གཉན་རོང་ཆབ་མདོ་དགོན་པའི་ལོ་དེབ་༼གཏམ་ཚོགས་གསལ་བའི་བང་མཛོད།༽

[ཟླ་ཚེས། 2020-01-06 22:46:03][རྩོམ་པ་པོ། འབྲིང་རྒྱུད་གཡུང་དྲུང་ཕྲིན་ལས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

སྔོན་གླེང་གཡུང་དྲུང་དགུ་འཕར།
   སྔོན་གླེང་གཡུང་དྲུང་དགུ་འཕར།
འཛམ་གླིང་ཡུལ་གྱི་ལྟེ་བ་སྲིད་པའི་བླ་རི་གངས་དཀར་ཏི་སེ་ཟླུམ་གཟུགས་གོ་ལའི་དབུ་རྩེར་ལྷང་ངེར་འགྱིང་ཞིང་ས་ཆེན་པོ་འདི་ཡི་དཀྱིལ་སྙིང་བྱས་པའི་ཡུལ་གྲུ།  དུས་གསུམ་འགྲོ་བའི་སྟོན་པ་སྐུ་ཡི་འཁྲུངས་གནས། རི་རྒྱལ་ཏི་སེའི་འགྲམ། ཆུ་རྒྱལ་བཞི་འདུས་ཀྱི་མགོ་བོ། འོལ་གླིང་གཡུ་ཡི་མཁར། བཞུགས་གནས་བག་རེ་དྲོ། ཞེས་པའི་གནས་ཁྱད་པར་ཅན་ཞང་བོད་མཐོ་སྒང་གི་ལྗོངས་ཆེན་པོ་འདིར། མི་ལོ་ཁྲི་ཕྲག་ལྷག་གི་ཡར་སྔོན་ན་སངས་རྒྱས་གཤེན་རབ་མི་བོའི་སྐུ་མཆོག་མངོན་པར་བལྟམས་ཤིང་གནས་དེར་དེ་ལྟར་སྐྱེས་བུ་ཆེན་པོ་དེའི་ཤེས་རབ་ཀྱི་དཔྱོད་པ་ཟབ་མོས་བསྐྲུན་པའི་རིག་པའི་གནས་ཆེན་པོ་ལྔ་སྟེ། འཕྲུལ་ཡིག་བཞི་བཅུས་སྒྲ་སྐད་ཀྱི་བརྡ་སྤྲད། དྲ་དྲུབ་བཞོག་མགར་ལ་སོགས་སྣ་མང་བཟོ་རིག་གིས་དགོས་མཁོའི་ཡོ་ཆས་བསྐྲུན། ལུས་ཕན་གསོ་རིག་གིས་འགྲོ་བའི་ནད་གདུང་བསལ། འབྱུང་ལྔའི་རྩིས་རིག་གིས་གནམ་སའི་གོ་ལའི་འགྱུར་འགྲོས་གཞལ་ནས་སྣོད་བཅུད་ལེགས་ཉེས་ཀྱི་སྟངས་འཛིན། མདོ་སྔགས་རྫོགས་གསུམ་གྱི་ལྟ་སྤྱོད་ཟབ་མོས་འགྲོ་བའི་སེམས་རྒྱུད་ཀྱི་སྡུག་བསྔལ་ཞི་བར་བྱས་ནས་མཐར་ཐུག་ཞི་བདེའི་ས་ཆེན་གྱི་ལམ་འབྲས་བསྐྲུན། དེ་ལྟར་ཞང་བོད་ཤེས་རིག་གི་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་པ་དང་། ཡ་ཐོག་ཞང་ཞུང་དང་། བར་དུ་སྤུ་རྒྱལ་བཙན་པོའི་དུས་སྐབས་སུ་དགེ་བྱེད་བོན་གཤེན་རྣམས་པས་བོན་ལ་ཚུལ་བཞིན་སྤྱོད་པ་དང་།  རྒྱལ་པོས་སྲིད་འབངས་བསྐྱངས་ཏེ་ཞང་བོད་ཆབ་དཔལ་རིག་གསུམ་གྱིས་ས་ཆེན་གོ་ལ་འདི་གནམ་གྱིས་བཀབ་པ་ལྟ་བུ་བྱུང་བ་དང་། སྐབས་དེར་བོན་ཉམས་སུ་ལེན་པའི་བླ་ཡི་མཆོད་གནས་དང་རྒྱལ་གྱི་སྐུ་གཤེན་དགོན་གྱི་འདུས་གྲྭ་སོགས་དགེ་བའི་བཤེས་གཉེན་རྣམས་ཀྱིས་འཇིག་རྟེན་རྒྱབ་ཏུ་སྐྱུར་དགེ་བ་དང་དུ་བླངས་ནས་བོན་ལ་ཚུལ་བཞིན་སྤྱོད་པ་སྟེ། ལྟ་བ་ཡས་ཕུབ་བློ་ཕུགས་བླ་མེད་རྫོགས་པ་ཆེན་པོ་ལ་གཏད། སྤྱོད་པ་མས་འཛེགས་དགེ་སྡིག་བླངས་དོར་ཕྲ་ཞིང་ཕྲ་བ་ནས་བརྩིས། གཞི་སྙིང་རྗེ་ཆེན་པོ་ཉམས་སུ་བླངས། ཐབས་ཕར་ཕྱིན་བཅུ་དང་རིམ་གཉིས་སྤྱོད་པས་སྣང་སེམས་དག་པར་སྒྱུར་ཞིང་གསོན་པོའི་རྐྱེན་སེལ་བྱེད་གཤིན་པོ་བདེ་ལ་བཀོད་ནས་དབེན་པའི་གནས་སུལ་དུ་མཁས་བཙུན་གྲུབ་པ་བརྙེས་ཤིང་སྐུ་ཚེ་རི་ལ་བསྐྱལ་མཁན་ཤ་སྟག་ཡིན་པ་ལས་དམར་སེར་བླ་གོས་འོག་ནས་ཆོས་སྲིད་ཟུང་འབྲེལ་གྱི་ངན་གཡོའི་ཕབ་དུག་སྦྱར་ཞིང་ཆགས་སྡང་གི་སྨྱོ་ཆུ་ངར་མོ་དམངས་ལ་བླུད་ནས་རྒྱལ་འབངས་ཕུང་ལ་སྦྱོར་བའི་གྲོང་རྒྱུགས་མཁན་དེ་མ་ཡིན། སྐབས་དེར་མཁས་འཛངས་དཔའ་གསུམ་དང་མཐུ་ནུས་རྩལ་གསུམ་འཛོམས་ཤིང་ཕྱི་དགྲ་དཔུང་གིས་འདུལ་ཞིང་ནང་སྲིད་བློ་ཐབས་ཀྱིས་སྐྱོང་བའི་སྤུ་རྒྱལ་བཙན་པོའི་རྒྱལ་བློན་རྣམས་ཀྱིས་མཐའ་བཞིའི་རྒྱལ་ཁམས་དབང་དུ་བསྡུས་ཤིང་འཛམ་གླིང་སུམ་གཉིས་ས་ལ་དབང་བསྒྱུར་ཏེ་མངའ་ཐང་དགུང་དང་མཉམ་པར་བྱུང་ཞིང་། དེ་ཡི་ཚེ་དེའི་དུས་ན་བོན་གཤེན་རིག་འཛིན་རྣམས་བླ་ཡི་མཆོད་གནས་དང་རྒྱལ་གྱི་སྐུ་གཤེན་དུ་བསྐུར་ནས་གཤེན་བསྟན་བླ་རུ་བཏེགས་པ་བཅས་སྔར་ཞང་ཞུང་གི་རྒྱལ་པོ་བྱ་རུ་ཅན་བཅོ་བརྒྱད་དང་སྤུ་རྒྱལ་བཙན་པོའི་རྒྱལ་རབས་སོ་བདུན་གྱི་རིང་ལ་རྒྱལ་གཤེན་བསྟན་པ་མཉམ་དུ་ཆགས་ཤིང་གངས་ཅན་བོན་གྱི་རྒྱལ་ཁམས་ཞེས་གྲགས་པ་སྟེ། མཁས་དབང་དགེ་ཆོས་ཀྱིས་རྒྱལ་རབས་དེབ་ཐེར་དཀར་པོ་ལས། རྗེ་གནམ་རི་སྲོང་བཙན་ཡན་ཆོད་ལ། ཡུལ་གང་པོ་ན་གཡུང་དྲུང་བོན་གྱི་ཆོས་ལུགས་འབའ་ཞིག་དར་བས། མིང༼ བོན་ཡུལ ༽དེ་སྐད་གྲགས་ན་ཡ་མཚན་རྒྱུ་ཆེར་མེད་ལ།  ཞེས་བཤད་པ་ལྟར་རོ།     དེ་ལྟར་ཞང་བོད་རང་ས་རང་ཡུལ་ནས་འཁྲུངས་པའི་རིག་གཞུང་དག་མ་ནི་གཡུང་དྲུང་བོན་གྱི་ཤེས་རིག་འདི་ཉིད་ཡིན་ལ། ཤེས་རིག་འདི་ཉིད་གནའ་ནས་ད་ལྟའི་བར་རི་བོ་གངས་ཅན་པའི་བླ་ཡིད་ཚེ་སྲོག་དང་ཤ་འདྲེས་ཁྲག་འདྲེས་སུ་གྱུར་ཞིང་དང་པོར་བྱུང་ཡང་གངས་ཅན་ལྗོངས་སུ་བྱུང་། བར་དུ་དར་ཡང་གངས་ཅན་ལྗོངས་སུ་དར།  ཐ་མར་གནས་ཀྱང་གངས་ཅན་པའི་རྣམ་ཤེས་དང་རུས་རྐང་ལ་གནས་ཡོད་པ་མ་ཟད།    ཤེས་རིག་འདི་ཉིད་ཉི་ཟླའི་འཆར་འགྲིབ་བཞིན་དར་རྒུད་ཅི་རིགས་སུ་བྱུང་ཞིང་དེ་ཉིད་འཛིན་སྐྱོང་སྤེལ་གསུམ་གནང་བའི་སྐྱེས་ཆེན་རྣམས་ཀྱང་དཀའ་བ་སྟོང་དང་ངལ་བ་ཁྲི་ཕྲག་གི་འཕྲང་ལམ་བརྒྱུད་ནས་ཕེབས་པའང་ཉུང་ཉུང་མིན།  དེ་ཡང་སྔོན་གཤེགས་སྐྱེས་ཆེན་དེ་དག་གིས་ཕེབ་ཤུལ་ན་འུ་ཚོ་ལ་རྗེས་བཞག་གནང་བའི་རིན་བྲལ་རྩ་ཆེན་གྱི་ཕ་ནོར་ཏེ་གནའ་བོའི་ཞང་བོད་ཀྱི་ཆོས་ལུགས་རིག་གཞུང་དང་བཟང་སྤྱོད་གཤིས་སྤུས་འདི་དག་ནམ་ཡང་སྙིང་ཁོང་ནས་འབོར་དུ་མི་བཅུག་བར་སྔོན་མའི་ལོ་རྒྱུས་ལ་ཕྱིར་རྟོགས་དང་ད་ལྟའི་གནས་བབ་ལ་བསམ་གཞིག་བྱེད་དེ་འཛིན་སྐྱོངས་སྤེལ་གསུམ་དགོས་པ་དེ་གངས་ཅན་པ་སྤྱི་བོ་གནམ་གཏད་ཡོངས་ཀྱི་སོ་སོའི་ཕྲག་ལ་བབ་པའི་འགན་འཁྲི་ཞིག་ཡིན་གཤིས། དེར་བརྟེན་ད་ལན་གཉན་རོང་ཨ་གྲགས་ཆབ་མདོ་དགོན་དཔལ་གཤེན་བསྟན་རྣམ་རྒྱལ་བདེ་ཆེན་གླིང་གི་བཤད་སྒྲུབ་འདུས་སྡེ་ནས༼  གཏམ་ཚོགས་གསལ་བའི་བང་མཛོད ༽ཞེས།  ལོ་རྒྱུས། དཔྱད་རྩོམ། ཤེས་རིག སློབ་གསོ། སྙན་རྩོམ། འོས་སྦྱོར། དམངས་ཁྲོད།  གསར་གནས།  བཅས་སྡེ་ཚན་བརྒྱད་ཀྱིས་སྒྲོམ་པའི་ལོ་དེབ་ཞིག་གཉེར་ཡོད་པས།  མེས་པོའི་ཤེས་རིག་འདི་ཉིད་ལ་ཉི་མ་མེ་གྲོགས་དང་ཆར་པ་ཆུ་གྲོགས་ཀྱི་དཔེ་ལྟར་མ་ཉམས་གོང་འཕེལ་དང་ཉམས་པ་སླར་གསོའི་སྡོང་གྲོགས་ཀྱི་དམིགས་འདུན་དང་།  འདི་གའི་བཤད་སྒྲུབ་སློབ་གཉེར་བ་རྣམས་རྩོམ་གྱི་བྱང་ཚད་མཐོར་འདེགས་དང་རྩོམ་པ་པོ་སྐྱེད་བསྲིང་གི་ཆེད་སོགས་སྒོ་དུ་མར་དམིགས་ནས་ཐེངས་དང་པོར་རྩོམ་སྟེགས་འདི་བསྐྲུན་པ་ལགས་པས། སྤྱིར་འདིར་འཁོད་པའི་རྩོམ་རིག་རྣམས་རྒྱ་ཆེ་རྩོམ་པ་པོ་རང་རང་གི་ལྟ་ཕྱོགས་ལས་ངེད་རྩོམ་སྒྲིག་པ་ཚོའི་ལྟ་བ་དང་ལངས་ཕྱོགས་ཡིན་པའི་ངེས་པ་ག་ལ་ཡོད། འདིར་རྩོམ་སྒྲིག་པའི་ཁ་ཕྱོགས་གཙོ་བོ་ནི་ཞང་བོད་ཤེས་རིག་དང་འབྲེལ་བའི་རྩོམ་རིགས་དགོས་པ་ལས་ཆོས་ལུགས་དང་ཞང་བོད་ཤེས་རིག་དེ་དག་བེད་མེད་སྨྲ་བའི་ཕྱོགས་དང་ཁྲིམས་ལུགས་དང་མི་མཐུན་པའི་རིགས་བཅས་འདིར་འགོད་ཀྱི་མེད་པས་དེ་ལུགས་མཁྱེན་པར་གསོལ།  ད་ཐེངས་འདིར་གཞན་ནས་རྩོམ་སྐུར་གནང་བ་རྣམས་ཕུད་འདི་གའི་སློབ་གླིང་གི་རྩོམ་འབྲི་བ་ཕལ་ཆེར་རྩོམ་ལ་འཇུག་པའི་ལས་དང་པོ་བ་ཤ་སྟག་ཡིན་པ་དང་རྩོམ་དེབ་སྒྲིག་སྟངས་ཀྱི་ཐད་ནས་ཉམས་མྱོང་ཞན་པ་སོགས་ཀྱི་མ་འདངས་བའི་སྐྱོན་ཆ་མི་ཉུང་བ་ཞིག་ཡོད་སྲིད་པས་རྒྱ་ཆེ་གཟིགས་པ་པོ་རྣམས་ཀྱིས་དགོངས་ཁྲེལ་མེད་པར་ཞུ་བ་དང་སྦྲག་དགེ་ཚོགས་ཅུང་མཆིས་ཞང་བོད་ཤེས་རིག་གི་སྲི་ཞུ་རུ་འགྱུར་བའི་སྨོན་འདུན་ལན་བརྒྱར་ཞུ།  
འབྲིང་རྒྱུད་དགེ་མིང་པ་གཡུང་དྲུང་ཕྲིན་ལས་ཀྱིས་དབུས་ལྷ་ལྡན་ཉི་མའི་གྲོང་ཁྱེར་ནས།  སྤྱི་ལོ་༢༠༢༠ཟླ་༡ཚེ་༡ ཉིན།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།