རྫ་ཁྲོ་ཚངས་དགོན་ལྔ་རིག་འཕེལ་རྒྱས་གླིང་ལོ་འཁོར་30འཁོར་བའི་དྲན་དེབ།

[ཟླ་ཚེས། 2015-09-06 19:30:41][རྩོམ་པ་པོ། ཁྲོ་གཙུག་རྒྱན་ཉི་མ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

57019839993697919.jpg 

རྫ་ཁྲོ་ཚངས་དགོན་ལྔ་རིག་འཕེལ་རྒྱས་གླིང་ལོ་འཁོར་སུམ་ཅུ་འཁོར་བའི་དུས་སྟོན་དྲན་དེབ་ལྷ་རྔའི་རང་སྒྲ།

རྫ་ཁྲོ་ཚངས་དགོན་ལྔ་རིག་འཕེལ་རྒྱས་སློབ་གླིང་གི་ངོ་སྤྲོད་མདོར་བསྡུས།

     རྫ་ཁྲོ་ཚངས་དགོན་པའི་བཤད་སྒྲུབ་སློབ་གསུམ་གྱི་ནང་ཚན་ལྔ་རིག་འཕེལ་རྒྱས་སློབ་གླིང་ནི་ལོ་ངོ་སུམ་ཅུ་ལྷག་གི་ལོ་རྒྱུས་ཅན་གྱི་སློབ་གྲྭ་ཞིག་སྟེ། དང་པོར་ཁོད་སྤུངས་གདུང་ལས་སོན་པའི་ཁྲོ་སྤྲུལ་གཙུག་ཕུད་འོད་ཟེར་རིན་པོ་ཆེ་མཆོག སྤྱི་ལོ1986ལོ་སྟེ། མེ་སྟག་ལོའི་བོད་ཟླ་བཞི་པའི་ཚེས་བཅུ་གསུམ་རྒྱལ་ཕུར་འགྲུབ་སྦྱོར་གྱི་ཉིན་མོར། གྲུབ་བརྙེས་གོང་མའི་གདན་ས་ཁྲོམ་རྫོང་ཐེག་ཆེན་ཕུན་ཚོགས་གླིང་དུ་ཞབས་ཕེབས་ཏེ་ཕུན་སུམ་ཚོགས་པ་ལྔ་ཡི་སྒོ་ནས་ཁྲོ་སྤྲུལ་གོང་མའི་གསེར་ཁྲིར་མངའ་གསོལ་མཛད་དེ། བཀྲ་ཤིས་རྟགས་བརྒྱད་ཀྱི་ལྷ་རྫས་ལ་སོགས་འདོད་ཡོན་མཆོད་པའི་སྤྲིན་ཚོགས་གྱ་ནོམ་པ་བཅས་པས་མངའ་གསོལ་ཞིང་། དགེ་མཚན་རྣམ་པར་རྒྱལ་བའི་གྲགས་སྙན་རབ་ཏུ་འབར་ཏེ་རྟེན་འབྲེལ་ཤིས་པའི་མེ་ཏོག་གི་ཆར་དང་ཁྲི་འབུལ་མཎྡལ་སོགས་ངོ་མཚར་ལྷ་ཡུལ་ལ་འགྲན་པ་ལྟ་བུ་བྱུང་བའི་ལོ་དེར། ཁོང་གི་ཡབ་སུ་ལ་གཡུང་དྲུང་དབང་རྒྱལ་རིན་པོ་ཆེ་མཆོག་དང་བྱ་རྒོད་གདུང་འཛིན་ཨ་འཛིན་ཆོས་ལྡན། མཁན་པོ་འབྲུག་གསས་མཁྱེན་པ། བླ་མ་བསྟན་འཛིན་ཉི་མ། རྟོགས་ལྡན་ལྷུན་གྲུབ་རྡོ་རྗེ། ལྷ་རྗེ་པདྨ་དབང་རྒྱལ་སོགས་རྟོག་བྲལ་འགའ་ཡིས་ཐུགས་བཀོད་བཞིན། ཁྲོ་སྤྲུལ་སྐུ་ཕྲེང་ལྔ་པའི་ཡོངས་འཛིན། ཁྲོ་དབོན་ཡིད་བཞིན་དབང་རྒྱལ་གྱི་དངོས་སློབ་ཀུན་བཟང་རང་གྲོལ་མཆོག་བསྐོས་ནས། རྫ་ཁྲོ་ཚངས་དགོན་གྱི་སློབ་གྲྭ་ཞེས་གསར་དུ་འཛུགས་ནས་དགེ་རྒན་དང་པོ་ཁོང་ཉིད་ཀྱིས་མཛད་དེ་ཁྲོ་སྤྲུལ་གཙོས་པའི་སློབ་མ་དག་ལ་ཡིག་བྲིས་ཀློག་འདོན་དང་སྔོན་འགྲོ་བསགས་སྦྱངས་སོགས་ཡོན་ཚད་མཐར་ཕྱིན་པར་མཛད་དོ།།

 418710531718932339.jpg

     དེ་ནས་རིམ་བཞིན་བླ་མ་བྱ་ཁྲོ་རྣམ་གཉིས་གཙོས་པའི་འགན་འཛིན་དབུ་ཁྲིད་རྣམ་པས་བཀོད་སྒྲིག་ལྟར་རིམ་བཞིན་དགེན་གཡུང་དྲུང་ཟླ་རྒྱལ་དང་། དགེན་བདེ་ཆེན་ཉི་མ་དག་གིས་གང་ཕན་གྱི་སྒོ་ནས་སློབ་བུ་བརྒྱ་ཕྲག་ལྷག་ལ་ཀ་ཁའི་རིམ་པ་ནས། ཡི་གེ་འབྲི་ཀློག དགོན་འདིའི་ཚོགས་འདོན་བློ་སྦྱོང་སྐོར། མདོ་སྔགས་ཟུང་འབྲེལ་གྱི་སྒོ་ནས་དུས་མཆོད་འཕྲིན་ལས་སོགས་དང་། དེ་དང་འབྲེལ་བའི་གར་ཐིག་དབྱངས་གསུམ། འབུད་དཀྲོལ་བརྡུང་གསུམ། བཅའ་སྒྱུར་ཕྱག་རྒྱ་སོགས་བཅས་རྒྱ་ཆེར་སྤེལ་བར་མཛད།

 595794446224471013.jpg

     དེས་ཀྱང་མ་ཟད་དགེན་རིན་ཆེན་བདུད་འདུལ་དང་། དགེན་གྲགས་པ་འོད་ཟེར། དགེན་ཡོན་ཏན་བློ་གྲོས་སོགས་ཀྱི་རིང་ལ་སློབ་གླིང་གི་ཕྱིའི་ཁོར་ཡུག་དང་། ནང་གི་དཔལ་འབྱོར། ད་དུང་སྔ་ལས་ལྷག་པའི་བསླབ་པ་སློབ་གཉེར་ཡང་ཇེ་རྒྱས་སོང་བ་སྟེ། དགེ་རྒན་ཁོང་དག་གི་སྐབས་སུ་དགེ་རྒན་ཁོང་ཚོས་གཙོ་བོར་སློབ་མ་སྐྱོང་བའི་ཞོར་དུ། སྒོར་ཁྲི་བདུན་ཅུ་ལྷག་གིས་སློབ་རའི་ཕྱི་ནང་དག་ལ་འཛུགས་བསྐྲུན་གནང་བ་དང། ད་དུང་སློབ་མ་ཁག་ལ་ཡང་སྔ་དང་མ་མཚུངས་པའི་ཡི་གེའི་སྦྱོར་བ་བཤད་པའི་ཕྲད་དང་རྣམ་དབྱེ། བློ་ལྡོག་ལམ་རིམ། ཐ་སྙད་གསར་རྙིང་སོགས་ཀྱི་སྐོར་ནས་ཀྱང་འཆད་ཁྲིད་ཟབ་པོར་གནང་བ་དང་། མ་ཟད་སློབ་གླིང་དེ་གར་མཁས་དབང་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་མཆོག་ཕེབས་སྐབས་སློབ་གླིང་ལའང་ལྔ་རིག་འཕེལ་རྒྱས་སློབ་གླིང་ཞེས་མཚན་གསོལ་མཛད་དེ་ཕྱི་ནང་གི་མཐུ་རྐྱེན་དང་ཕུན་སུམ་ཇེར་ཚོགས་སུ་བྱུང་བའོ།།

 822830837398265825.jpg

     ཡང་སྤྱི་ལོ་༢༠༡༣ལོར་སློབ་གླིང་གི་དགེ་རྒན་ཆེན་མོ་རིན་ཆེན་བདུད་འདུལ་དང་ཡོན་ཏན་བློ་གྲོས་རྣམ་ཉིས་ཀྱིས་སྐུ་ཚེགས་དཀའ་ངལ་ལ་མ་འཛེམ་པར་རང་ཡུལ་དུང་མདའི་འབྲོག་གྲོང་གི་སྐྱ་སེར་ཚང་མ་ཁོམ་སྐབས་དང་སྟུན་ནས་དགོན་སྡེའི་སློབ་གྲྭ་ལས་གཞན་མང་ཚོགས་ཡིག་རྨོངས་སེལ་ཐབས་ལ། རྨོངས་སེལ་ཀུན་ཕན་སློབ་གྲྭ་ཞེས་པ་དེ་གསར་དུ་འཛུགས་པ་ཡིན། ད་བར་དུ་ལོ་གསུམ་རིང་ཡིག་རྨོངས་སེལ་བའི་བྱ་བར་སྒྲུབ་པ་དེ་ཡང་ཡར་ཐོན་དང་ཕན་ཐོག་ངེས་ཅན་ཞིག་བྱུང་བས། ས་གནས་མང་ཚོགས་དང་སྲིད་གཞུང་བཅས་ཀྱིས་དགའ་བསུ་དང་ཡིད་ཆེས་ཆེན་པོར་ཐོབ་པའོ།།

 751162925251804618.jpg

     དེ་ནས་བཟུང་ལོ་རེ་བཞིན་སློབ་གྲྭ་འདི་ནས་སྐད་ཡིག་གི་རྨང་གཞི་ཚུགས་ཏེ་གཞོན་སྐྱེས་སྐྱ་སེར་གང་མང་མང་ཞིག བཤད་གྲྭ་དང་། སྒྲུབ་གྲྭ། སྤྱི་འཚོགས་སློབ་གླིང་དག་ལ་ཕེབས་པ་དང་། རྒན་དགོན་བློ་རྒྱ་ཆེ་ཚོས་ཡང་རང་རང་གི་འདི་ཕྱིའི་དོན་དུ་ཁ་བཏོན་སོགས་ཀྱི་ལས་ལ་འབད་ཀྱིན་ཡོད་པ་ཞིག ད་དུང་ལོ་རེ་བཞིན་སློབ་གྲྭ་དེ་རུ་གདན་ཞུས་བྱས་པའི་རིག་གནས་ཅན་གྱི་དགེ་རྒན་དང་སློབ་གྲྭ་རང་གི་ཚོགས་གཞོན་ཁྲོ་གཙུག་རྒྱན་ཉི་མ་སོགས་ཀྱིས་སྤྱི་ཚོགས་སློབ་གྲྭའི་ངལ་གསོ་དང་སྟུན་ཏེ་ཁྲོ་ཚངས་ལྷ་སྡེའི་སློབ་མ་གཙོས་པའི་སྤྱི་ཚོགས་ཀྱི་སློབ་མ་གང་མང་ཞིག་ལ་སློབ་མ་ཚོས་མོས་པ་ལྟར་ཡིག་གཟུགས་དཀར་ནག་དང་། བན་བོན་གྱི་སུམ་རྟགས། གཙང་གཤེན་སྙན་ངག རྒྱལ་རབས་ལོ་རྒྱུས། ཐ་ན་མིང་གཞི་དང་བཅས་པར་འཆད་ཁྲིད་གནང་བའོ།།

 535431604377684304.jpg

     དེའི་ཕྱིར་སློབ་གྲྭ་འདིའི་ངོས་ནས་ཀྱང་སྐྱ་སེར་གྱི་སློབ་མ་ཁག་གི་ཁེ་ཕན་དང་བེད་པ་ལ་བལྟས་ནས། མི་རིགས་རང་གི་ཕ་སྐད་ཕ་ཡིག་དག་དང་འབྲེལ་བའི་ཡི་གེའི་རྣམ་གྲངས་གྲངས་མེད་ཅིག་དཔེ་བསྐྲུན་བྱས་དང་བྱེད་བཞིན་ཡོད་པ་སྟེ། ༢༠༡༢ཚུད་ཆོད་སློབ་གླིང་འདིས་སྔ་དང་མི་མཚུངས་པའི་ཡི་གེའི་རྣམ་བཞག་སྒོར་ཁྲི་༡༢ཡས་མས་ཤིག་གིས་པར་བསྐྲུན་གནང་བ་དང་བཅས་སོ།།

828947041667284281.jpg 

     ད་སྐབས་ཏེ། དེང་སང་༢༠༡༥ལོ་འདིའི་ནང་ལ་ཚོན་ན་ཡང་། ངེད་ལྔ་རིག་འཕེལ་རྒྱས་སློབ་གླིང་ཚང་གི་སེར་མོའི་སློབ་མ་སུམ་ཅུ་ལྷག་ལ་མཐར་ཕྱིན་ལག་ཁྱེར་དང་། ད་དུང་གྲོང་བ་ཕོ་མོ་གང་མང་མང་ཞིག་གིས་ཀྱང་ལོ་ངོ་གསུམ་ཡས་མས་སུ་ཀ་ཁའི་རིམ་པ་དང་འདོན་ཆས་སྐོར་སོགས་ལ་ཐོས་བསམ་ལེགས་པོར་བྱས་ནས་མཐར་ཕྱིན་པའི་དུས་ཆེན། དེ་ཡང་མ་ཟད་གོང་བཞིན་སློབ་གླིང་འདི་དབུ་ཚུགས་ནས་ལོ་ངོ་སུམ་ཅུ་ལྷག་ཅིག་འཁོར་བའི་མཛད་སྒོ་སོགས་སྤེལ་རྒྱུའི་གཏན་འཁེལ་བྱས་ཡོད།

 35959569220896437.jpg

     མཛད་སྒོ་དེ་དང་འབྲེལ་ཏེ་ཡང་ཆེས་བཀའ་དྲིན་ཞུ་འོས་པ་ནི། མདོ་དབུས་ཁམས་གསུམ་གྱི་བླ་སྤྲུལ་དགེ་བའི་བཤེས་གཉེན་རྣམས་དང་མཁས་ཆེན་མང་བོ་ཞིག་གིས་ངེད་ལྔ་རིག་འཕེལ་རྒྱས་སློབ་གླིང་ལ་ཤིས་ཚིག་ཚིག་ཉམས་ལྡན་པ་མང་བོ་ཞིག་གནང་བར་སྙིང་ནས་གུས་པ་དང་བཅས་ཏེ་སྐུ་དྲིན་ཆེ་ཞེས་ཞུ།།

ཞེས་ལྔ་རིག་འཕེལ་རྒྱས་སློབ་གླིང་ནས།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།