《ཁྱུང་ཡུལ་དགེ་བཤེས་བགྲོ་གླེང་ཆེན་མོའི་དཔྱད་རྩོམ》དེབ་ཕྲེང་གཉིས་པ་པར་སྐྲུན་འགྲེམ་སྤེལ་བྱས།

[ཟླ་ཚེས། 2024-06-18 10:37:16][རྩོམ་པ་པོ། ཞུ་ཚང་དགེ་བཤེས་སྐལ་བཟང་རྒྱལ་མཚན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]


《ཁྱུང་ཡུལ་དགེ་བཤེས་བགྲོ་གླེང་ཆེན་མོའི་དཔྱད་རྩོམ་ཆེད་དེབ》དེབ་ཕྲེང་གཉིས་པ་པར་སྐྲུན་འགྲེམ་སྤེལ་བྱས།

  དེ་ཡང་། སྟོན་པ་རྫོགས་པའི་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་དེ་ཉིད་ཀྱིས་བོན་གྱི་འཁོར་ལོ་གསུམ་གྱི་རྣམ་གཞག་དྲི་མེད་གཏན་ལ་ཕབ་ཅིང་། ཉིད་ཀྱི་འཁོར་སྡེ་བཞི་ཡ་བརྒྱད་སོགས་ལ་ཤེས་རབ་ཀྱི་བཅའ་བཀོད་ལེགས་པར་མཛད་པའི་ཚུལ་རྣམས་བོན་གྱི་དཔེ་རྙིང་ཁག་ལས་གསེར་གྱི་ཐང་མ་བརྡལ་པ་ལྟར་གྱུར་ཡོད། དེ་ནི། འཆད་པ་བོན་གྱི་འཁོར་ལོ་དང་། རྩོད་པ་བོན་གྱི་འཁོར་ལོ། རྩོམ་པ་བོན་གྱི་འཁོར་ལོ་བཅས་ཡིན་ཞིང་། དེ་ལྟར་ཡང་དག་དོན་ལ་འཇུག་པར་འདོད་པའི་གང་དག་རྗེས་སུ་འཛིན་པ་རྣམས་ལ་གང་གི་འཁོར་ལོ་རྣམ་གསུམ་གྱི་རྒྱུན་ཡོངས་སུ་བསྐོར་བའི་ཞལ་གསུངས་རྗེས་གནང་མཛད་ཡོད། ཚུལ་དེ་རང་རེ་སྟོན་པའི་རྗེས་འཇུག་ཏུ་རློམས་པ་དག་གིས་ཡིད་ལ་དྲིལ་ཞིང་ལག་ཏུ་བླང་ན་ཨེ་མ་ངོ་མཚར་ཆེའོ་ཞེས་ལྷ་མི་ཀུན་གྱིས་བསྟོད་པར་འོས་སམ་མི་འོས།

  ངེད་ཁྱུང་ཡུལ་དགེ་བཤེས་བགྲོ་གླེང་ཆེན་མོའི་གོ་སྒྲིག་ལྷན་ཚོགས་ཀྱིས་རིག་གཞུང་གི་བགྲོ་གླེང་ཐེངས་གཉིས་ཙམ་གྱི་ཞབས་ཞུ་བསྒྲུབས་ཟིན་པ་མ་ཟད། ད་ལན་ཁྱུང་ཡུལ་དགེ་བཤེས་བགྲོ་གླེང་ཆེན་མོའི་ཆེད་རྩོམ་དེབ་ཕྲེང་གཉིས་པ་རྩོམ་སྒྲིག་དང་དཔར་བསྐྲུན་གྱི་ལས་རིམ་ཇི་སྙེད་ཅིག་ཀྱང་གྲུབ་ཟིན། འདི་ལ་ཡང“ཨ་བྲ་ཆུང་ཡང་གཟུགས་གཞི་ཚང”ཞེས་པའི་དཔེ་ལྟར། སྟོན་མཆོག་གཤེན་གྱིས་ཞལ་གསུངས་རྗེས་གནང་ལས་བོན་འཁོར་རྣམ་པ་གསུམ་གྱི་ཁྱད་བོན་གྱི་རྣམ་བཞག་ལེགས་པར་འཛོམས་ཡོད་པ་སྟེ།

  གཅིག འདིར་འཁོད་པའི་རྩོམ་ཡིག་ཡོད་ཚད་རྩོམ་པ་པོ་བགྲོ་གླེང་གི་སྟེགས་བུར་དངོས་སུ་ཕེབས་ཤིང་མཁས་མང་ལྷན་འཛོམ་གྱི་འདུ་རར་རིག་གཞུང་གི་གསུང་བཤད་ལྷོད་ཀྱིས་གྲོལ་བ་ཁོ་ན་ཡིན་སྟབས་འཆད་པ་བོན་གྱི་འཁོར་ལོའི་ཁྱད་བོན་ལྡན་ཡོད། གཉིས། སྐབས་འདིའི་རིག་གཞུང་བགྲོ་གླེང་ཐོག་ཕེབས་པའི་རྩོམ་པ་པོ་རྣམས་རབ་འབྱམས་དགེ་བཤེས་ཀྱི་མཚན་འཛིན་ཁོ་ན་ལགས་པས། སྐབས་བབས་རྩོམ་གྱི་རྒྱབ་ལྗོངས་ལ་ཚུལ་གསུམ་རིགས་པའི་དགག་སྒྲུབ་ཡངས་པོར་ཕྱེས་པ་གདོན་མི་ཟ་བས་རྩོད་པ་བོན་གྱི་འཁོར་ལོའི་ཁྱད་བོན་ལྡན་ཡོད། གསུམ། སྐབས་འདིར་རྩོམ་ཡིག་རྣམས་གྲུབ་མཐའི་ཞེན་པ་དང་འདོད་ཚུལ་ཉི་ཚེ་བའི་རྗེས་སུ་འབྲང་པ་མ་ཡིན་པར་གཟུར་གནས་ཀྱི་མིག་རྒྱང་རིང་དུ་བསྲིངས་ཏེ། ཞིབ་འཇུག་གི་ཐབས་ལམ་གཙོར་འདོན་ཐོག་བྲིས་པའི་རིག་གཞུང་གི་དཔྱད་རྩོམ་ཁོ་ན་ཡིན་པས་རྩོམ་པ་བོན་གྱི་འཁོར་ལོའི་ཁྱད་བོན་ལྡན་ཡོད། བླ་མེད་ཀྱི་དགེ་མཚན་དེ་དག་ངེད་བགྲོ་གླེང་གོ་སྒྲིག་ཚོ་ཆུང་ངམ་རྩོམ་སྒྲིག་པའི་ཤེས་འཇོན་ཁོ་ན་མ་ཡིན་པར་འདིར་ཕེབས་པའི་རིས་སུ་མ་མཆིས་པའི་མཁྱེན་ལྡན་དགེ་བའི་བཤེས་གཉེན་རྣམས་ཀྱིས་ཤེས་རབ་ཀྱི་རྩལ་ལས་གྲུབ་པར་སྨྲོས་ཅི་དགོས། དེར་བརྟེན་འཆད་དང་ཉན་དང་རྩོད་པའི་རིག་པ་སོགས་ནི་རང་རེའི་མཁས་པ་རྣམས་ཀྱིས་མགྲིན་གཅིག་ཏུ་རྩོམ་པའི་ཕྲིན་ལས་ཀྱི་སྔོན་འགྲོའི་ལས་རིམ་དུ་ཞལ་བཞེས་གནང་ཡོད་པ་མ་ཟད། ཡང་སྒོས་མཁས་པའི་བྱ་བ་རྣམ་གསུམ་དུ་གྲགས་པའི་འཆད་རྩོད་རྩོམ་གསུམ་གྱི་སྡེ་ནས་རྩོམ་པའི་ཕྲིན་ལས་ནི་ཀུན་གྱི་རྨད་དུ་བྱུང་བ་དེ་ཡིན་ཚུལ་ཚད་བདེན་གྱི་མཁས་པ་དག་གིས་བཀྲལ་བ་ནི་ལེགས་བཤད་རྨད་དུ་བྱུང་བ་ཞིག་ཡིན་པའི་ངེས་ཤེས་བདེན་པར་རྙེད་ཡོང་།

  དེར་བརྟེན། ཁྱུང་ཡུལ་དགེ་བཤེས་བགྲོ་གླེང་ཆེན་མོ་ནི། མདོ་སྔགས་སེམས་གསུམ་གྱི་དགོངས་དོན་ཟབ་མོ་ཐུགས་རྒྱུད་ལ་མངའ་བའི་དགེ་བའི་བཤེས་གཉེན་རྣམ་པར་རིག་པའི་བང་རྩལ་ངོམ་སའི་ཁོར་ཡུག་བསྐྲུན་ཆེད་དང་། སྤྱི་ཚོགས་དང་མི་རིགས་ཀྱི་རིག་གཞུང་ལ་ཞབས་ཞུ་ཅུང་ཟད་བསྒྲུབ་རྒྱུའི་བསམ་སྦྱོར་གཙང་མ་ནི་ལས་དོན་འདི་ཡི་དམིགས་འདུན་གཙོ་བོ་ཡང་ཡིན། དེབ་འདིར་འཁོད་པའི་ཆེད་རྩོམ་རྣམས་སྐབས་བབ་བགྲོ་གླེང་ཐོག་དངོས་སུ་ཞུགས་པའི་རྩོམ་ཡིག་ཁོ་ན་ཡིན་ལ། དེ་ཡང་བརྡ་འགྲོས་དང་ཚིག་སྦྱོར་འགའ་ཤས་ངེད་སྒྲིག་ཞུ་བ་ཚོས་གཅིག་གྱུར་ཡོང་ཐབས་གཙོ་བོར་འབད་པ་ལས་གཞན་རྩ་བའི་བརྗོད་དོན་ཐད་ལ་འཕྲི་སྣོན་གང་ཡང་ཞུས་མེད། འདིར་འཁོད་རྩོམ་ཡིག་གི་ལྟ་ཚུལ་གང་དག་ངེད་རྩོམ་སྒྲིག་པའི་ལྟ་བ་ཡིན་པའི་ངེས་པ་མེད་ལ། འདིར་རྩོམ་གྱི་གོ་རིམ་སྒྲིག་སྟངས་ནི་བགྲོ་གླེང་དངོས་ཀྱི་རྒྱན་ཤོག་གི་ཨང་རིམ་ལྟར་བཀོད་ཡོད། ང་ཚོས་ལྷག་བསམ་རྣམ་དག་གི་སྒོ་ནས་རྩོམ་སྒྲིག་གི་བྱ་བའི་ཐད་ནས་ཞབས་ཞུ་བསྒྲུབས་ཁུལ་ཡིན་ཡང་། མ་རྟོགས་པའི་དབང་གིས་ལྷག་ཆད་ནོར་འཁྲུལ་སོགས་མ་རྩོམ་བསླད་པའི་ཆ་མཆིས་ཚེ་ཀུན་ལ་བཟོད་གསོལ་ཞུ།

  མཇུག་མཐར་བགྱི་བ་འདི་ལ་ཐུགས་ཁུར་རྒྱབ་སྐྱོར་གནང་མཁན་འབྲེལ་ཡོད་མི་སྣ་ཡོངས་དང་། ཁྱད་པར་རིག་གཞུང་གི་དཔའ་གདེང་དང་ཤེས་རབ་ཀྱི་རྩལ་སྤྲུག་དང་བཅས་ཏེ་ཕེབས་པའི་ཁྱུང་ཡུལ་དགེ་བཤེས་བགྲོ་གླེང་ཆེན་མོའི་སྐུ་མགྲོན་རྩོམ་པ་པོ་རྣམས་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ། ཁྱེད་རྣམས་ཀྱི་ཞིབ་པར་འཇུག་པའི་དཔྱད་སྟོབས་ཀྱི་རྩོམ་ཡིག་རེ་རེ་དང་། ལྷོད་ཀྱིས་གྲོལ་བའི་རིག་གཞུང་གི་གླེང་མོལ་རེ་རེ་ནི་ང་ཚོའི་སེམས་ཁོངས་ནས་འཚེར་བའི་སྙིང་སྟོབས་ཀྱི་སྐུལ་མ་རེ་རེ་ཡིན་ཨང་།

  ཁྱུང་ཡུལ་དགེ་བཤེས་བགྲོ་གླེང་ཆེན་མོའི་ལས་སྒྲུབ་ཁང་དུ་ཞུ་ཚང་དགེ་བཤེས་སྐལ་བཟང་རྒྱལ་མཚན་གྱིས་བྲིས། སྤྱི་ལོ༢༠༢༤ལོའི་ཟླ་བ༤/༧ཉིན།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།