད་ཙམ་སད་དེ་གཙོ་བོ་མདོ་སྔགས་རབ་འབྱམས་གཞུང་ལ་མཁྱེན་སྟོབས་ཀྱི་ཤེས་རབ་ཡངས་ཤིང་སློབ་ཚོགས་མང་པོ་ལ་བྱམས་དང་བརྩེ་བ་ཕྱུག་པའི་གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་སློབ་དཔོན་དམ་པ་རྣམས་ཀྱི་འཆད་ཁྲིད་དང་རང་གིས་སློབ་གཉེར་ཕྲན་ཚེགས་བྱས་པའི་མཐུ་ལ་བརྟེན་ཏེ། དབུ་ཚད་དང་གསང་སྔགས་ལ་མངའ་བརྙེས་པའི་བོན་གྱི་སྤྱན་ལྡན་ཆེན་པོ་འགྲོ་མགོན་བློ་གྲོས་རྒྱལ་མཚན་གྱིས་མཛད་པའི་མཛོད་གནས་དགུ་བ་རྟེན་འབྲེལ་གྱི་གཞུང་ལ་འཇུག་པའི་དཔྱད་དེབ་ཅིག་འབྲི་ཁུལ་བྱས་ཡོད། བདག་ལྟ་བུ་ལ་མཚོན་ན་གང་ཐད་ནས་དཔྱད་དེབ་རྩོམ་པའི་འཇོན་ཐང་མི་བདོག་ཀྱང་འོན་ཀྱང་རང་ལ་དྲན་གསོ་དང་གཞན་གསར་སློབ་ཚོགས་ལ་ཅུང་ཟད་ཕན་པའི་བསམ་པ་བཟུང་ནས་དེབ་འདི་བརྩམས་པ་ཡིན།

  འགྲོ་མགོན་རྟེན་འབྲེལ་གྱི་གཞུང་འདི་གཙོ་བོ་བཀའ་སྲིད་པའི་མཛོད་ཕུགས་དང་། མཛད་མདོ་འབྲིང་བ་གཟེར་མིག བཀའ་བརྟེན་དྲན་པའི་སྒྲ་འགྲེལ། ཐིག་ལེ་དགུ་སྐོར་ཡང་སྙིང་གསང་བའི་ལུང་སོགས་ལ་གཞི་བཅོལ་ནས་གསུངས་འདུག བྲིས་པའི་དེབ་འདི་གཙོ་བོ་འགྲོ་མགོན་རྟེན་འབྲེལ་གྱི་བརྗོད་དོན་མ་ཟད་ཚིག་ལའང་གང་ཐུབ་ཐུབ་ཀྱི་སྒོ་ནས་འགྲེལ་བ་བཏབ་ཁུལ་བྱས་ཡོད། ཟུར་དུ་གཞུང་འདི་དང་མཐུན་པར་བྱུང་བའི་བཀའ་ལུང་གཞན་གྱིས་ཟུར་བརྒྱན་བྱས་ཡོད། དེབ་འདི་འགྲེལ་གཞིའི་གཞུང་གི་རྩོམ་འགྲོས་དང་བསྟུན་པ་ལས་དེང་རབས་ཀྱི་རྩོམ་འབྲི་སྟངས་བྱས་མེད། གཞུང་དེ་དང་མི་མཐུན་པའི་རང་ལུགས་ཀྱི་ལུང་འགའ་རེ་ཡོད་ཀྱང་དེ་དག་རེ་ཞིག་རང་སར་བསྐྱུར་བ་ལས་བཙན་གྱིས་སྦྱར་ཏེ་མཐུན་པར་བྱས་མེད། སྤྱིར་འགྲོ་མགོན་རྟེན་འབྲེལ་མ་དཔེ་དུ་མའི་ཁྲོད་དུ་ལུང་ཚིག་འགའ་མི་མཚུངས་པ་ཡོད་འདུག་ཀྱང་འདིའི་འགྲེལ་གཞིའི་གཞུང་ནི་བྲིས་མ་དང་དེང་དུས་སུ་དཔར་དུ་བསྐྲུན་པའི་དཔེ་དེབ་འགའ་བསྡུར་ནས་བཀོད་པ་ཡིན་ནོ། །

  ཕྲན་གྱི་དེབ་ཆུང་འདི་ལ་རྒྱབ་སྐྱོར་དང་རམ་འདེགས་ཚད་མེད་གནང་བའི་དགེ་བའི་བཤེས་གཉེན་དམ་པ་རྣམས་དང་གཡུང་དྲུང་སྤུན་གྲོགས་ཡོངས་ལ་སེམས་གཏིང་ནས་བཀའ་དྲིན་ཞུ་བ་དང་ཆབས་ཅིག་ཏུ་ཁྱེད་རྣམ་པའི་ཐུགས་ཀྱི་བཞེད་དོན་རིལ་བོ་གེགས་མེད་ཡིད་བཞིན་དུ་འགྲུབ་པའི་རེ་སྨོན་ཡང་ཡང་ཞུའོ། །

  ཞེས་པ་འདི་ནི་རྩོམ་པ་པོས་འགྲོ་མགོན་དགོན་ཞང་བོད་ཤེས་རིག་སློབ་གླིང་གི་སློབ་ཁྲིད་ཀྱི་བར་གསེང་དང་བསྟུན་ནས་རང་ཤག་དཔེ་མང་སྤུངས་པའི་དགའ་ཚལ་དུ་སྤྱི་ལོ་༢༠༢༤ཟླ་བ༢པའི་ཚེས༡༨ཉིན་སུག་བྲིས་སོ། །



 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།