༢༠༢༣ལོའི་སྲིད་པའི་གཏོ་སྒྲོམ་འགྲེམ་སྤེལ་གནང་བ།༼ལོ་དེབ།༽

[ཟླ་ཚེས། 2023-06-27 18:22:49][རྩོམ་པ་པོ། རྩོམ་སྒྲིག་པ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]


སྔོན་འགྲོའི་གཏམ་གླེང་།
   དེ་ཡང་། སྔོན་རྫོགས་ལྡན་དང་པོ་ནས་རིམ་པས་སྟོན་པ་ཇི་སྙེད་ཀྱི་རིང་དུ་གདུལ་བྱ་དྲངས་པའི་ཐབས་སུ་ཡི་གེའི་བརྗོད་པ་ཅི་མང་བྱུང་བས། དེ་བཞིན་འགྲོ་བ་ཕལ་མོ་ཆེ་ཞིག་གནས་སྐབས་དང་མཐར་ཐུག་གི་བླང་དོར་ལ་མ་རྨོངས་པར་གྱུར་སྟེ་འདི་ཕྱི་ཀུན་ཏུ་དགེ་བའི་ལོ་རྒྱུས་རྣམ་ཐར་སོགས་ཤིན་ཏུ་མང་། དེ་འོག་ཚེ་ལོ་བརྒྱ་ཡི་དུས་སུ་རྣམ་འདྲེན་བརྒྱད་པ་རྒྱལ་བ་གཤེན་རབ་མི་བོ་ཆེ་མཆོག་གིས་གཏོ་ཡི་བཀའ་སྒྲོམ་ལས་དྲངས་ཏེ་འཕྲུལ་གྱི་ཡིག་འབྲུ་བཞི་བཅུ་དང་། བློ་ཚད་རབ་འབྲིང་དགུ་ལ་ལྟོས་ཏེ་ཐེག་པ་རིམ་པ་དགུའི་གཞུང་། ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་གི་གཉེན་པོའི་ཕྱིར་དུ་བོན་གྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་ངམ། མཐར་ཐུག་འབྲས་བུ་སངས་རྒྱས་འགྲུབ་ཆེད་དུ་སྤང་སྒྱུར་གྲོལ་གསུམ་སྟོན་པའི་མདོ་སྔགས་རྫོགས་གསུམ་གྱི་གཞུང་ལུགས་དང་། གནས་སྐབས་དང་ཚེ་འདིའི་དོན་ཆེད་དུ་འབྱུང་འགྱུར་གྱི་ལེགས་ཉེས་སྟོན་པའི་མོ་པྲའི་གཞུང་དང་། སྐར་ནག་གི་རྩིས་གཞུང་། ནད་གདོན་གྱི་འཇིགས་པ་སེལ་བའི་གསོ་རིགས་ཀྱི་གཞུང་ལུགས་དང་། གཏོ་ཡི་ཆོ་ག  ད་དུང་ཡུལ་མཆོག་དམ་པ་རྣམས་དང་འཇིག་རྟེན་ལྷ་སྲུང་ལ་བསྟོད་བསྐུལ་སྔགས་བརྗོད་རིགས་སོགས་གང་ལ་གང་དགོས་ཀྱི་རིག་གཞུང་སྣ་མང་བསྩལ་སྟེ་སེམས་ཅན་མ་སྨིན་པ་རྣམས་སྨིན་པ་དང་སྨིན་པ་རྣམས་གྲོལ་བའི་ལམ་དུ་བཀོད། དེ་རྟེན་དུ་སྔོན་བྱོན་རིག་འཛིན་དམ་པ་རྣམས་ཀྱིས་ཀྱང་སྡུག་བསྔལ་གྱི་རྟེན་འབྲེལ་དུ་ཤེས་པ་ལ། བླང་དོར་གྱི་གནས་ལ་མཁས་པར་དགོས་པ་དང་། དེའི་བླང་དོར་གྱི་རྣམ་འཇོག་ནི་རིག་གཞུང་ཁོ་ནའི་བྱེད་རྩོལ་ཡིན་པ་གཟིགས་ཤིང་། ད་ལྟའི་བར་དུ་རྒྱལ་བའི་བཀའ་དེ་དག་ལ་རྟེན་པའི་བཀའ་བརྟེན་གྱི་རྣམ་བཞག་མཐའ་ཡས་པ་བཀྲལ་ནས།  སྤྱི་ཚོགས་དང་སེར་མོའི་འདི་ཕྱིའི་རྩ་བ་བཅུ་ཕྲག་རིག་གནས་ལ་ཐུག་པ་སྔོག་འདོན་ནན་པོར་གནང་ཡོད་པའོ།།
   དེ་ལྟར་འདི་ནས་དེ་དག་ཉམས་པ་སླར་གསོ་དང་མ་ཉམས་གོང་འཕེལ་ལམ། ཡང་ན་བསྟན་དང་འགྲོ་བ་ཡོངས་ལ་སྲི་ཞུའི་རྣམ་གྲངས་ཤིག་ཏུ་དམིགས་ཏེ། ངེད་གཡུང་དྲུང་བོན་ནང་བསྟན་ལྔ་རིག་སློབ་གླིང་ནས་སངས་པོ་འབུམ་ཁྲིའི་ཐུགས་ཀྱི་ཡང་ཉིང་དང་ཡི་གེའི་བརྗོད་པ་ཀུན་ཀྱི་རྩ་བའི་ཕྱི་མོ་རུ་སོན་པའི་གཏོ་ཡི་བཀའ་སྒྲོམ་གྱི་དོད་དུ(སྲིད་པའི་གཏོ་སྒྲོམ )ཞེས་པའི་དུས་དེབ་ཅིག་ལོ་རེ་བཞིན་ཀློག་པ་པོ་རྣམས་ཀྱི་སྤྱན་ལམ་དུ་གཟི་བརྗིད་ཀྱི་འོད་ཟེར་འཕྲོས་ཤིང་། སྙན་འཇེབས་ཀྱི་རྣ་ལམ་གསོ་བའི་མི་རབས་འདིའི་སྙིང་ནོར་ཞིག་ཏུ་འབུལ་གྱིན་ཡོད།
   དེ་རུ་དེབ་འདིའི་བརྗོད་དོན་ནི། སྔོན་མའི་དེབ་འཕྲེང་རྣམས་ལྟར་སྤྱིར་མདོ་དབུས་མཐོ་སྒང་གི་དོན་ཐོག་གི་རྩོམ་པ་པོ་རྣམས་དང་། སྒོས་སུ་རྫ་རྒྱུད་ཀྱི་བསྟན་པའི་བྱེ་བྲག་རྫ་ཁྲོ་ཚང་དགོན་གཡུང་དྲུང་བོན་ནང་བསྟན་ལྔ་རིག་སློབ་གླིང་གི་དགེ་སློབ་རྣམ་པས་ཡབ་མེས་ཀྱི་དམ་པ་དག་གི་རྣམ་ཐར་དང་། དཀའ་གནད་ཀྱི་གཞུང་ལུགས་ཁག་ལ་དཔྱད་བརྗོད། མི་གཞི་དང་ཀུན་སྤྱོད་ལ་ཕན་པའི་གདམས་ངག་གམ་ལེགས་བཤད། བཀུར་འོས་ཀྱི་སྐྱེས་བུ་རྣམ་ལ་མཆོད་ཚིག་སྟེ་སྲོལ་རྒྱུན་སྙན་ངག དེང་རབས་པའི་ཚོར་བའི་ཕྱི་ནང་དང་འབྲེལ་བའི་རང་མོས་དང་བཅད་གསར་སྙན་ངག ད་དུང་གལ་པོའི་དོན་ལ་བཏབ་པའི་ཟིན་བྲིས། ཉམས་མྱོང་གི་ཚོར་བ་གླེང་བའི་ལྷུག་རྩོམ་རིགས་སོགས་བཀོད་པའོ།།
དམིགས་བསལ་ཞུ་བ་ཞིག་ནི། ཕྱོགས་སོ་སོ་ནས་རྩོམ་པ་པོ་རྣམས་ཀྱིས་ལོ་དེབ་འདིའི་ནང་དུ་རྩོམ་རིགས་ཤིན་ཏུ་མང་བ་བསྐུར་གནང་བྱུང་ནའང་། དེབ་འདིའི་ནང་དུ་གོང་གི་དགེ་རྒན་རྣམ་པས་རྩོམ་རིགས་ཀུན་ཀྱི་ལུས་སྲོག་རྒྱན་གསུམ་སོགས་ལ་ཞིབ་གཟིགས་ནན་དུ་གནང་ནས་འདེམ་བཀོད་དགོས་པ་ལས་ཇི་སྙེད་བཀོད་དུ་མི་བཏུབས་པ་ལྟར། ད་ལན་ཡང་ཁྱེད་རྩོམ་པ་པོ་ཅི་མང་ཞིག་གི་རྩོམ་རིགས་འདི་རུ་བཀོད་དུ་མ་ཐུབ་པས་ཀུན་ལ་བཟོད་གསོལ་ཡང་དུ་ཞུས་པ་བཅས་སོ། །
༢༠༢༣/ལོའི་སྲིད་པའི་གཏོ་སྒྲོམ་རྩོམ་སྒྲིག་ཁང་ནས།

དཀར་ཆག །

བར་བཅུག་པར་རིས།

ལེ་ཚན་གྱི་པར་རིས།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།