༢༠༡༧ལོའི་༼ རྒྱལ་གྱི་ཐེམ་སྐས་ ༽འགྲེམ་སྤེལ་གནང་བ།

[ཟླ་ཚེས། 2018-12-08 11:39:18][རྩོམ་པ་པོ། སྨོན་རྒྱལ་རང་གྲོལ་ཉི་མ་རྒྱལ་མཚན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

སྨོན་རྒྱལ་བླ་བྲང་གི་རིག་གཞུང་ལོ་དེབ་རྒྱལ་གྱི་ཐེམ་སྐས་འདོན་ཐེངས་ལྔ་པ་བཏོན་པའི་གནས་འཕྲིན།
1544240525122360.jpg1544240529442323.jpg1544240528663636.jpg1544240528113801.jpg
དབུ་ཁྱུད།

    དུས་རབས་ཉེར་གཅིག་པའི་དཀྱོག་མཚམས་འདིར་བོད་ཡིག་ཀློག་པ་པོ་ཚོས་ཉོན་དང་།  ཞང་ཞུང་རྒད་པོའི་རྣམ་དཔྱོད་ཀྱི་ལྗགས་རྩེ་ལས་འཁྲུངས་པའི་ཕ་བོན་རྫོགས་པ་ཆེན་པོའི་གཞུང་ཆེན་བཞི་ཀླད་ལ་བཤམས་ཤིང་དཀྱུས་སུ་བཀླགས་ནས་ཉམས་ལེན་བགྱིས་ཡོད་ལ། སྒོ་བཞི་མཛོད་ལྔའི་ལྗོན་བཟང་ལ་གབ་མཛོད་ས་གསུམ་གྱི་ལོ་འདབས་ཁུད་དུ་དུད་པ་དང་། འབྱུང་ལྔའི་སྒྲོམ་སྟེགས་ཀྱི་དཀྱིལ་འཁོར་ཐོག་ཏུ་རིག་པའི་ལྷ་ཚོགས་སྤྱན་དྲངས་ཏེ། འཆད་རྩོད་རྩོམ་གསུམ་གྱི་དྷི་སྐད་ལམ་ནས་འཛམ་གླིང་འདིར་ཡིན་མིན་གྱི་རྣམ་བཞག་ལ་རྩོད་སྒྲུབ་རིག་པའི་འབྲས་བཟང་གཡུར་དུ་སྨིན་པར་འབད་བརྩོན་བྱེད། བོན་རྒན་ཞིག་གི་ནོར་བུ་གྲུང་མ་དཀར་ལ་འཚེར་བ་སྟེ། བླ་མ་དྲན་པ་ནམ་མཁའི་ཕ་ཕོག་གི་བོན་སྡེ་དང་ཡར་འབྲོག་རྗེ་བཙུན་མེ་སྟོན་པའི་ལམ་གྱི་རིམ་པ་འདི་དག་ལ་ཤེས་རབ་དང་། ངེས་འབྱུང་གི་ནོར་བུ་སྙིང་ནས་ལེན་པར་འདོད་པ་རྣམས་ཀྱིས་ཐེམ་སྐས་འདི་ངོ་ཤེས་སུ་འཇུག་པ་གལ་ཆེ་ཞིང་ཤེས་ནས་ཉམས་ལེན་ལ་འཇུག་པར་སྐུལ་བའི་ཐར་ལམ་གྱི་སྒོ་མོ་འདི་ནི་སྤྱི་སྨན་གྱི་ཞབས་ཞུ་སྒྲུབ་ཚུལ་དངོས་དེ་ཡིན།དེ་ཡང་ཐེམ་སྐས་འདིའི་བོན་

1544240527137710.jpg

ཚན་དང་པོ་༼ནང་བསྟན་གསེར་གྱི་ས་གཞི་༽རུ་སྤྱི་སྤུངས་ཐེག་པ་རིམ་དགུའི་མདོ་དོན་དངོས་སུ་གསལ་བའི་བཀའ་དང་བཀའ་བརྟེན་གྱི་ཉིང་ཁུ་བསྡུས་ཡོད་ལ། དོན་ངོ་མ་བོན་ཉིད་གྱི་ངོ་བོ་ཉམས་སུ་ལེན་པར་ཐ་སྙད་ཚིག་གི་སྤྲོས་པས་མི་ཚེ་རྫོགས་ན་གཞི་ཇི་བཞིན་ཉིད་ཀྱི་སྐྱེ་མཆེད་ཆེན་པོའི་ལྷ་ཞལ་ངོ་མ་དེ་སུས་མཇལ།  དཔོན་གསས་གཤེན་རབ་བླ་མའི་གསུང་གདམས་བོན་འཁོར་ཚིག་བཞིའི་དགོངས་དོན་དེ་སུས་རྟོགས།  དེས་ན་ཚིག་དོན་གཉིས་ཀ་ཡ་མ་བྲལ་བར་ཉམས་ལེན་གྱི་གནད་དུ་ཐེངས་པར་མཛོད་ཅིག བོན་ཚན་

1544240525637730.jpg

གཉིས་པ་༼ལོ་རྒྱུས་རྒྱ་མཚོའི་ལྡིང་ཁང་༽ནང་བདེན་ཚིག་མི་འགྱུར་བ་གཡུང་དྲུང་གིས་རྒྱས་བཏབ་པའི་ལོ་རྒྱུས་ཀྱི་ཤུལ་ལམ་ཡངས་པོར་ཕྱེས་པ་སྟེ། ཏི་སེའི་པང་ནས་ཐོན་པའི་ཁ་འབབ་རྣམ་བཞིའི་བཞུར་རྒྱུན་དང་འགྲོགས་ནས་གནའ་དེང་ལོ་རྒྱུས་ཀྱི་རྒྱུན་ཐག་རིང་མོ་བསྲིངས་ཡོད།

1544240525212447.jpg

བོན་ཚན་གསུམ་པ་༼དཔྱད་བརྗོད་ཁྱུང་ཆེན་མེ་གཤོག་༽ནང་ལུང་དང་རིགས་པའི་བདེན་དོན་གྱི་གཏན་ཚིགས་རྣམས་རུ་བསྟར་བསྒྲིགས་ནས་ཟབ་གནད་ཀྱི་མདུད་པ་དགྲོལ་བའི་རྣམ་དཔྱོད་རལ་གྲི་རེ་རེས་སྲིད་པ་འདི་སྒམ་པོ་བྱེད་པའི་སྟ་གོན་སྒྲུབ་བཞིན་ཡོད། བོན་ཚན་བཞི་པ་༼སྙན་རྩོམ་དྲི་བསུང་རླུང་བུ་༽ནང་ཀློག་པ་པོའི་ཤ་རུས་གསེང་ནས་ཚོར་འདུ་ཡི་བྲོ་བ་ཟབ་མོ་སྦྱིན་ནུས་པའི་སྙན་རྩོམ་སྟེ། ལུས་སྲོག་རྒྱན་གསུམ་གྱི་ཕྱྭ་གཡང་འཁྱིལ་ཞིང་གནའ་དེང་གི་བརྗོད་བྱ་སྲོག་ཏུ་བཅིངས་པའི་ཀུ་ཧུའི་མགྲིན་གླུ་རྣམས་འདི་རུ་བཀུག་ནས་ཡོད། 

1544240525108999.jpg

བོན་ཚན་ལྔ་པ་༼གསར་ཕྲིན་ནམ་མཁའི་གཏེར་ཁྱིམ་༽ནང་མི་ལོ་སུམ་སྟོང་གོང་གི་དམུ་ཐག་རིང་མོ་སྟེ། གཤེན་ཁ་པོ་མི་པོ་ནས་སྨོན་རྒྱལ་དོག་ལ་བབས་པའི་གདན་རབས་ཡིག་ཚང་གི་ནོར་བུ་སྤུངས་ནས་འཇིག་རྟེན་ཁམས་སུ་གསུབ་ཏུ་མེད་པར་བཞག་པའི་མཛད་རྗེས་རྣམས་རྗེས་སུ་དྲན་པའི་རྟེན་དུ་ཐོ་རུ་བཀོད་ནས་ཡོད། མདོར་ན་ལོ་དེབ་འདིའི་བརྗོད་བྱ་ནི་ཞང་ཞུང་དང་སྟོན་པ་གཤེན་རབ་ཀྱི་འཕྲིན་ལས་ཡིན། རྗོད་བྱེད་ཟོལ་ཡངས་ཀྱི་ལམ་ནས་འགྲོ་བ་མིའི་རིགས་དང་སྣོད་བཅུད་གཉིས་ཀ་ལ་ཕན་པའི་སློབ་གསོ་དང་རིག་གནས་ཀྱི་མགྲིན་ཚབ་པ་ཞིག་ཡོང་རེའི་ཀུན་སློང་བཅངས་ནས་ཡོད། དེ་བཞིན་མ་འོངས་པར་རྒྱ་ཆེའི་བོད་ཡིག་གི་རྩོམ་པ་པོ་དང་། བོན་རབས་ཀྱི་ཆེད་རྩོམ་པ། འདི་ག་སྨོན་རྒྱལ་ཞང་ཞུང་ཤེས་རིག་ནང་བསྟན་སློབ་གླིང་གི་སྨྱུག་གསར་རྩོམ་པ་པོ་དང་ཀློག་པ་པོ་ཚོའི་གར་སྟེགས་བཟང་པོ་ཞིག་ཏུ་འགྱུར་རྒྱུའི་རེ་སྨོན་དང་འབད་བརྩོན་བཅས་ཏེ། 

རྩོམ་སྒྲིག་པ་སྨོན་རྒྱལ་རང་གྲོལ་ཉི་མ་རྒྱལ་མཚན་གྱིས་སྙེ་ཐང་གནམ་མདའ་ནས་བྲིས།༢༠༡༧།༧།༡༠།

1544240528297650.jpg1544240527179700.jpg1544240526702278.jpg1544240527116147.jpg

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།