རྒྱལ་རོང་གནས་འགོ་སྟེང་གཡུང་དྲུང་རྫོགས་ཆེན་གླིང་གི་རྟེན་མཛོད་ཁང་དུ་ཉར་བའི་བོན་གྱི་དཔེ་རྙིང་དཀར་ཆག

[ཟླ་ཚེས། 2024-01-24 16:29:20][རྩོམ་པ་པོ། ཀ་ཤུལ་བསོད་རིན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]


༄༅། །རྒྱལ་རོང་གནས་འགོ་སྟེང་གཡུང་དྲུང་རྫོགས་ཆེན་གླིང་གི་རྟེན་མཛོད་ཁང་དུ་ཉར་ཚགས་བྱས་པའི་བོན་གྱི་དཔེ་རྙིང་དཀར་ཆག
སྔོན་གླེང་།

  གནས་འགོ་སྟེང་གཡུང་དྲུང་རྫོགས་ཆེན་གླིང་ནི་ལོ་ངོ་སྟོང་ལྷག་གི་ལོ་རྒྱུས་ཡོད་པའི་བོད་ཀྱི་སྒྲུབ་སྡེ་རྙིང་པ་ཞིག་ཡིན། བླ་རབས་དང་པོ་གྲུབ་ཆེན་ཀུན་དགའ་སེང་གེ་ནས་ད་ལྟའི་ཁྲི་འཛིན་རྒྱལ་རོང་བསྟན་པའི་རྒྱལ་མཚན་བར་དུ་བླ་རབས་སོ་དགུ་ཙམ་སོང་ཡོད་པའི་བྱུང་རབས་ཁ་ཚང་ཡོད་པའི་དགོན་པ་ཁྱད་པར་བ་ཞིག་ཡིན། ལྷག་པར་དུ་གནས་འགོ་སྟེང་ནི་གནའ་བོའི་དབུས་ལམ་གྲགས་ཆེན་ཞིག་སྟེ་རྒྱལ་རོང་ནས་དབུས་སུ་ཕྱིན་པའི་ལམ་ཐིག་གལ་ཆེན་ཞིག་ཡིན་པའི་རྐྱེན་ལ་བརྟེན། གནས་འགོ་སྟེང་ནི་དུས་རབས་མི་འདྲ་བའི་ནང་དུ་ཁམས་དང་དབུས་ཀྱི་རིག་གནས་ཀྱི་འབྲེལ་ཟམ་མམ་ས་ཚིགས་གལ་ཆེན་ཞིག་ཏུའང་གྱུར་པའི་ལོ་རྒྱུས་ཡོད།

  ལོ་རྒྱུས་ཀྱི་བྱུང་རབས་ཡུན་རིང་ལྡན་པའི་གནའ་བོའི་དགོན་རྙིང་འདི་ཡང་བོད་ཡུལ་གྱི་དགོན་སྡེ་བྱིངས་དང་འདྲ་བར་རིག་གནས་གསར་བརྗེ་ཡི་རླུང་འཚུབ་ཁྲོད་ནས་བསྟན་པ་ལ་ཉམས་རྒུད་ཆེས་ཆེར་ཕྱིན་ནའང་། རྒྱལ་རོང་བསྟན་པའི་རྒྱལ་མཚན་ལ་དགོན་འདིའི་ཡང་སྲིད་སོ་དགུ་པའི་མཚན་གནས་གནང་པ་ནས། མ་བསྐུལ་དང་ལེན་སྒོས་ཁོང་གིས་རྒྱལ་རོང་རིག་གནས་སྲུང་སྐྱོབས་དང་ཉར་ཚགས་ཀྱི་རང་འགན་གཙོ་བོ་ཁུར་ཏེ་མི་ལོ་སུམ་ཅུ་ལ་ཉེ་བའི་རིང་དུ་མཛད་འཕྲིན་ཕྱེད་ཀ་དེའི་ཕྱོགས་ཁོ་ན་ལ་བསྲིངས་ནས་བསྟན་པ་ལ་སྨན་པའི་མཛད་པ་བསྐྱངས། དེའི་ཕྱིར་ད་ལྟ་རྒྱལ་རོང་གནས་འགོ་སྟེང་གཡུང་དྲུང་རྫོགས་ཆེན་གླིང་གི་རིག་དངོས་རྟེན་མཛོད་ཁང་དུ་རྒྱལ་རོང་རིག་གནས་མཚོན་བྱེད་ཀྱི་རིག་དངོས་སྣ་ཚོགས་སྟོང་ཕྲག་ལྷག་ཉར་ཚགས་བྱས་ཡོད་ལ། དེའི་ནང་དུ་དཔེ་རྙིང་གི་གྲངས་འབོར་ཡང་བརྒྱ་ཆ་སུམ་ཅུ་ཙམ་བཟུང་ཡོད། འདིར་ཡོད་པའི་དཔེ་རྙིང་རྣམས་ནི་གྲངས་ཀ་ཙམ་མ་ཡིན་པ་དཔེ་རྙིང་འདི་དག་གིས་ལོ་རྒྱུས་རིག་པ་དང་། གནའ་དཔྱད་རིག་པ། མིའི་རིག་རིག་པ། དམངས་སྲོལ་རིག་པ། སྤྱི་ཚོགས་རིག་པ། ལྷ་རབས་རིག་པ། ཆོས་ལུགས་རིག་པ། ས་གནས་རིག་པ། མཚན་ཉིད་རིག་པ་སོགས་ལ་བྱས་རྗེས་བླ་མེད་འཇོག་ཐུབ་པའི་དཔེ་རྙིང་རྩ་ཆེ་བ། ནང་དོན་ཕུན་སུམ་ཚོགས་པ། སྤྱོད་སྒོ་བླ་ན་མ་མཆིས་པའི་སྟེང་ནས་རིག་གནས་ཀྱི་སྡེ་ཚན་མང་པོ་དབྱེ་ཆོག་པ་ཞིག་རེད། ལྷག་པར་དུ་འབུམ་སྡེ་ཉི་མ་དགུ་ཤར་གཙོས་པའི་བོན་གྱི་ཐེག་པ་ཆེན་པོའི་སྡེ་རུ་གཏོགས་པའི་དཔེ་རྙིང་མང་པོ་ཞིག་ཀི་གུ་ཕྱིན་ལོག་དང་བརྡ་རྙིང་གིས་བཀོད་པ་ཤིན་ཏུ་མང་ལ། མཆོག་ལྷ་སྣ་ཚོགས་ལའང་འདི་ནས་ཡར་བརྩིས་པའི་ལོ་ངོ་སྟོང་གི་གཡས་གཡོན་གྱི་རི་མོའི་ཁྱད་ཆོས་མངོན་གསལ་དོད་པོ་ལྡན་པ་སོགས་དེས། དཔེ་རྙིང་འདི་དག་གིས་ཕྱིས་ཀྱི་ཆོས་འབྱུང་ཁག་ཏུ་བོན་ལ་འགྲེལ་ལོག་བརྒྱབ་པའི་ལོ་རྒྱུས་མང་པོ་ཞིག་གི་རྫུན་ཕུགས་གཏོར་ཡོད།

  <<རྨ་བྱ་དུག་འཇོམ་གྱི་ལོ་རྒྱུས>>དང<<རྩང་གི་ཞམ་ཆེམ་ལོ་རྒྱུས>><<གཡེན་ཁམས་ལོ་རྒྱུས་བྱུང་རབས>><<གཡེན་ཁམས་འབྱུང་ཁུངས་ལོ་རྒྱུས>>སོགས་ནི་སྣོད་བཅུད་སྒོ་ང་ལས་གྲོལ་བའི་བྱུང་རབས་དང་དམངས་སྲོལ་རིག་པ་མང་པོ་ཞིག་གི་ཐོག་མའི་འབྱུང་ཁུངས་འཚོལ་ཞིབ་བྱ་བའི་རྒྱུ་ཆ་ཡོད་ན་མེད་ན་རུ་གྱུར་ཡོད། ལྷག་པར་དུ་ཉེ་བའི་ལོ་འདི་དག་རིང་དཔེ་སྐྲུན་ཁང་སོ་སོ་དང་སྒེར་སོ་སོ་ནས་བོད་རིག་པ་ལ་སྨན་པའི་དཔེ་ཆ་སྣ་ཚོགས་པར་སྐྲུན་བྱས་ཏེ་འཛམ་གླིང་གང་སར་བཀྲམ་ཡོད་ནའང་། གོང་དུ་བརྗོད་པའི་ལོ་རྒྱུས་ཀྱི་དཔེ་གཞུང་འདི་དག་གཙོ་ཡིན་པའི་རྒྱལ་རོང་གི་དཔེ་རྙིང་རིན་ཐང་ལྡན་པ་མང་པོ་ཞིག་གུད་དུ་ལྷག་པ་ནི་བོད་རིག་པ་བ་རྣམས་དང་བོད་ཀྱི་ཤེས་རིག་བསྔོགས་ཏེ་བཀྲམ་པ་བ་རྣམས་ལ་མཚོན་ན་ཆེས་ཆེ་བའི་སྟོང་བསྐལ་ཆེན་པོ་ཞིག་ཏུ་ཆགས་ཡོད་པར་འདོད།

  དེ་མིན་ཡིད་དམ་གསས་མཁར་མཆོག་ལྔའི་སྒྲུབ་གཞུང་རྣམས་གཙོ་ཡིན་པའི་ཡིད་དམ་ཞི་ཁྲོའི་རིགས་ཀྱི་དཔེ་རྙིང་རེ་འགའ་ལ་ཡིག་ཚུགས་དང་ཤོག་ཚུགས་སོགས་ལ་ཀན་ལྷོ་མདའ་ཚང་ཡུལ་ནས་གསར་རྙེད་བྱུང་བའི་གནའ་དཔེ་དག་གི་ཁྱད་ཆོས་ཡོད་ལ། དེ་དག་ཏུ་བཀོད་པའི་མཆོག་ལྷའི་རིགས་གྲངས་ཀྱང་ཤིན་ཏུ་མང་བར་མ་ཟད། མཆོག་ལྷ་སྣ་ཚོགས་ལས་ང་ཚོས་ད་ལྟ་ཇི་ལྟར་བཞེངས་དགོས་མིན་ཧ་མི་གོ་བའི་བོན་གྱི་གལ་འགངས་ཆེ་བའི་བླ་མ་མང་པོ་ཞིག་གི་བཀོད་པ་གསལ་མཐོང་བྱས་པ་དེ་ནི། བོན་གྱི་ཐང་ག་དང་རི་མོའི་རིག་གནས་མྱུར་སྐྱོབས་དང་འཕེལ་རྒྱས་གཏོང་བ་ལ་མེད་དུ་མི་རུང་བའི་རྒྱུ་ཆ་རུ་གྱུར་ཡོད་པའང་བརྗོད་མི་དགོས་པ་ཞིག་རེད།

  ལྷག་པར་དུ <<བྱང་མཛོད>>གཙོ་ཡིན་པའི་སྲིད་པའི་བོན་གྱི་དཔེ་ཆ་དང་། དཔེ་ཆ་མགོ་ཚེམས་མ། དེ་འབྲེལ་གྱི་རི་མོ་སྣ་ཚོགས་ཕུན་སུམ་ཚོགས་ཤིང་ནང་དོན་རྒྱ་ཆེ་བ་ཆོས་ལུགས་ཀྱི་ཆོ་ག་གང་ལའང་སྤྱོད་སྒོ་ཆེ་བའི་དཔེ་རྙིང་ཕོན་ཆེ་བ་དེ་རིགས་ཀྱིས་བོད་རིག་པ་སྤྱི་དང་རྒྱལ་རོང་ཤེས་རིག་དང་རྒྱལ་རོང་ལོ་རྒྱུས་ཞིབ་འཇུག་བྱ་བ་ལ་དགེ་མཚན་སྣ་ཚོགས་ཐོན་དང་འདོན་བཞིན་ཡོད། སེང་གེ་འབུམ་གྱིས“བོད་རིག་པར་ཞིབ་འཇུག་བྱས་ན། རྒྱལ་རོང་ས་ཆ་སྣང་མེད་དུ་གཏན་ནས་འཇོག་མི་རུང”ཞེས་བརྗོད་པ་ལྟར། གནས་འགོ་སྟེང་ཁོ་ནར་ཡོད་པའི་རྒྱལ་རོང་ཤེས་རིག་གི་ངོ་མཚོན་དུ་གྱུར་པའི་རིག་དངོས་སྣ་ཚོགས་ཀྱིས་ཡུལ་རྒྱལ་མོ་ཚ་བ་རོང་ནི་བོད་རིག་པའི་བསྟན་པ་རྒྱས་པ་ལ་ཕན་ཐོགས་རྒྱ་ཆེ་ཡོད་པའི་ས་གནས་ཁྱད་པར་བ་ཞིག་ཡིན་པ་མོལ་ཐུབ།

  རྒྱལ་རོང་གི་ས་ཆ་མང་པོ་ཞིག་སྤྱི་ཚོགས་གསར་བ་དང་དུས་རབས་གསར་བས་བརླག་ནོར་མ་ཐེབས་པས་ད་དུང་གདོད་མའི་གནས་སྟངས་ཇི་ལྟ་བུའི་རང་བཞིན་དུ་ལྷག་ཡོད། དེས་ན་དེ་རུ་གནའ་བོའི་ཞང་ཞུང་ཤེས་རིག་གི་བསྟན་པ་དང་རྗེས་ཤུལ་སྣ་ཚོགས་པ་སྒུལ་བཅོམ་དུ་མ་སོང་བའི་ངང་དུ་མཆིས་པའི་གོ་སྐབས་དང་བསྟུན། རྒྱལ་རོང་བསྟན་པའི་རྒྱལ་མཚན་གཙོས་མི་སྣ་ཁྱད་པར་རེ་འགའ་ཞིག་གིས་རིག་དངོས་སྲུང་སྐྱོབས་དང་ཉར་ཚགས་སོགས་དམིགས་སུ་བཟུང་སྟེ་རང་སྒེར་ནས་སྒོར་ཁྲི་སྟོང་མང་པོས་འགྲོ་སོང་བཏང་སྟེ། ཤར་རྒྱལ་རོང་ཤེས་རིག་དང་ལོ་རྒྱུས་ཀྱི་ངོ་མཚོན་དུ་གྱུར་པ་དག་ཕྱི་ལོག་ལ་འཁྱམ་དུ་མ་བཅུག་པར་ཡུལ་རྒྱལ་མོ་རོང་དུ་སྔར་བཞིན་གནས་ཐུབ་པའི་ཕྱོགས་སུ་མཛད་རྗེས་བསྐྲུན་པ་ནི་ཆེས་བླ་ན་མེད་ཅིང་གཟེངས་སུ་བསྟོད་པའི་ཕྱག་རྗེས་ཤིག་རེད་ཅེས་བདག་གིས་ཡང་ཡང་རྗོད་བཞིན་ཡོད།

  ལྷག་པར་དུ་བོན་བསྟན་ཕྱི་དར་གྱི་ལོ་རྒྱུས་ཁྲོད་དུ་གོ་གནས་ཆེ་བའི་མི་སྣ་རྒྱལ་བ་མཉམ་མེད་ཆེན་པོ་དང་རོང་སྟོན་ཤེས་བྱ་ཀུན་རིག་སོགས་ཀྱི་གསུང་རབ་རྩ་ཆེ་བ་རེ་འགའ་ཞིག་དཔེ་རྙིང་འདི་དག་ལས་གསར་རྙེད་བྱུང་བ་ཁོ་ནའི་སྟེང་ནས་བརྗོད་ནའང་། གནས་འགོ་སྟེང་གིས་བོན་བསྟན་ཤེས་རིག་འཕེལ་རྒྱས་ལ་བཞག་པའི་མཛད་རྗེས་ནི་གླེང་རིན་ཡོད་པ་ཞིག་རེད། དེའི་ཕྱིར་ཐེངས་འདིར་རྒྱལ་རོང་བསྟན་པའི་རྒྱལ་མཚན་གྱིས་གོ་སྒྲིག་འོག་ང་ཚོས་རྒྱལ་རོང་གནས་འགོ་སྟེང་གཡུང་དྲུང་རྫོགས་ཆེན་གླིང་གི་དཔེ་རྙིང་རྣམས་དཀར་ཆག་ཏུ་འདེབས་པའི་ལས་ཀ་ཞིག་གཉེར་བ་ཡིན། ལས་ཀའི་ཁྲོད་ནས་དཔེ་ཆ་ལ་ལ་ཞིག་རྙིང་ཧྲུལ་དུ་སོང་བ་མང་དྲགས་པས་ཡིག་ངོ་མི་ཆོད་པ་དང་། ལ་ལ་ཞིག་བརྡ་རྙིང་དང་བསྐུངས་ཡིག་བྱས་པ་མང་དྲགས་པས་ཇི་ལྟར་ཀློག་དགོས་མིན་ཧ་མི་བ་སོགས་ཀྱིས་དབང་གིས་དཀའ་ལས་སྣ་ཚོགས་བཟོས་ཤིང་། ལྷག་དོན་གཞུང་མཚན་ཁོ་ནའི་ནང་དུ་བོད་ཀྱི་བརྡ་སྤྲོད་པའི་ལུགས་དང་མི་མཐུན་པའི་ཐ་སྙད་ཅི་རིགས་ཤིག་བྱུང་བ་འདི་དག་གིས་བྲི་ནོར་ཤོར་སྲིད་པའི་དོགས་གནད་མང་པོ་ཞིག་གིས་དཀར་ཆག་ཏུ་འདེབས་པ་ལ་བར་ཆོད་སྣ་ཚོགས་བྱས་ནའང་། མཐར་ང་ཚོས་དཔེ་རྙིང་དང་དཔྱད་ཡིག་ལ་བརྩི་བཀུར་ཞུ་ཕྱིར་མ་ཡིག་ཇི་ལྟ་བ་བཞིན་དཀར་ཆག་ཏུ་འགོད་ཅི་ཐུབ་བྱས་པ་ཡིན། ལས་ཀའི་དུས་ཚོད་ཐུང་དྲགས་པས་དཔེ་ཆ་མཛད་པ་པོ་དང་གཏེར་ནས་བཏོན་པ་པོ་མང་དག་ཅིག་དཔེ་ཆ་གཞན་དང་བསྡུར་ཏེ་བཙལ་བའི་གོ་སྐབས་མ་ལྡན་ཡང་། མཛད་པ་པོ་དང་གཏེར་སྟོན་པ་རྣམས་དཔེ་རྙིང་སོ་སོའི་མཇུག་ཏུ་གསལ་བ་དང་མཇུག་བྱང་རིན་ཐང་ཅན་རྣམས་ཇི་བཞིན་དུ་དཀར་ཆག་ཏུ་འདེབས་ཅི་ཐུབ་བྱས་ཡོད། ཡིན་ཏེ་སྔ་མར་བདག་གིས་ལོ་མང་རིང་འཚོལ་ཞིབ་བྱས་ཀྱང་མ་རྙེད་པའི་དཔེ་རྙིང་རེ་འགའི་མཛད་བྱང་དང་མཛད་པ་པོ་རེ་འགའ་གནས་འགོ་སྟེང་ནས་ད་གཟོད་རྙེད་པར་བྱུང་བས། ང་ཚོས་དཔེ་རྙིང་རྣམས་དཀར་ཆག་ཏུ་འདེབས་དུས་མཛད་བྱང་རྣམས་ལ་དམིགས་བསལ་དུ་དོ་སྣང་བྱས་ཡོད། དེ་ལས་གཞན་དཔེ་རྙིང་མང་པོ་ཞིག་གི་མཚན་དང་བར་བཅུག་སྣ་ཚོགས་པ་ཞིག་གནའ་བོའི་ཡི་གེ་སྟེ་ཞང་ཞུང་སྨར་ཡིག་གིས་བྲིས་པ་ཤིན་ཏུ་མང་བས་ང་ཚོས་སྨར་ཡིག་ཇི་བཞིན་གློག་ཀླད་དུ་འདེབས་པའི་ཐབས་མ་རྙེད། འདིར་དེའི་སྐོར་གསལ་བྱེད་བྱ་དོན་ནི་ཞང་ཞུང་ཡི་གེ་ལ་ཞིབ་འཇུག་བྱ་འདོད་པའི་སྐྱེས་བུ་དག་ལ་བརྡ་ཙམ་བསྟན་པ་ཡིན། མཐར་དཀར་ཆག་འདི་ནི་ཚོད་ལྟའི་ཚུལ་དུ་ང་ཚོས་པར་སྐྲུན་བྱས་པ་ཡིན་པས་འདིའི་ནང་དུ་བྲི་ནོར་ཤོར་བ་དང་བཀླག་ནོར་ཤོར་བ་རྣམས་རྗེས་སུ་དག་སྒྲིག་བྱ་རྒྱུ་ཡིན་པས་ཐུགས་ལ་འཇགས་རོགས་ཞུ།

  ཞེས་ཀ་ཤུལ་བསོད་རིན་གྱིས་རྒྱལ་རོང་གནས་འགོ་སྟེང་གཡུང་དྲུང་རྫོགས་ཆེན་གླིང་དུ་སྤྱི་ལོ༢༠༢༤ལོའི་ཟླ༡པོའི་ཚེས༡༠ཉིན་བྲིས་པ་དགེའོ།།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།