༢༠༡༩ལོའི་《གཉའ་ཁྲི་བཙན་པོ》སྤྱིའི་དེབ་གྲངས་༢༡པ།

[ཟླ་ཚེས། 2020-01-08 22:02:12][རྩོམ་པ་པོ། ཀ་ཤུལ་བསོད་རིན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

   ཁམས་ནས་ཕྱིར་ཕ་ཡུལ་དུ་སླེབས་པ་དང་མཉམ་དུ་དུས་ཚོད་སྐར་ཆ་གཅིག་ཡང་འཕྲོ་བརླག་ཏུ་མ་བཏང་བར༢༠༡༩ལོའི«གཉའ་ཁྲི་བཙན་པོ»སྤྱིའི་དེབ་གྲངས༢༡པ་རྩོམ་སྒྲིག་དང་ཇུས་འགོད་ཀྱི་ལས་ཀ་གཉེར་བ་ཡིན། ལས་ཀ་གཉེར་བའི་བསམ་གཞིག་གི་བར་སྟོང་ཁག་ནས་སེམས་ཁུར་གཞན་ཞིག་ཡོད་པ་ནི། དེབ་འདི་པར་སྐྲུན་བྱས་རྗེས་ཀློག་མཁན་ག་ཚོད་ཡོད་མེད་དང་། ལྷག་པར་དུ་ཕ་ཡུལ་དུ་དཔེ་ཀློག་ལ་དགའ་བའི་མི་ག་ཚོད་ཡོད་མེད་ཀྱི་སྐོར་རེད། རྒྱུ་མཚན་ཉེ་བའི་ལོ་བདུན་བརྒྱད་ཅིག་གི་སྔོན་དུ་ཕ་ཡུལ་གྱི་དགོན་སྡེ་མང་ཆེ་ཕྱོགས་ནས་ལོ་དེབ་རེ་རེ་པར་སྐྲུན་བྱེད་བཞིན་ཡོད་ལ། དགོན་པ་རེ་གཉིས་ལ་གཞུང་སྒེར་གཉིས་ནས་པར་སྐྲུན་བྱས་པའི་ལོ་དེབ་མི་འདྲ་བ་ལྔ་ནས་དྲུག་བར་ཡོད། ཡིན་ནའང་ད་ལྟ་ནི་དཔེ་ཀློག་མེད་པའི་ཡུལ་ཁམས་ཤིག་དང་འདྲ་བར་ལོ་དེབ་ཅེས་བཤད་དུས་ཅི་ཡང་ཚོར་གྱིན་མེད་པའི་རབ་རིབ་དེའི་ཁྲོད་དུ་ཚང་མ་ལྷག་ཡོད། དེ་བཞིན་དུ་ཕ་ཡུལ་ནས་འཕྲོ་བཤོལ་བྱས་པའི་ལོ་དེབ་དག་ཀྱང་ལོ་རྒྱུས་ཙམ་དུ་གྱུར་ཏེ། དགོན་པ་རེ་གཉིས་ནང་དུ་དེའི་གཏམ་རྒྱུད་བཤད་ཤེས་མཁན་གྱི་མི་སྣ་རེ་ཟུང་ཡོད་པར་སྣང་། 
ཕ་ཡུལ་དུ་དཔེ་ཆ་ཀློག་ཤེས་པ་དང་དཔེ་ཀློག་ལ་དགའ་བའི་མི་གྲངས་འཕར་བ་ལས་ཉམས་པའི་ཕྱོགས་སུ་ཆས་པས་ཕ་ཡུལ་གྱི་ལོ་དེབ་རྣམས་ཀྱང་ད་ལྟ་རྒྱུན་ཆད་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་ཤིག་དང་འདྲ་ཡང་། ཇི་ལྟར་སྲུང་སྐྱོབ་བྱ་བར་རིག་པ་ལྡབ་བེ་ལྡོབ་བེ་དེའི་ཁྲོད་དུ་ལྷག་ནས་ཡོད་པའི་འཁོར་སྲུང་བ་ཞིག་དང་འདྲ་བས།ཕ་ཡུལ་གྱི་རྩོམ་རིག་རིག་གནས་གཙོས་པའི་ཤེས་རིག་ཡར་རྒྱས་གཏོང་བ་ལ་ད་དུང་ལོ་ངོ་བརྒྱ་ཡི་བར་ཐག་དགོས་པའི་སྣང་བ་བསྟུན་མར་སྐྱེ་རུ་འཇུག 
  «གཉའ་ཁྲི་བཙན་པོ»ནི་ཕ་ཡུལ་གྱི་ལོ་དེབ་དག་ནས་ལོ་ན་རྒན་གྲས་སུ་མི་ཐེ་ཡང་སྤྱི་ཆ་ནས་དེབ་གྲངས༢༡ལ་ཐོན་ཡོད་པས་བོད་ཀྱི་སྒེར་གཉེར་ལོ་དེབ་ཅིག་ནས་ལོ་ན་ཆེས་རིང་ཤོས་ཀྱི་གྲས་སུ་བརྩི་ཆོག གལ་སྲིད་མི་ཞིག་གིས་ཁྱེད་ལ་ཉི་མ་ཤར་བ་མུན་པ་ལྡོག་པའི་ཆེད་དུ་ཡིན་ནམ་ཞེས་དྲི་བ་བཀོད་ན། ངས་མཐའ་གཅིག་ཏུ་ཡིན་པར་ཁས་ལེན་སྲིད། རྒྱུ་མཚན་མུན་པ་ཡོད་པས་ཉི་མ་ལ་དྲིན་གཟོ་བའི་འདུ་ཤེས་ང་ཚོ་ལ་ཡོད།
 «གཉའ་ཁྲི་བཙན་པོ»ཞེས་པའི་ལོ་དེབ་འདི་ནི་རིག་གཞུང་ཞིབ་འཇུག་གི་ལོ་དེབ་ཅིག་ཡིན་ལ། ཀློག་པ་པོ་རེ་གཉིས་ཀྱི་འདོད་པ་བསྐང་ཕྱིར། ནང་དུ་བསྒྱུར་རྩོམ་དང་། ལྷུག་རྩོམ་རེ་གཉིས་ཡང་བཀོད་ཡོད། དེ་ནི་རང་ཉིད་མི་སྒེར་གྱི་དགའ་ཕྱོགས་གཅིག་ཀྱང་ཡིན་སྲིད་དེ། ང་ནི་རིག་གཞུང་ཞིབ་འཇུག་ལས་གཞན་ལྷུག་རྩོམ་དང་། བསྒྱུར་རྩོམ་ལ་ཧ་ཅང་དགའ་བོ་ཡོད། 
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།