«གཤེན་བཙུན་གཞོན་ནུའི་གད་རྒྱངས»པར་བསྐྲུན་ལེགས་གྲུབ་བྱུང་བ།

[ཟླ་ཚེས། 2018-05-01 10:01:50][རྩོམ་པ་པོ། ས་ཁའི་བློ་ལྡན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

1094723.png

གླེང་གཞི།

__ «གཤེན་བཙུན་གཞོན་ནུའི་གད་རྒྱངས»ལས་འཕྲོས་པའི་དབྱངས་རྟ་ཕྲ་མོ།

     སྙན་འཇེབས་ཀྱི་རོལ་མོས་ཕྱུག་པའི་ངག་རིག་གི་རྒྱུད་མངས་ཆུང་ཆུང་ལན་ཅིག་དཀྲོལ་བའི་འགྱུར་ཁུགས་ལས། རྨད་བྱུང་རྩོམ་རིགས་ཀྱི་ལྟད་མོ་མཐོང་ཐུབ་པ་ནང་བཞིན། སྒེག་ཉམས་ཀྱིས་སྤུད་པའི་རྩོམ་གཤིས་རེ་རེ་ནི་འཚོ་བ་དང་ཐག་ཉེ་ས་ནས་དབུ་འཕང་དགྱེས་ཏེ་འཇིག་རྟེན་གྱི་ཁམས་ཆེན་མོར་བྱོན་ཞིང་། ཟིལ་ཤུགས་འབར་བའི་སྨྱུག་རྩལ་གྱི་གོམ་སྟབས་ལྗིད་པོ་རྒྱལ་རོང་ནས་བགས་ཀྱིས་ཆས།

     སྨྲ་བའི་ལྗགས་མཆིལ་ལ་བབས་པའི་སྙན་ངག་གི་དགའ་སྟོན་འདི་ཀོ་མུན་པ་སྟུག་པོ་སེལ་བའི་བཀར་མེ་མཐོན་པོའམ་རང་གཟུགས་གསལ་ལེར་ཤར་བའི་མེ་ལོང་སྒོར་མོ་དེ་ལགས་པས། ཉི་མའི་སྤྱན་ལམ་ན། འོད་སྟོང་འཕྲོ་བའི་རྣམ་ཤེས་ཀྱི་ཟེར་ཞགས་རིང་པོའི་གུར་ཁྱིམ་དྲོད་མོ་རུ་མཐོང་ཞིང་། གྲང་འདར་རྒྱག་བཞིན་པའི་གནམ་འོག་གི་སྨྱུག་ཚོགས་སུ་བདེ་དྲོད་གནང་བའི་མགོན་སྐྱབས་ཁོ་ནར་ངེས་ལ། ཟླ་བའི་སྤྱན་ལམ་དུ། བསིལ་ཟེར་གྱི་ཟིལ་ཐིགས་དཀར་པོ་ཟིམ་ཟིམ་འབབ་པའི་ཉམས་འགྱུར་མཉེན་མོའི་མཛེས་ཆོས་སུ་མངོན་ཞིང་། ཚ་དྲོད་འབར་བའི་ས་ཆེན་གྱི་སྨྱུག་ཚོགས་སུ་བསིལ་སྣང་སྟེར་བའི་བྱེད་པོ་གཅིག་པུར་འོས།

      ཚིག་རྒྱན་སྨྲ་བའི་གྲྭ་གཞོན་རང་ངོས་ཀྱི་སྙན་ངག་སྒྱུ་རྩལ་ལ་འཚོལ་སྙེག་བྱེད་པའི་དུས་རིམ་ཁྲོད། མི་རབས་རྙིང་བའི་རིན་ཐང་ལྟ་བ་དང་སྲོལ་རྒྱུན་སྙན་རྩོམ་དངོས་གཞིའི་སྒྱུ་རྩལ་ལ་རང་འགུལ་གྱི་དོ་སྣང་ལྡན་པས། སྙན་ངག་ནི་གནད་དོན་གསེད་འགྲོལ་དང་ལྟ་བ་བརྒྱུད་སྒྲོག་བྱེད་པའི་རྣམ་པ་ཙམ་དུ་མ་སོང་བར་རྩོམ་རིག་བརྩམས་ཆོས་ཤིག་གི་མཛེས་དཔྱོད་དང་སྒྱུ་རྩལ་གྱི་རིན་ཐང་ལྡན་པའི་སྤྱི་བསྡོམས་སུ་བགྲངས་ཡོད་པ་ཡིན་སྟབས་སྙན་ངག་ཅིག་ལ་ལྡན་པའི་ཚད་ཐིག་གཙོ་བོ་དེ་བརྗོད་བྱའི་ཁྱབ་ཆེ་ཆུང་མ་ཡིན་པར་གཙོ་བོ་མཛེས་དཔྱོད་ཀྱི་ཚད་ནས་ཐག་གིས་གཅོད་དགོས་པར་དྲན།

    «གཙང་གཤེན་གཞོན་ནུའི་གད་རྒྱངས»ཀྱི་རྩོམ་པ་པོ་དག་ནི་སྙན་ངག་གི་ལྗོངས་ཆེན་པོར་ཞུགས་མ་ཐག་པའི་གཤེན་གྱི་གྲྭ་གཞོན་སྙན་ངག་རང་འདུན་པ་སྐོར་ཞིག་ཡིན་ཡང་། སྒྱུ་རྩལ་མཛེས་དཔྱོད་ཀྱི་ཚད་ཐིག་ལ་རང་ཚུགས་མངོན་པས། ཁོ་རང་ཚོའི་སྙན་རྩོམ་གང་མང་ཞིག་ལ་རོལ་མྱོང་བྱེད་སྐབས་ངེད་ཅག་གི་ཚོར་བ་ལ་བདེ་སྣང་དཔག་མེད་ཀྱི་རོ་བྲོ་སྟེར་ཐུབ་པར་མ་ཟད། རྟོག་པ་སྣ་ཚོགས་སྐྱེ་སའི་བར་སྟོང་འབྱེད་སླ་བ་ཡིན། རྩོམ་མཁན་ཚོའི་གནས་བབ་ལས་མངོན་པའི་ཐུན་མོང་མ་ཡིན་པའི་འཚོ་བའི་རིན་ཐང་གི་ལྟ་ཚུལ་དང་། སོ་སོའི་སེམས་སུ་ཉར་བའི་དགའ་སྐྱོ་སྣ་ཚོགས་ཀྱི་ཚོར་ཤེས་དེ་གཉིས་ཆུ་ལ་ཆུ་བཞག་པ་བཞིན་སྙན་ངག་ནང་ངོས་ཀྱི་འགྱུར་ཁུགས་ལས་ཕྱིར་མཚོན་པར་གདེང་ཐོབ་ཡོད་པར་འདོད་ཅིང་སློབ་ཐོན་བསྡུས་རྩོམ«གཙང་གཤེན་གཞོན་ནུའི་གད་རྒྱངས»ལས་ང་རང་ཚོས་ཡིད་ཆེས་རྙེད་སླ་བ་ཡིན་ལ། ཚིག་འགྲོས་ཀྱི་འཕེལ་ཁ་དང་བསྟུན་ནས་དེའི་མཛེས་ཉམས་ཀྱང་བཞེངས་བསྐྲུན་བྱ་ཐུབ་པར་གདོན་མི་ཟ།

      སྙན་ངག་ལེགས་ཤོས་ཤིག་ལ་མཚོན་ན་རྟོག་པ་ཇི་ལྟར་ཀློང་དུ་བརྡོལ་ཀྱང་འཚོ་བའི་རྨང་གཞི་དང་ཡུན་རིང་གི་བསམ་གཞིག་ཅིག་ཡོད་ངེས་པ་དང་འཚོ་བའི་རྨང་གཞིར་གྱུར་པའི་སྙན་ངག་ལ་བསམ་ན། དུས་ནམ་ཡང་ན་ཟུག་དང་དྲན་གཞིགས། སྡུག་ཡུས་དང་འཛུམ་མདངས། བསྟོད་བསྔགས་དང་ཁྲོ་ཚིག་སོགས་ཀྱི་ཚོར་རེག་ཁྲོད་མུ་ནས་མུ་རུ་རྒྱུད་བཞིན་ཡོད་པས་ཤེས་རྟོགས་དང་ཡིད་ཆེས་ཟམ་མོས་བསྐལ་པའི་སྙན་ངག་ལ་ནམ་ཡང་འདྲ་མཉམ་དང་མཛེས་སྡུག་གི་ཟིལ་ཤུགས་ལྡན་པར་སྨོན་ཞིང་ཀློག་མཁན་གྱི་སྣང་བ་རུ་མྱོང་ཚོར་གསོན་པོའི་ཤ་དྲོད་མཆིས་པར་ཤོག་ཅིག་གུ།

ཞེས་རྒྱལ་རོང་བཤད་སྒྲུབ་སློབ་གླིང་གི་གྱི་ན་བ་ས་ཁའི་བློ་ལྡན་དུ་འབོད་པ་དེས2018ལོའི་ཟླ4ཚེས12ཉིན།

目录(1)-7.jpg目录(1)-8.jpg

目录(1)-9.jpg目录(1)-10.jpg

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།