མིང་གཞི་དགོས་འབྱུང་ནོར་བུའི་མཆན་འགྲེལ་འགྲེམ་སྤེལ་གནང་བ།

[ཟླ་ཚེས། 2024-06-23 08:10:05][རྩོམ་པ་པོ། ཤེལ་ཞིག་ཤེས་རབ་སྐལ་བཟང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

མིང་གཞི་དགོས་འབྱུང་ནོར་བུའི་གཏེར་ཆེན་གྱི་ཟུར་འདེགས་མཆན་འགྲེལ་མདོར་བསྡུས་བློ་གསར་དགྱེས་བྱེད་འགྲེམ་སྤེལ་གནང་བ།

སྔོན་གླེང་།
དེང་ཟླུམ་གཟུགས་གོ་ལ་ཆེན་པོའི་ཡངས་སྟེང་དུ་ཤེས་ལྡན་གྱི་མི་རིགས་སོ་སོས་རང་གི་ཆབ་དཔལ་རིག་གསུམ་ཡར་རྒྱས་གཏོང་བ་དང་། དེ་བཞིན་སོ་སོའི་རིག་གཞུང་དང་སྐད་ཡིག་སོགས་སྲུང་སྐྱོབ་བྱེད་རྒྱུའི་འགན་འཁྲི་སོ་སོའི་མི་རིགས་ཡོངས་ལ་ཡོད་པ་སྤྱི་མཚུངས་སུ་གནས་པ་གཞིར་བཅས། རང་རེའི་གནའ་བོའི་ཞང་བོད་ཀྱི་ཡབ་མེས་ཚོས་ཤུལ་དུ་བཞག་པའི་རིན་བྲལ་གྱི་སྐད་དང་ཡི་གེ་གཞིར་བཅས་རིག་པའི་གནས་ལྔ་དང་།  ལོ་རྒྱུས་ཡུལ་སྲོལ་གོམས་གཤིས་སོགས་ལ་མྱུར་སྐྱོབ་བྱེད་པ་དང་།  བསྡུས་རུབ་རྒྱུད་འཛིན་བྱེད་ནས་འཕེལ་རྒྱས་གཏང་དགོས་པའི་འོས་འཁྲི་ད་ལྟའི་མི་རབས་འདི་ལ་བབས་པར་བརྟེན།  ང་ཚོ་ཁ་བ་གངས་ཅན་པའི་ཁྱད་ནོར་དབྱངས་གསལ་སོ་བཞིའམ་བཞི་བཅུའི་རྩ་བ་ཞང་བོད་རིག་གནས་ཀུན་གྱི་གཞི་མ་བརྡ་སྤྲོད་པའི་རིག་པ་ནས་འགོ་བརྩམས་ཏེ། རིག་གནས་ཆེ་ཆུང་བཅུ་དང་།    དམངས་ཁྲོད་རིག་པ། ལོ་རྒྱུས། རྩོམ་རིག་སོགས་རིག་གནས་ཀུན་གྱི་བདག་པོར་འགྱུར་བའི་རེ་བ་སྙིང་ལ་འཆང་ནས། ད་ལན་རང་དགོན་གྱི་རྒོད་སྲས་ཤེལ་ཞིག་ཤེས་རབ་སྐལ་བཟང་མཆོག་གིས་ཐོས་བསམ་དང་འཆད་རྩོད་གཉིས་ཀྱི་བར་སེང་ནས་ཉིན་མཚན་ངལ་མེད་ཀྱིས་བརྩོན་པ་འགྲུས་པའི་ཉེར་ལེན་ལས།༧གཤེན་གྱི་དྲང་སྲོང་གཡུང་དྲུང་རྒྱལ་མཚན་དཔལ་བཟང་པོའམ་འཇིགས་མེད་ནམ་མཁའི་རྡོ་རྗེས་བརྩམས་གནང་བའི་<<གངས་ཅན་བོད་ཀྱི་བརྡ་སྐད་མིང་གཞི་གསལ་བར་སྟོན་པའི་བསྟན་བཅོས་དགོས་འབྱུང་ནོར་བུའི་གཏེར་ཆེན་>>གྱི་འགྲེལ་པ་<<མིང་གཞི་དགོས་འབྱུང་ནོར་བུའི་གཏེར་ཆེན་གྱི་ཟུར་འདེགས་མཆན་འགྲེལ་མདོར་བསྡུས་བློ་གསར་དགྱེས་བྱེད་>>ཅེས་པ་བརྩམས་གནང་མཛད་པ་འདིས། རྩོམ་པ་པོ་ཁོང་ཉིད་དཔེ་ཁྲིད་ཞུས་སྐབས་ཀྱི་ཉམས་མྱོང་དང་བློ་བསྐྱེད་ལ་བརྟེན་ནས། སྔོན་བྱོན་མཁས་པ་རྣམས་ཀྱིས་བརྩམས་པའི་བརྡ་སྤྲོད་ཀྱི་གཞུང་ལས། རིག་པའི་རྩལ་གྱིས་དྲངས་ནས། རྗོད་བྱེད་ཁ་གསལ་བ་དང་། བརྗོད་བྱ་ཁེབས་རྒྱ་ཆེ་བ། རྟག་ཏུ་བཀོལ་སྤྱོད་མང་བ་བཅས་ཀྱི་ཁྱད་བོན་རྨད་དུ་བྱུང་བའི་ཟུར་འདེགས་ཚིག་མཛོད་དམ་མིང་གཞིའི་མཆན་འགྲེལ་འདི་གྲུབ་ཡོད་པས། དེས་ན་སླད་མར་ཡང་དཔེ་དེབ་ཉིད་ཀྱིས་ཞང་བོད་བརྡ་སྤྲོད་རིག་པའི་སྒོ་འཕར་ཡངས་མོ་རུ་ཕྱེ་ནས་ན་གཞོན་སློབ་གཉེར་བ་ཆར་ཤུལ་གྱི་མྱུ་གུ་བཞིན་རྒྱས་པ་དང་། རིག་སྨྲ་བ་རྒོད་སྲས་ཁོང་ཉིད་ཀྱང་འདི་ནས་བཟུང་ཤེས་རིག་གི་ལམ་ཁར་སྔར་ལས་ལྷག་པའི་སྒོ་ནས་མདུན་དུ་བསྐྱོད་པའི་ཤིས་སྨོན་དང་བཅས་དེབ་འདིའི་འགོ་བརྗོད་ཚུལ་དུ།།
          སྒང་རུ་དར་རྒྱས་དགོན་གྱི་མཁན་པོ་དབྲ་ཁྱུང་སྐལ་བཟང་ནོར་བུ་ནས།
   སྤྱིར་འུ་ཅག་གི་མིག་སྔུན་དུ་ཤེས་བྱ་རིག་པའི་འབྱུང་གནས་གཙུག་ལག་བགྲང་མཐའ་ཡས་པ་ཞིག་བཞུགས་ཡོད་ལ་ཁྱད་པར་དུ་བཅུ་རིག་སྒོ་བརྒྱ་འབྱེད་པའི་ལྡེ་མིག་བརྡ་སྤྲོད་ཀྱི་རིག་གཞུང་ཡང་དུ་མ་གནས་ཡོད། དེ་ནི་བོད་མི་རིགས་སྤྱི་དང་ཡང་དགོས་སུ་སློབ་གཉེར་བའི་སྡེ་ཁག་ལ་མཚོན་ན་ཆེས་དགའ་འོས་པའི་གནས་ཅི་སྟེ་མིན། དེས་ན་སློབ་གཉེར་བ་ཞིག་ཡིན་ཚེ་སློབ་ལ་བརྩོན་དགོས་པ་སྨོས་མེད་རེད་ལ་ལྷག་པར་དུ་རིག་པའི་གཞུང་གང་ཞིག་ལ་འཇུག་པ་ཡིན་ན་ཐོག་མར་བརྡ་སྤྲོད་ཀྱི་རིག་གཞུང་ལ་མ་འཇུག་ཐབས་མེད་ཡིན་པ་ཟུར་ལྟས་ལེབ་མཐོང་དུ་གྱུར་ཏེ། མཁས་མང་མུ་ཏིག་སྟར་ལ་བརྒྱུས་པ་བཞིན་ཕེབས་དང་འབྱོན་མུས་དག་གིས་གཙུག་ལག་གི་གཏེར་མཛོད་ཉམས་བཞེས་མཛད་པའི་ཐོག་མར་བརྡ་སྤྲོད་ཀྱི་གཞུང་ལ་ཐོས་བསམ་སྒོམ་གསུམ་ཅིས་ཀྱང་གནང་གིན་ཡོད། དེས་ནི་བརྡ་སྤྲོད་ཀྱི་གཞུང་ལུགས་འདི་ཉིད་སྤྱིར་རིག་གནས་ཡ་གྱལ་བ་ཞིག་ཡིན་ཀྱང་གཤེན་ཞལ་གཙང་མའི་བཀའ་ལུང་མཐའ་དག་གཞུང་འདི་ཉིད་རྨང་གཞི་ཐོག་ནས་གྲུབ་པར་མངོན་ཡོད་ལ། དང་ཐོག་ནས་ཐོས་བསམ་གྱི་བློས་ཐ་སྙད་ཀྱི་ཚིག་ཕྱིར་མི་འབྲང་བར་དོན་དམ་གྱི་རོ་མཆོག་མྱོང་བར་འདོད་པའི་མཁས་རློམ་ཚོ་ལའང་“མ་རྟོགས་སེམས་ཅན་ཚིག་གིས་མ་ཁྲིད་ན། མུན་པའི་མཛུབ་ཡུག་དེས་ཀྱང་བརྡ་མི་འཕྲད།”ཅེས་པའི་མན་ངག་གི་ཚིག་དོན་གནད་གཅིག་ཏུ་གཏན་ལ་ཕབས་ཏེ་གནས་ལུགས་གཉུག་མ་སྤྱན་འབུལ་གནང་ཡོད་པས་སོ།། དེར་བརྟེན་རང་ཉིད་མཁས་མ་དྲགས་ཀྱང་<<ཁྱུང་སྤྲུལ་དག་ཡིག་>>འདི་ལ་མཆན་འགྲེལ་མདོར་བསྡུས་ཤིག་འབྲི་བར་རེམ་འདོད་བྱུང་། རྒྱུ་མཚན་ནི་གཅིག་ནས་གཞུང་འདི་ཉིད་སློབ་གཉེར་བའི་སྡེ་ཁག་མི་ཉུང་ཞིག་གི་སྦྱང་བྱར་གྱུར་འདུག་ལ། གཉིས་ནས་གཞུང་འདི་ནི་བརྡ་གསར་རྙིང་དང་ཞང་བོན་གྱི་ཐ་སྙད་ཐུན་མོང་མ་ཡིན་པ་དུ་མས་ཕྱུག་པའི་གཞུང་ཁྱད་པར་བ་ཞིག་ཡིན། གསུམ་ནས་གཞུང་འདི་ཉིད་ཚིག་བཅད་དང་ཚིག་བསྡུས་ཅན་གྱི་རྣམ་པ་ཡིན་སྟབས་ཅུང་གོ་དཀའ་བར་གྱུར་འདུག་ཀྱང་དེ་སྔོན་མཆན་འགྲེལ་ལྟ་བུའི་ཐོག་ནས་འགྲེལ་མཁན་བྱུང་མེད་པར་སྙམ། དེའི་ཕྱིར་མཆན་འགྲེལ་འདི་ཉིད་འབྲི་འགོ་བརྩམས་པ་ཡིན། དེ་ཡང་ངོས་ནས་མཆན་འགྲེལ་འདི་ཉིད་ཐོག་མར་འབྲི་སྐབས་གཏིང་ཟབ་པ་དང་རྒྱས་འགྲེལ་བྱེད་པར་སྐུལ་མཁན་མང་པོ་བྱུང་། ཡིན་ན་བདག་གིས་བསམ་པར་མཆན་འགྲེལ་འདི་ལ་བརྟེན་ནས་མཁས་གྲུབ་རྣམས་ལ་ཕན་པ་ཞིག་བདག་གིས་ངལ་བ་ཅི་ལྟར་བྱས་ཀྱང་འབྲི་ག་ལ་ནུས། དེ་བས་རང་དང་འདིར་གསར་དུ་འཇུག་མཁན་རང་མཉམ་གྱི་སློབ་མ་ཚོར་ཅུང་ཟད་ཕན་པར་སེམས་ཏེ་ཁ་གསལ་གོ་བདེ་ཞིག་ཡོང་བར་འབད་བརྩོན་བྱས་པ་ཡིན། གཞན་ཡང་<<མིང་གཞི་དགོས་འབྱུང་ནོར་བུའི་>>གཞུང་འདི་ལ་མ་དཔེ་མང་པོ་ཡོད་པའི་དབང་གིས་ཚིག་མི་འདྲ་བ་མང་པོ་འབྱུང་གིན་འདུག་ཀྱང་དོན་གྱི་གོ་བ་དང་འདི་དང་འབྲེལ་ཡོད་ཀྱི་བརྡ་གཞུང་ཁག་ལ་བསྟུན་ཏེ་གཞུང་ཚིག་རྣམས་བཀོད་ཡོད། མ་ཚད་གཞུང་ནང་དབུ་རུ་བསྟན་པའི་བྱུང་རིམ་དང་། མཇུག་ལ་ཕྲད་རྣམ་དབྱེའི་སྐོར། བར་དུ་ཚིག་འགྲེལ་ཁ་གསལ་ཡོད་པ་དེ་དག་གནས་སྐབས་བཞག་སྟེ་གཞུང་དོན་དངོས་ལ་གསལ་བྱེད་གོང་རིམ་བཞིན་མཆན་འགྲེལ་མདོར་བསྡུས་ཤིག་བཀོད་པ་འདིར་ལེགས་ཆ་ཡོད་རིགས་དགྱེས་པར་བཞེས་ཏེ་དགེ་འདོན་སྐྱོན་སེལ་གནང་བའི་རེ་སྨོན་ཀློག་པ་པོ་ཡོངས་ལ་ཞུ་ཞེས་ཤེལ་ཞིག་ཤེས་རབ་སྐལ་བཟང་གིས་༢༠༢༤/༦/༢༢/ཉིན་སྤྲིངས།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།