ཁྲོམ་ཚང་ཤེས་རིག་ཡར་སྐུལ་གླིང་གི《རྡོག་བྲོ》འདོན་ཐེངས་གཉིས་པ་འགྲེམ་སྤེལ་བྱས།

[ཟླ་ཚེས། 2024-06-25 10:34:50][རྩོམ་པ་པོ། སྟོང་སྲས་ལྷ་བུ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]


སྔོན་གླེང་ཁྱུང་ཆེན་ལྡིང་གར།

  སྲིད་པའི་བྱུང་རབས་ལ་ལོ་རྒྱུས་ཀྱི་ཕྲ་རྒྱན་བཏགས་ཏེ་མེས་པོ་རལ་པ་ཅན་ཚོའི་རྔུལ་དྲི་མ་ཡལ་ཞིང་ཡབ་མེས་གོང་མ་རྣམས་ཀྱི་བྱིན་རླབས་རང་འོད་འཚེར་བའི་ཕ་ཁྱིམ་འདི་རུ། ང་ཚོ་གཏན་དུ་འཚོས་ཤིང་གཏན་དུ་འཚོ་དགོས་པའི་ཕུགས་འདུན་དར་དཀར་རིང་མོ། གངས་རིའི་མགུལ་རྒྱན་ལ་རྟག་ཏུ་གསོལ་བཞིན་པའི་ང་ཚོར་མཚོན་ན། མི་རིགས་ཀྱི་རིག་གནས་དང་ལོ་རྒྱུས་ཀྱི་བདེན་པ། མེས་པོ་ཡི་རྣམ་ཤེས་སོགས་མདོར་ན་མང་པོ་མང་པོ་ཞིག་ཀུན་གྱི་ཕྲག་སྟེང་ན་ཡོད་པའང་ང་ཚོས་ཤེས་དགོས། ཤེས་པ་དེའང་ལག་ལེན་ལ་བསྟར་ཏེ་རྗེས་རབས་པའི་མིག་གི་དགའ་སྟོན་དང་ཡིད་ཀྱི་ངལ་གསོ་རུ་ཡོང་ཕྱིར། ཕྲག་སྟེང་གི་ལས་འགན་དག་རིམ་གྱིས་བསྒྲུབ་སྟེ་མཐའ་མེད་པའི་རྒྱ་མཚོ་ལྟ་བུའི་གཞུང་ལུགས་ལ་ཐོས་བསམ་སློབ་གཉེར་གནང་ནས་རང་གི་རྗེས་ན་ཡོད་པའི་གཞོན་ནུ་ཤ་དར་ཁྲག་དར་རྣམས་ལ་ཤེས་སུ་འཇུག་རྒྱུ་ནི་གལ་ཆེན་ནང་གི་དོན་ཆེན་ཞིག་ཡིན་པར་ཐེ་མི་ཚོམ་མོ།།

  དེ་ཡང་ཐོས་བསམ་སློབ་གཉེར་གནང་རྒྱུ་ནི་དགོན་སྡེ་གཅིག་པུ་དང་སློབ་གྲྭ་ག་གེ་མོ་ཁོ་ན་མ་ཡིན་པར་སྡེ་གྲོང་དང་ལུང་ཁུག་དག་ནའང་ཡོད་དགོས་ཤིང་འབྲོག་སྡེ་དང་ཞིང་གྲོང་རྣམས་སུའང་ཀ་ཁ་ག་ངའི་མགྲིན་དབྱངས་ལ་གསོན་ཤུགས་བླ་མེད་ཕུལ་ཏེ་མེས་པོ་རྣམས་ཀྱི་ཐུགས་འདུན་ཡོངས་སུ་འགྲུབ་པར་འབད་བརྩོན་དང་སློབ་སྦྱོང་དགོས་པ་སྔ་དར་མཁས་པའི་ཞལ་ལས་ཤེས་ཐུབ་བོ།།

  རྒྱུ་མཚན་དེ་དག་གིས་ཕྱིར་ན་ངེད་ཁྲོམ་ཚང་ཤེས་རིག་ཡར་སྐུལ་གླིང་སྤྱི་ངོས་ནས་ཀྱང་། མི་ལོ་དུ་མར་དཀའ་བ་ཁྱད་བསད་དང་ངལ་བ་དང་བླང་གི་སྒོ་ནས་འབྲོག་སྐྱེས་གཞོན་ནུ་དག་ལ་ཤེས་རིག་ཡར་སྐུལ་དང་སློབ་སྦྱོང་འབད་བརྩོན་གྱི་བྱ་བའི་ལས་གཞི་རེ་ཨེ་འཁྱོངས་བལྟས་པ་ཡིན། དེ་མཐུན་དེ་མཚུངས་ཀྱི་སྒོ་ནས་ད་ལན《རྡོག་བྲོ》འདོན་ཐེངས་གཉིས་པ་དཔར་ལ་ཉེ་བས་འདིའི་ཐད་ནས་མྱོང་བ་རེ་ཞུ་ན་འདོད། རྡོག་བྲོ་ནི་རིག་པའི་གར་སྟེགས་ནས་གཞོན་ནུ་རྣམས་ཀྱིས་རིག་པའི་རྩལ་ལ་གདངས་ཀྱི་ང་རོ་བཞག་སྟེ་ཤེས་རིག་གི་རྡོག་པས། མུན་པའི་ས་གཞི་མནན་ནས་རང་གི་འཇོན་ཐང་དང་ལྷག་བསམ་གྱིས་འཁྲབ་དགོས་པའི་རྡོག་བྲོའི་གར་སྟེགས་ངོ་མ་དེ་ཡིན་པར་ཡིད་ཆེས་ཡོད། ཐེངས་འདི་ནི་སྔོན་མའི་རྡོག་བྲོ་དང་བསྡུར་ན་སྔར་ལས་གཞི་རྒྱ་ཆེ་རུ་བཏང་སྟེ་ཕྱོགས་ཡོངས་ཀྱི་གཞོན་སྐྱེས་ཤེས་ལྡན་པའི་དཔུང་ཁག་ལ་བཅོལ་བའི་རིས་མེད་ཀྱི་གར་སྟེགས་ཤིག་ཏུ་བསྐྲུན་ཡོད།

  འདི་ལ་ལེའུ་ཚན་གསུམ་གྱིས་གྲུབ་སྟེ། དང་པོ་དཔྱད་རྩོམ་རིག་པའི་ཐེམ་སྐས་ཀྱི་ནང་བོད་ཀྱི་འདས་མ་ད་གསུམ་གྱི་བདེ་སྡུག་འཚོ་བའི་གླེང་མོལ་དང་། གཞུང་ལུགས་རྒྱ་མཚོས་དྲུད་ཡོང་བའི་བྱིན་རླབས་ཀྱི་ཟེགས་མ་རེ་རེ། གནའ་དེང་ལོ་རྒྱུས་ཀྱི་བར་ན་འབྱར་བའི་མེས་པོའི་རྣམ་ཤེས་འཚོལ་བའི་མེ་ལོང་སོགས་གཞུང་གི་དཀའ་གནད་དང་དངོས་སྟོབས་བདེན་པའི་དབལ་ཁ་ལ་བདར་བའི་རིག་གཞུང་འོ་མའི་རྒྱ་མཚོ་དཀྱིལ་ཡོད།

  གཉིས་པ་རྡོག་བྲོ་གར་གྱི་མཆོད་པའི་ནང་དུ། སྙན་པའི་ངག་ལ་དབང་འབྱོར་ཞིང་ཨེར་སངས་ལྷ་མོའི་བྱིན་རླབས་ཐོབ་པའི་རིག་སྐྱེས་གཞོན་ནུ་རྣམས་ཀྱིས་རང་རང་གི་ངག་རིག་སྒྱུ་རྩལ་སྟོབས་སུ་བསྩལ་ཏེ། གོང་མར་ཕུལ་བའི་བསྟོད་ཚོམས་ཀྱི་མེ་ཏོག་དང་། ཐད་དུ་སྨྲས་ཤིང་སློབ་སྦྱོང་གི་མྱོང་ཚོར་ལས་གྲུབ་པའི་སེམས་ཀྱི་མཆོད་པ་རེ་རེ། གཞོན་ནུའི་དུང་སེམས་ལ་བཏབ་པའི་མཛེས་སྡུག་གི་མེ་ཏོག་ལྟ་བུའི་གར་གྱི་མཆོད་པ་སོགས་མ་འོངས་རྨོངས་གཉིད་དཀྲོགས་པའི་ཅོང་བརྡ་ཞིག་བསྐྲུན་ཡོད།

  གསུམ་པ་བསླབ་བྱ་ཐར་པའི་ལམ་མཆོག་ནང་དུ། མི་ཡི་འཚོ་བའི་བདེ་སྡུག་ཐུགས་ལ་བརྣག་པའི་སྐྱེས་བུ་རྣམས་ཀྱི་རིག་པའི་བཅུད་དང་གཞུང་གི་རྩི་བླངས་པའི་གཞོན་ནུ་ཤེས་ལྡན་དག་གིས་འཚོ་བའི་དཀའ་སྡུག་ལ་གདོང་གཏད་པའི་ཉམས་མྱོང་དང་། ལེགས་ཉེས་བླང་དོར་གྱི་ཤེས་བྱ་རྣམས་ཅི་ལྟར་ལེན་པའི་ཐབས་ཤེས་ཉི་ཟླའི་དཀྱིལ་འཁོར་རེ་རེ། མ་འོངས་པའི་གཞོན་ནུ་དག་ཤེས་རབ་ལ་འཇུག་པའི་བསྐུལ་ཚིག་ངག་རིག་ལམ་གྱི་མཛུབ་ཁྲིད་ལྟ་བུའི་ཐར་པའི་ལམ་མཆོག་སྟོན་བཞིན་ཡོད་པ་སོགས་ཐབས་ཤེས་ཟུང་འབྲེལ་ཉི་ཟླའི་སྣང་བ་ཡོངས་སུ་དྲངས་ཡོད།

  མདོར་ན་ང་ཚོ་ཨ་མའི་བང་ནས་སྐྱེས་པའི་ལང་ཚོ་སྨིན་པ་ནས་བཟུང་ང་ཚོས་རང་ས་བསྲུངས་ཤིང་རང་ལམ་སྙེག་པའི་གོམས་གཤིས་རྒྱུན་འཁྱོངས་བྱས་ནས་ཕ་མེས་ཡང་མེས་ཀྱི་ཐུགས་དགོངས་རྫོགས་ཕྱིར་དང་། མ་འོངས་པའི་གཞོན་རབས་རྣམས་ལ་བག་ཆགས་བཟང་པོ་རེ་ཨེ་འཁྱོངས་ཁུལ་གྱིས་འདི་ལྟར་བགྱིས་པ་ལགས་སོ།།

  དེབ་འདིའི་རྩོམ་སྒྲིག་པའི་ལས་འགན་དུ་གཏོགས་པ་སྟོང་སྲས་ལྷ་བུ་རུ་འབོད་པས་ཐེངས་འདིའི་འགན་འཛིན་ཡོངས་ཀྱི་ཚབ་ཞུས་ཏེ་ཕུལ་ལོ།།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།