«གསང་སྔགས་སྤྱི་སྤུངས་བསྙེན་སྒྲུབ་ལས་གསུམ་གྱི་བཀའ་འགྲེལ་མུ་ཏིག་ཕྲ་རྒྱན»ཞེས་པ་འགྲེམ་སྤེལ་བྱས་པ།

[ཟླ་ཚེས། 2020-02-16 15:24:37][རྩོམ་པ་པོ། ཨ་ཀྲོང་རིན་ཆེན་རྒྱལ་མཚན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

«གསང་སྔགས་སྤྱི་སྤུངས་བསྙེན་སྒྲུབ་ལས་གསུམ་གྱི་བཀའ་འགྲེལ་མུ་ཏིག་ཕྲ་རྒྱན»ཞེས་པ་འགྲེམ་སྤེལ་བྱས་པ།

  ཞང་བོད་མཐོ་སྒང་གི་ཐུན་མོང་མ་ཡིན་པའི་ཤེས་རབ་ཀྱི་འབྱུང་ཁུངས་གཡུང་དྲུང་གི་བོན་རིན་པོ་ཆེ་ནི་ལྷོ་ཕྱོགས་འཛམ་བུའི་གླིང་འདིར་ཆེས་དར་སྔ་བའི་རིག་གནས་ཤིག་ཡིན་པ་དང་། དེ་ལ་བགྲང་བྱ་སྟོང་ཕྲག་མང་པོའི་ལོ་རྒྱུས་ལྡན་པར་མ་ཟད། འཛམ་གླིང་ཤར་ནུབ་གཉིས་ཀའི་སྤྱི་ཚོགས་ཁྲོད་དུ་བོད་ཀྱི་ཆོས་དང་རིག་གནས་ཐད་ཞིབ་འཇུག་པ་གཟུར་གནས་མཁས་པའི་དབང་པོ་ཚད་ལྡན་དག་གིས་ཆེས་གལ་འགང་ཆེ་བའི་རིག་གནས་ཀྱི་གཏེར་མཛོད་ཆེན་པོ་ཞིག་ཏུ་ངོས་འཛིན་གནང་དང་གནང་མུས་སུ་མཆིས། དེ་བཞིན་བོན་གྱི་ཤེས་རིག་ནི་རྒྱ་མཚོ་ཆེན་པོ་ཞིག་གི་ཁ་གཏིང་དང་འདྲ་བས་རྒྱ་ཁྱོན་གཞལ་དཀའ་བ་སྟེ། དེ་ལ་ཐུན་མོང་མ་ཡིན་པའི་མདོ་སྔགས་རྫོགས་གསུམ་དང་ཐུན་མོང་བོད་ཀྱི་རིག་གནས་ཆེ་ཆུང་དང་བཅས་ཤེས་རིག་ཕུན་སུམ་ཚོགས་པའི་ངོ་བོ་ཞིག་ཏུ་གྲུབ།

  དེ་ལྟར་བོད་ཀྱི་ནང་དོན་རིག་པའི་ཡ་གྱལ་གསང་བ་སྔགས་ཀྱི་སྐོར་ལ་མཚོན་ན་འཆི་མེད་ཡུམ་སྲས་གཤེན་གསུམ་གྱིས་སྟེང་ལྷ་ཡུལ་དུ་སྤྱི་སྤུངས་སོགས་གསང་བ་སྔགས་ཀྱི་བོན་སྡེ་དང་། རྣམ་མཁྱེན་སངས་རྒྱས་སྟོན་པ་གཤེན་རབ་མི་བོས་རྟག་གཟིགས་དང་ཞང་ཞུང་ཡུལ་དུ་གསང་སྔགས་ཀྱི་བོན་སྡེ་མང་པོ་གསུངས་པ་དང་དར་རྒྱས་ཕུན་སུམ་ཚོགས་པར་མཛད། ཕྱིས་སུ་བོད་རྗེ་ཐོག་མ་གཉའ་ཁྲི་བཙན་པོ་མཆོག་གིས་གསང་བདག་གྲུབ་པའི་དབང་ཕྱུག་ཆེན་པོ་གཤེན་ནམ་མཁའ་སྣང་བ་མདོག་ཅན་མཆོག་དབུ་ཡི་མཆོད་གནས་སུ་བཀུར་ནས་གསང་སྔགས་ཀྱི་བསྟན་པ་རྒྱ་ཆེར་སྤེལ། དེ་བཞིན་བོད་རྗེ་ཐོག་མའི་སྲས་མུ་ཁྲི་བཙན་པོ་མཆོག་ནས་ཞང་ཞུང་གི་མཁས་པ་བརྒྱ་རྩ་བརྒྱད་བོད་ཡུལ་དུ་གདན་དྲངས་ཤིང་གསང་སྔགས་ཀྱི་བསྟན་པ་རིན་པོ་ཆེ་ཕུན་སུམ་ཇེ་ཚོགས་དང་། འཐུས་སྒོ་ཇེ་ཚང་དུ་བཏང་བར་མ་ཟད་སྒོམ་ཆེན་པ་རྣམས་ཀྱིས་ཟབ་དཀར་གསང་བ་སྔགས་ཀྱི་དོན་སྒོམ་ཞིང་། སྒྲུབ་པ་པོ་རྣམས་ཀྱིས་བསྙེན་སྒྲུབ་ལས་གསུམ་གྱི་སྒོ་ནས་གསང་སྔགས་ཟབ་མོའི་དོན་སྒྲུབ་པ་སྟེ་མཐར་གྲུབ་པ་ཐོབ་པའི་སྐྱེས་ཆེན་རྒྱ་མཚོ་ཆེན་པོ་ཧུབ་ཀྱིས་འཐུང་ཞིང་ཆུ་བོ་ཆེན་པོ་གྱེན་དུ་སྒྱུར་ནུས་པའི་གྲུབ་ཐོབ་རིག་པ་འཛིན་པའི་སྐྱེས་བུ་མང་དུ་བྱུང་བས་བོན་སྲིད་གཉིས་ལྡན་གྱི་རྒྱལ་པོ་ཡང་ཐུགས་དགྱེས་ནས་གཤེན་པོ་རྣམས་ལ”སྐུ་གསུང་ཐུགས་གསུམ་གྱི་གཙིགས”བྱིན་པ་སོགས་ཚད་མཐོའི་གདེངས་འཇོག་བླ་ན་མེད་པ་གནང་བ་གནའ་རབས་བོན་གྱི་ལོ་རྒྱུས་ཡིག་ཚང་ལས་གསལ་བ་ལྟར་ཡིན།དེས་ན་བོན་སྡེ་འདི་དག་ལོ་ཡི་ཁྱུད་མོ་སྟོང་ཕྲག་མང་པོའི་གོང་ནས་དར་བའི་སྒང་བ་བོད་པ་ཚང་གི་ཕ་ནོར་རྩ་ཆེན་དེ་ཡིན་ནོ། །

  སྤྱིར་བོན་གྱི་ཤེས་རིག་ལོ་རྒྱུས་ལ་འཕེལ་འགྲིབ་ཐེངས་མང་བྱུང་བ་དང་། འདས་པའི་བགྲང་བྱ་དྲུག་ཅུའི་སྔོན་དུ་བསྟན་པ་རིན་པོ་ཆེ་ས་སྟེང་འདིར་གནས་དང་མི་གནས་ཀྱི་ས་མཚམས་ཤིག་ཀྱང་བྱུང་ཡོད་མོད། གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་ས་སྟེང་འདིར་ཡུན་གནས་རྒྱུན་མཐུད་ཀྱིས་བཞུགས་པར་དཀའ་བ་སྲོག་ལ་ཐུག་ནའང་མ་འཛེམས་མ་གཡོལ་བའི་རྒྱལ་བསྟན་འཛིན་པའི་སྐྱེས་བུ་དམ་པ་སྤྱི་དང་། ཁྱད་པར་དུ་ཁོག་པའི་སྙིང་དང་དཔྲལ་བའི་མིག་ལྟ་བུ་༧དཔོན་གསས་བླ་མ་དམ་པ་སྐུ་བདེ་བར་གཤེགས་པ་ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་ལུང་རྟོགས་བསྟན་པའི་ཉི་མ་དཔལ་བཟང་པོ་མཆོག་དང་། ས་སྟེང་མཁས་གྲུབ་བྱེ་བའི་གཙུག་ནོར་གསང་གསུམ་བོན་གྱི་མཛོད་འཛིན་༧སྐྱབས་རྗེ་སྨྲ་དབང་ཡོངས་འཛིན་བསྟན་འཛིན་རྣམ་དག་རིན་པོ་ཆེ་རྣམ་གཉིས་ཀྱིས་ཐུགས་བསྐྱེད་དགོངས་པ་ཟབ་མོ་གཅིག་ཏུ་བསྒྲིལ་ཏེ་གཡུང་དྲུང་བོན་གྱི་བཤད་སྒྲུབ་ཀྱི་བསྟན་པ་རིན་པོ་ཆེར་ཆེས་བླ་ན་མེད་པའི་མཛད་རྗེས་བཀའ་དྲིན་བསམ་གྱིས་མི་ཁྱབ་པ་བསྐྱངས་གནང་མཛད་པ་དང་། ཡང་ཁྱད་དུ་གཡུང་དྲུང་བོན་གྱི་མདོ་སྔགས་སེམས་གསུམ་གཙོས་བོད་ཀྱི་ཐུན་མོང་རིག་གནས་དང་བཅས་པ་སྦྱོང་སའི་ཁོར་ཡུག་གི་འདུས་སྡེ་ཆེན་པོ་བསྐྲུན་ཞིང་། ད་ལྟའི་བར་དུ་དགེ་བའི་བཤེས་གཉེན་མཚན་གྲངས་བརྒྱ་ཕྲག་གཉིས་ལྷག་ཟིན་པས་ལྷོ་འཛམ་བུའི་གླིང་གི་ཤར་ནུབ་ཡུལ་གྲུ་ཀུན་ཏུ་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་གནང་དང་གནང་མུས་སུ་བཞུགས།

  དེ་བཞིན་དགེ་བའི་བཤེས་གཉེན་མང་པོ་ཞིག་གིས་ལོ་མང་རིང་ཐོས་བསམ་གཡུར་དུ་ཟ་བ་གནང་བའི་གྲུབ་འབྲས་སམ་འབྲས་རྟགས་སུ་བོད་བཙན་པོའི་རྒྱལ་རབས་ལོ་རྒྱུས་དང་། ཞང་བོད་ཀྱི་བརྡ་དང་སྙན་ངག དཀྱིལ་འཁོར་དང་མཆོད་རྟེན་ཐིག་རྩ་སོགས་དཔེ་རིས་དང་། ཁྱད་པར་དུ་བོན་གྱི་ཐུན་མོང་མ་ཡིན་པའི་ཟབ་མོའི་གཞུང་དོན་ཁག་ལ་གསེད་བཀྲོལ་གྱིས་གཞུང་འགྲེལ་སོགས་བརྩམས་ཏེ་ཕྱག་དེབ་གང་མང་ཞིག་དཔར་བསྐྲུན་འགྲེམས་སྤེལ་བྱས་དང་བྱེད་བཞིན་མཆིས། ད་རེས་ཡང་དགེ་བའི་བཤེས་གཉེན་གྱི་མཚན་བཏགས་བཞེས་ལ་ཉེ་བ་བོན་གྱི་གདན་ས་ཆེན་པོ་སྨན་རིའི་བཀའ་རམས་པ་རྩོམ་པ་པོ་ཨ་ཀྲོང་རིན་ཆེན་རྒྱལ་མཚན་ལགས་ཀྱིས་ཐེག་ཆེན་ཟབ་དཀར་གསང་བ་སྔགས་ཀྱི་གཞུང་ཆེན་བསྙེན་སྒྲུབ་ལས་གསུམ་གྱི་དགོངས་དོན་དཀའ་གནད་དག་གཙོ་བོ་རྒྱལ་བའི་བཀའ་རིན་པོ་ཆེར་གཞི་བཅོལ་ཏེ་དེ་འབྲེལ་གཞུང་ལུགས་མང་པོར་དཔྱད་གསུམ་ཚད་མས་དེང་དུས་རྩོམ་འགྲོས་དང་བསྟུན་ཏེ་ལུང་ཁུངས་སོགས་ཁ་གསལ་གོ་བདེའི་ལམ་ནས་ཞིབ་དཔྱད་བགྱིས་པའི་བཀའ་འགྲེལ་ལེགས་བཤད་རྨད་དུ་བྱུང་བ་<<གསང་སྔགས་སྤྱི་སྤུངས་བསྙེན་སྒྲུབ་ལས་གསུམ་གྱི་བཀའ་འགྲེལ་མུ་ཏིག་ཕྲ་རྒྱན།>>ཞེས་པ་ཞིག་བྲིས་གནང་བར་བསྔགས་བརྗོད་ཡི་རངས་བླ་མེད་ཞུ་རྒྱུ་དང་། ངེད་རྒྱལ་གཤེན་དཔེ་སྐྲུན་ཁང་གིས་ཀྱང་མི་ཚེ་ཐོས་བསམ་གྱི་འཁོར་ལོས་སྐྱེལ་བཞིན་པའི་སློབ་གཉེར་བ་དག་ལ་མཚོན་ན་འདི་ནི་ཞབས་ཕྱིའི་གོ་སྐབས་བཟང་པོ་ཞིག་ཏུའང་བསམ་ནས་གསུང་དེབ་འདི་ཉིད་དཔར་སྐྲུན་ཞུ་བཞིན་ཡོད་པ་ལགས་ན་མི་འགྱངས་བར་བོད་ཕྱི་ནང་ས་ཕྱོགས་གང་སར་འགྲེམ་སྤེལ་བྱ་རྒྱུ་ཡིན་པས་ཤར་ནུབ་ཀྱི་ཀློག་པ་པོ་བྱིངས་ཀྱི་ཤེས་རབ་ཀྱི་གྲོགས་སུ་འགྱུར་བར་སྨོན་ནས་ཡོད་དོ། །

  རྒྱལ་གཤེན་དཔེ་སྐྲུན་ཁང་གིས་ཕྱི་ལོ་༢༠༢༠ཟླ་༢ཚེས་༡༥ཉིན།


ཨ་ཀྲོང་རིན་ཆེན་རྒྱལ་མཚན་མཆོག་གི་མཚམས་སྦྱོར་མདོར་བསྡུས།

  བཀའ་རམས་པ་ཨ་ཀྲོང་རིན་ཆེན་རྒྱལ་མཚན་ནི། གནའ་བོའི་ཞང་ཞུང་རྒྱལ་ཁབ་ཆེན་པོའི་ས་ཁོངས་སྒོ་ཕུགས་བར་གསུམ་དབྱེ་ཚུལ་གྱི་དབང་དུ་བྱས་ན་སྒོ་སུམ་པའི་རུ་ཁོངས་དང་། ཕྱིས་སུ་བོད་གངས་ཅན་ཆོལ་ཁ་གསུམ་དུ་འབོད་པའི་ལམ་ལུགས་ལྟར་ན་མདོ་སྟོད་སྟོབས་ལྡན་མི་ཡི་ཆོལ་ཁའི་ཆར་གཏོགས་རྔུལ་རྫ་ཟལ་མོའི་སྒང་སྟོད་ཧོར་སྦྲ་ཆེན་བོན་རྒྱལ་ཁམས་ཞེས་ཡོངས་སུ་གྲགས་པའི་གནས་དེར་སྤྱི་ལོ་༡༩༨༤ལོར་སྐུ་འཁྲུངས། རང་ལོ་༩ནས་བཟུང་རང་གི་ཁུ་བོ་བསྟན་འཛིན་རང་གྲོལ་ལགས་ཀྱི་མདུན་ནས་ཐོས་བསམ་ཡོན་ཏན་ཀུན་གྱི་གཞི་མ་བྲི་ཀློག་འདོན་གསུམ་དང་། བརྡ་དག་སྙན་གསུམ། གཞན་ཡང་བོད་ཀྱི་གསོ་བ་རིག་པ་སོགས་ལའང་ལོ་མང་རིང་སྦྱོང་བརྩོན་ལྷོད་མེད་གནང་མྱོང་ཡོད་འདུག་ཅིང་། སྤྱི་ལོ་༢༠༠༤ལོར་སློབ་གཉེར་ཁོ་ནར་དམིགས་སུ་བཟུང་སྟེ་འཕགས་ཡུལ་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༸དཔལ་གཤེན་བསྟན་སྨན་རི་དགོན་དུ་འབྱོར། གྲྭ་ས་སྨན་རིའི་སྔར་སྲོལ་ལྟར་གྲྭ་ཚང་རིན་པོ་ཆེའི་སྒྲིག་ཁོངས་སུ་ཞུགས་ཤིང་། རིམ་བཞིན་མཁས་མང་འབྱུང་གནས་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེར་འཛུལ་ཞུགས་མཛད། དུས་དེ་ནས་བཟུང་ད་བར་མི་ལོ་བཅོ་ལྔ་ལྷག་གི་རིང་༸རྒྱལ་བ་སྨན་རི་བའི་མཁན་སློབ་རྣམ་པ་གཙོ་བོར་གྱུར་པའི་བླ་མ་དགེ་བའི་བཤེས་གཉེན་རྣམས་ཚུལ་བཞིན་བསྟེན་ནས་གཡུང་དྲུང་བོན་གྱི་ཐུན་མིན་མདོ་སྔགས་སེམས་གསུམ་གྱི་གཞུང་ཆེན་ཁག་དང་། ཐུན་མོང་རིག་པའི་གནས་བཅས་ལ་གསན་བསམ་ཚད་དང་ལྡན་པར་གནང་ཞིང་། འཆར་ལ་ཉེ་བའི་དུས་ཁྱད་པར་ཅན་བོད་ལྕགས་བྱི་ལོའི་ཧོར་ཟླ་དང་པོའི་ཚེས་ ༡༥ སྟེ་བདག་ཅག་གི་སྟོན་པ་བཀའ་དྲིན་ཅན་རྒྱལ་བ་གཤེན་རབ་མི་བོའི་འཁྲུངས་མཆོད་ཉིན་རབ་འབྱམས་དགེ་བའི་བཤེས་གཉེན་གྱི་མཚན་རྟགས་བཞེས་རྒྱུ་ལགས།

  དེ་ལྟར་གོང་གསལ་སློབ་གཉེར་གྱི་ཞོར་དུའང་བཀའ་དྲིན་མཚུངས་མེད་དཔོན་གསས་བླ་མ་༸སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་བདེ་བར་གཤེགས་པའི་བཀའ་དགོངས་ལྟར་སྤྱི་ལོ་༢༠༠༩ནས་༢༠༡༣བར་གཡུང་དྲུང་བོན་གྱི་དཔེ་མཛོད་ཁང་དུ་ཕྱག་ལས་གནང་ཞིང་། སྤྱི་ལོ་༢༠༡༣ནས་༢༠༡༨བར་གཡུང་དྲུང་བོན་གྱི་དྲ་རྒྱ་ཁང་དུའང་ཕྱག་ལས་གནང་། སྤྱི་ལོ་༢༠༡༣ནས་༢༠༡༥བར་སྨན་རི་ཚང་གི་ལས་གཉེར་གྱི་ཐུགས་འགན་བཞེས། སྤྱི་ལོ་༢༠༡༦ནས་ ༢༠༡༨ བར་ལོ་གསུམ་རིང་༸དཔལ་གཤེན་བསྟན་སྨན་རིའི་གྲྭ་ཚང་གི་གཉེར་པ་ཆེན་མོའི་ཐུགས་འགན་བཞེས། སྤྱི་ལོ་ ༢༠༡༩ ལོར་<<བོན་སྒོ་>>རྩོམ་སྒྲིག་ཁང་གི་རྩོམ་སྒྲིག་ཚོགས་མིར་བདམས་ཐོན་བྱུང་།

  གཞང་ཡང་གཞུང་ཆེན་ལ་ཐོས་བསམ་སློབ་སྦྱོང་གཅིག་པུས་ཆོག་པའི་ལངས་ཕྱོགས་དང་ལྟ་ཚུལ་ལས་བརྒལ་ཏེ། དུས་ཚོད་གོ་སྐབས་ནམ་བྱུང་གི་བར་གསེང་རྣམས་སུ་བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང་རྩོམ་རིགས་སྐོར་ཐུགས་སྣང་དང་དཔྱད་ཞིབ་མཛད་དེ་ད་བར་རྒྱལ་ཕྱི་ནང་གི་དུས་དེབ་དང་། དྲ་རྒྱ། ཚགས་ཤོག་བཅས་སུ་བརྗོད་གཞི་དང་རྩོམ་ལུས་མ་ངེས་པའི་རྩོམ་རིགས་སྣ་མང་སྤེལ་གནང་བ་མ་ཟད། སྤྱི་ལོ་༢༠༡༣ལོར་སོག་པོའི་རྒྱལ་ས་ཨོ་ལོན་བྷ་ཐར་དུ་ཚོགས་པའི་རྒྱལ་སྤྱིའི་བོད་རིག་པའི་འདུ་ཚོགས་ཐེངས་༡༣པའི་(13th International Association for Tibetan Studies, Ulaanbatar, Mongolia, 2013)ཐོག་མཉམ་ཞུགས་ཀྱིས་བརྗོད་གཞིའི་རྩོམ་བྱང་དུ་<<བླ་རི་གངས་དཀར་ཏི་སེ་དང་བླ་མཚོ་མ་པང་གཡུ་མཚོ་གཉིས་ལས་འཕྲོས་པའི་དཔྱད་གླེང་ཚངས་པའི་ཐིག་རིས་>>ཞེས་པའི་སྐོར་གཏམ་བཤད་སྤེལ། དེ་བཞིན་སྤྱི་ལོ་༢༠༡༥ལོར་འཇར་མན་རྒྱལ་ཁབ་ཏུ་ཚོགས་པའི་རྒྱལ་སྤྱིའི་གཞོན་ནུའི་བོད་རིག་པའི་འདུ་ཚོགས་ཐེངས་༤པའི་(4th International Seminar of Young Tibetologists, Leipzig, Germany, 2015)ཐོག་<<བླ་ཡིད་སེམས་གསུམ་ལས་འཕྲོས་པའི་ཐོག་མའི་དཔྱད་གླེང་>>ཞེས་པའི་དཔྱད་རྩོམ་བྲིས་ཏེ་མཉམ་ཞུགས་བྱས། སྤྱི་ལོ་༢༠༡༦ལོར་ནོར་ཝེ་རྒྱལ་ཁབ་ཏུ་ཚོགས་པའི་རྒྱལ་སྤྱིའི་བོད་རིག་པའི་འདུ་ཚོགས་ཐེངས་༡༤པའི་(14 International Association for Tibetan Studies, Bergen, Norway, 2016)ཐོག་<<ཞང་ཞུང་ཛྭ་དམར་སྐོར་གྱི་དཔྱད་གླེང་ཐོག་མ་>>ཞེས་པའི་སྙན་ཞུའི་དཔྱད་རྩོམ་བྲིས་པ་ལྟར་ངོས་བཞེས་བྱུང་ཡོད། ལོ་དེར་ཧྥ་རན་སི་གཤེན་བསྟན་དར་རྒྱས་གླིང་དུ་ཚོགས་པའི་རྒྱལ་སྤྱིའི་བོན་གྱི་བགྲོ་གླེང་འདུ་ཚོགས་ཐེངས་༤པའི་(International Conference on the Bon )ཐོག་ཏུ་མཉམ་ཞུགས་ཀྱིས་<<བྱང་སྤྱི་ཕ་ལྷས་བློན་ཆེན་ག་རྒྱ་འགྲམ་ནག་ལྐོག་བཀྲོངས་བྱས་པའི་སྐོར་གྱི་གསང་བ་སྐྱར་ཞིབ་>>ཅེས་པའི་སྐོར་གཏམ་བཤད་ཀྱང་སྤེལ། སྤྱི་ལོ་༢༠༡༦ ལོར་ཧི་མ་ཅལ་མངའ་སྡེའི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབས་ཚོགས་པས་གདན་ཞུས་ཀྱིས་ཤིམ་ལར་(shimls gayty theatre)ཞེས་པའི་བགྲོ་གླེང་ཚོགས་ཐོག་ཏུ་<<ཞང་ཞུང་བོན་གྱི་བཀའ་སྲུང་རྒྱལ་ཆེན་ཉི་པང་སད་ཝེར་སྐོར་>>གཏམ་བཤད་བྱས། སྤྱི་ལོ་༢༠༡༨ལོར་ཨུ་རུ་སུའི་གནའ་བོའི་རྒྱལ་ས་སཾ་པི་ཊར་པོག་ཏུ་ཚོགས་པའི་རྒྱལ་སྤྱིའི་གཞོན་ནུའི་བོད་རིག་པའི་འདུ་ཚོགས་ཐེངས་༥པའི་(5th International Seminar of Young Tibetologists, St. Petersburg, Russia, 2018)ཐོག་<<བོན་ལུགས་སུ་བླ་ཡིད་སེམས་གསུམ་ངོས་འཛིན་སྟངས་སྐོར་>>ཞེས་པའི་སྙན་ཞུའི་དཔྱད་རྩོམ་བྲིས་པ་ལྟར་ངོས་བཞེས་བྱུང་ཡོད་འདུག།

  དེ་བཞིན་སྤྱི་ལོ་ ༢༠༡༢ ལོར་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གིས་གདན་ཞུས་ལྟར་བོད་ཀྱི་རིག་གནས་བགྲོ་གླེང་ཐེངས་དྲུག་པའི་ཐོག་<<ཞང་ཞུང་གི་ཤེས་རིག་སྐོར་གྱི་དཔྱད་གླེང་>>ཞེས་པའི་དཔྱད་རྩོམ་དང་འབྲེལ་ཏེ་གཏམ་བཤད་བྱས། སྤྱི་ལོ་༢༠༡༧ ལོར་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གིས་གདན་ཞུས་ལྟར་བོད་ཀྱི་རིག་གནས་བགྲོ་གླེང་ཐེངས་བཅུ་པའི་ཐོག་<<ས་སྐྱའི་སྐབས་སུ་བོན་གྱི་ཐ་སྙད་རིག་གནས་སྐོར་>>ཞེས་པའི་དཔྱད་རྩོམ་སྤེལ་ཏེ་གཏམ་བཤད་བྱས། གཡུང་དྲུང་བོན་གྱི་སྐོར་བགྲོ་གླེང་སྐབས་༡༢དང་༡༤་༡༥པ་བཅས་སུ་རིམ་པས་གོ་སྒྲིག་པ་དང་དྲུང་ཡིག་གི་ཕྱག་ལས་གནང་ཞིང་། སྤྱི་ལོ་༢༠༡༦ལོར་གཡུང་དྲུང་བོན་གྱི་སྐོར་བགྲོ་གླེང་གི་གསུང་བཤད་སློབ་དཔོན་ཡང་གནང་། གཞན་ཡང་རྒྱལ་སྤྱིའི་ཞང་ཞུང་རིག་གནས་བགྲོ་གླེང་དང་། བོད་ཡིག་དང་འབྲེལ་བའི་དེབ་རིགས་ཇུས་འགོད་བྱ་སྟངས་ཟབ་སྦྱོང་སོགས་མདོར་ན་སྔ་རྗེས་སུ་བགྲོ་གླེང་དང་ཟབ་སྦྱོང་ཁག་དུ་མར་མཉམ་ཞུགས་ཐེངས་མང་གནང་མྱོང་། ཉེ་སྔོན་<<བློན་ཆེན་ག་རྒྱ་འགྲམ་ནག་གི་སྐུ་ཚེའི་ལོ་རྒྱུས་གླེང་པ་>>ཞེས་པའི་རྩོམ་དེབ་ཐོག་མར་སྤེལ། ད་ཐེངས་ཀྱང་<<གསང་སྔགས་སྤྱི་སྤུངས་བསྙེན་སྒྲུབ་ལས་གསུམ་གྱི་བཀའ་འགྲེལ་མུ་ཏིག་ཕྲ་རྒྱན་>>ཞེས་པའི་དཔེ་དེབ་རྔམས་མཐུག་ཅན་ཞིག་ལྗགས་རྩོམ་མཛད་དེ་འཆར་ལ་ཉེ་བའི་ཁོང་རང་ཉིད་རབ་འབྱམས་དགེ་བའི་བཤེས་གཉེན་གྱི་མཚན་རྟགས་བཞེས་པའི་སྐལ་བཟང་དང་བསྟུན་ནས་སྤེལ་འཆར་ཡིན་འདུག་པ་བཅས་ཀྱི་ངོ་སྤྲོད་སྙིང་བསྡུས་འདི་ནི།

  དཔོན་རྒོད་དགེ་བཤེས་གཡུང་དྲུང་སྐལ་བཟང་གིས་<<བོན་སྒོ་>>རྩོམ་སྒྲིག་ཁང་དུ་རྩོམ་སྒྲིག་ལས་བྲེལ་གྱི་བར་གསེང་ནས་རྩོམ་པ་པོའི་རེ་སྐུལ་མི་ལྡོག་ཙམ་དུ་སྔར་བྲིས་ལ་སྣོན་ཕྲི་ཅུང་ཟད་བགྱིས་པ་ཙམ་དུ་ལགས་སོ། །

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།