༢༠༡༥ལོའི་རྒྱལ་གྱི་ཐེམ་སྐས་འགྲེམ་སྤེལ་གནང་བ།

[ཟླ་ཚེས། 2016-01-14 12:25:37][རྩོམ་པ་པོ། རྩོམ་སྒྲིག་པ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

༢༠༡༦.jpg
211.jpg
  དབུ་ཁྱུད་དུ་བྲིས་པའི་གཤེན་གྱི་གསེར་ཏོག

   གནའ་སྔ་མོ་སྟེ། མི་ལོ་ཆིག་ཁྲི་བརྒྱད་སྟོང་ཡན་མན་ཙམ་ནུབ་ཕྱོགས་ཞང་ཞུང་ཕུགས་པ་ཏ་ཟིག་འོལ་མོ་ལུང་རིང་ནས་དར་བའི་གཤེན་བསྟན་གཡུང་དྲུང་གི་ཉི་མ་དེ་ཉིད་ལས་སྨོན་གནས་ས་སྦྲེལ་བའི་ཀོང་ཡུལ་བོན་རི་ནས་རུ་བཞི་ཅན་གྱི་གངས་ལྗོངས་སུ་འོད་མདངས་སྤྲོས་ཡོད་པ་བོན་གྱི་༼མདོ་དྲི་མེད་གཟི་བརྗིད།༽ ༼མདོ་གཟེར་མིག་༽༼མདོ་འདུས་༽ཞེས་པའི་སྟོན་པ་གཤེན་རབ་མི་བོ་ཆེའི་མཛད་མདོ་རྒྱས་འབྲིང་བསྡུས་གསུམ་སོགས་བསྟན་འབྱུང་དག་ལས་གསལ། མི་ལོ་༡༧༠༠གོང་གི་ཡར་སྔོན་སུ་ཤར་ཕྱོགས་རྡོ་རྗེ་གདན་གྱི་འགྲམ་སྟེགས་ནས་ཐུབ་བསྟན་དམ་ཆོས་ཀྱི་ཟླ་བ་དཀར་པོ་རྒྱ་གར་ནས་ཚེས་དུས་དབུས་མེས་དབོན་རྣམ་གསུམ་གྱི་གངས་རིའི་ལྗོངས་ལ་གདན་འདྲེན་ཞུས་ཚུལ་དེ་དཔའ་བོ་གཙུག་ལག་ཕྲེང་བའི་༼ཆོས་འབྱུང་མཁས་པའི་དགའ་སྟོན་༽སོགས་ཆོས་འབྱུང་དག་ལས་བསྟན་ཡོད། མདོ་ཧྲིལ་དུ་བསྒྲིལ་ན། ཡབ་མེས་ཚོའི་བཞགས་པའི་ཕ་ཆོས་ངོ་མ་ལ་བརྩིགས་སུ་འཛིན་ནས་སྲིད་པའི་ལས་སྨོན་གྱིས་འཁྱུད་པས་སེམས་ཅན་རྣམས་ལ་གང་འདོད་གང་དགོས་ཀྱི་རིན་པོ་ཆེ་ལྟར་ཞི་བདེའི་ཞིང་ཁམས་ཞིག་བསྐྲུན་དགོས་པ་ནི་ང་ཚོ་ཕ་བོན་གོང་མས་གཅེས་སུ་བསྟར་བའི་འགན་འཁྲི་ཡིན། ངོ་གནོངས་མི་དགོས་པའི་ཞང་བོད་ཀྱི་རིག་གཞུང་རྙིང་པ་མདོ་སྔགས་སེམས་གསུམ་གྱི་དགོངས་དོན་ཡང་སྙིང་དེ་སེམས་ཐོག་ཏུ་ཡ་མ་བྲལ་ན་དེ་ནི་མྱེས་པོ་གཡུང་དྲུང་བོན་གྱི་རྗེས་འཛིན་ཁོ་ན་ཡིན། ཁ་བ་གངས་ཅན་པའི་ལོ་རྒྱུས་ཀྱི་འབྱུང་ཁུངས་དེ་ཡང་སྙིང་སུ་ལ་ཐུག་ཡོད་མེད་བོད་པ་ཙམ་མ་ཡིན་པ་བོད་ཀྱི་ཤེས་རིག་ལ་དོ་སྣང་གནང་བའི་འཛམ་གླིང་གི་སྐྱེ་བོ་ཀུན་གྱིས་ཤེས་སུ་འཇུག་དགོས་པ་ནི་ཧ་ཀྱང་གལ་ཆེ། དེ་ནི་བོན་པོ་ཙམ་མ་ཡིན་པ་བོད་གངས་ཅན་གྱི་ཆོས་རིག་གི་ལོ་རྒྱུས་ཀྱི་རྡོ་རིང་རྙིང་པ་སྲ་བརྟན་གཏོང་བའི་ཐབས་ལམ་ཡིན་པ་གོར་མ་ཆགས། ནང་བསྟན་ལ་དད་མོས་ཡོད་མེད་ཙམ་མ་ཡིན་པ་གནའ་བོའི་བོད་མི་རིགས་ཀྱི་ཆོས་རིགས་སྲིད་པ་རྒྱུ་ཡི་བོན་པོ་ནས་དབུ་ཙམ་ཏེ་ཞང་རྒྱལ་བྱ་རུ་ཐུབ་པའི་རྒྱལ་པོ་བཅོ་བརྒྱད་སོགས་ཀྱི་དུས་སུ་གནའ་རབས་ཡིག་གེ་ལོ་རྒྱུས་གོམས་སྲོལ་བཅས་ལ་ཞིབ་འཇུག་བྱེད་དང་བྱེད་བཞིན་པ་འདི་དག་ནི་འཛམ་གླིང་གི་གསེར་ཏོག་བོད་ཁ་བ་ཅན་གྱི་ཤེས་རིག་ལ་བྱི་དོར་བྱེད་པ་ཡིན། དུས་མཚུངས་འདི་ག་ཁྱུང་ཡུལ་སྨོན་རྒྱལ་བླ་བྲང་གི་སྒྲུབ་གྲྭའི་གཙུག་ལག་སློབ་གཉེར་ཁང་ནས་ལོ་ལྟར་འདོན་སྤེལ་གནང་བའི་བླ་བྲང་གི་རིག་གཞུང་ལོ་དེབ་༼རྒྱལ་གྱི་ཐེམ་སྐས།༽འདོན་ཐེངས་གསུམ་པ་ཕྱོགས་ཀུན་ཤེས་རིག་པ་དང་དཔྱད་རྩོམ་བ་སྐོར་ཞིག་གི་དགའ་སྟོན་དུ་སྤྱན་འབུལ་ཐུབ་སོང་བ་ནི་ངེད་རྩོམ་སྒྲིག་པའི་ཤེས་འཇོན་ཙམ་མ་ཡིན་པ་ཞང་ཞུང་སྒོ་པའི་འདུས་སྡེ་ཁྱུང་ཡུལ་དད་ལྡན་ཀུན་གྱི་གཙུག་རྒྱན་༧སྨོན་གཤེན་ཀུན་གྲོལ་སྐྱེ་ཕྲེང་བདུན་པ་ནམ་མཁའ་དབང་ལྡན་རིན་པོ་ཆེའི་ཐུགས་རྗེའི་བཀའ་དྲིན་དང་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་གི་མཁས་དབང་དང་ཞིབ་འཇུག་པ་སློབ་གཉེར་སྡེ་ཁག་ནས་རམ་འདེགས་གནང་བའི་ཞང་བོད་ཤེས་རིག་གླེང་སྟེགས་ཀྱི་ཚོམས་བུ་ཞིག་ཏུ་བསྐྲུན་བཞིན་ཡོད། མ་འོངས་པར། དུས་དང་རྣམ་པ་ཀུན་ཏུ་གཡུང་དྲུང་བོན་དང་འབྲེལ་བའི་གནའ་རབས་རྙིང་དྲི་ལྡན་པའི་ཤེས་རིག་དེ་དག་ཕྱོགས་ཀུན་ནས་ཁྱབ་སྤེལ་འཛིན་སྐྱོང་ཐོག་སྐྱེ་བོ་ཀུན་ལ་ཤེས་སུ་བཅུག་པ་ནི་ངེད་ལོ་དེབ་རྩོམ་སྒྲིག་ཚོགས་པའི་སྨོན་པ་འཆོར་ས་དེ་ཡིན། སྒྲོམ་གཞི་ཁག་ནང་དུ་ཡོད་པའི་རྩོམ་ཡིག་ཚང་མ་ངེད་རྩོམ་སྒྲིག་པས་དམིགས་འདུན་མཚོན་མི་ནུས། ཐེངས་གསུམ་པའི་ལོ་དེབ་འདིའི་ཆེད་དུ་བྱང་གཞུང་སྤུ་རུ་ཚང་གི་ཚེ་དབང་བསྟན་རྒྱལ་ལགས་ནས་སྒོར་༢༠༠༠༠ཡིས་སྦྱིན་བདག་གནང་སོང་བའི་སྐུ་ཉིད་སྐུ་ཁམས་གསལ་དྭངས་དང་ཅི་བསམ་ལྷུན་གྱིས་འགྲུབ་པའི་སྡོང་གྲོགས་རྒྱོབ་བཅོལ་ཡོད། སྨོན་གྲྭ་མཚམས་པ་སྤྱི་ཚང་གཡུང་དྲུང་ཟླ་བ་མཆོག་ནས་སྒོར་༡༠༠༠གི་ཞལ་འདེབས་ཕུལ་བ་བཅས་ལ་ཐུགས་རྗེ་ལེགས་གསོལ་ཞུ་བཞིན་ཡོད། ཕྱོགས་མཚུངས་གཟིགས་པ་པོ་དང་ཞིབ་འཇུག་པ་སོགས་ཀྱི་ལོ་དེབ་འདི་ཡར་རྒྱས་གཏོང་ཕྱིར་དགེ་འདོན་སྐྱོན་སེལ་ཐད་ཀར་གནང་བའི་རེ་བ་ཡོད། ཅེས་རྩོམ་སྒྲིག་པ་སྨོན་རྒྱལ་རང་གྲོལ་ཉི་མ་རྒྱལ་མཚན་གྱིས་མཉེས་ཐང་བོད་ལྗོངས་ནང་བསྟན་སློབ་གླིང་ནས་བྲིས། ༢༠༡༥། ༡༢།༨།

01.jpg
02.jpg
དཀར་ཆག

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།