རྩོམ་དེབ་༼སེམས་ཀྱི་རོལ་དབྱངས་༽འགྲེམ་སྤེལ་གནང་བ།

[ཟླ་ཚེས། 2015-03-04 20:58:04][རྩོམ་པ་པོ། དགེ་བཤེས་ཤེས་རབ་རྣམ་རྒྱལ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

ན་གཞོན་གྲྭ་བཙུན་རྩོམ་པ་པོ་ཁྲི་སྨྱུག་དགའ་འམ་བྲའོ་གཙུག་གཤེན་རྒྱལ་མཚན་གྱི་རྩོམ་དེབ་གསར་པ་༼སེམས་ཀྱི་རོལ་དབྱངས་༽འགྲེམ་སྤེལ་གནང་བ།

2.jpg 

  མཚམས་སྦྱོར་རྨི་ལམ་ཞིག་མངོན་གྱུར་བྱུང་བ།

   ཚང་མ་ཁམས་བཟང་། ཉེ་བའི་ལོ་ཤས་ནང་ཁོ་བོས་རྩོམ་རིག་ཟེར་བའི་སྒྱུ་རྩལ་ཞིག་བཙལ་མྱངས་ལ། སྙན་དེབ་ཅིག་བསྐྲུན་ཐུབ་ན་སྙམ་པའི་རྨི་ལམ་ཞིག་གིས་ཡང་ཡང་བསླུ་བྲིད་བྱེད་མྱངས། མཛེས་སྡུག་གི་རྨི་ལམ་ཁྲོད་ནས་འབད་བརྩོན་གྱི་གོམ་པ་རེ་རེས་ད་གཟོད་རྨི་ལམ་དེ་མངོན་གྱུར་བྱུང་སོང་། མ་གཞི་འདི་ལྟ་བུའི་སྙན་དེབ་ཅིག་སྤེལ་ཐུབ་པ་ཡ་མཚན་པའི་བྱ་བ་ཅི་ཡང་མིན་མོད། སྒྱུ་རྩལ་གྱི་དག་ཞིང་མཇལ་འདོད་པའི་སྨྱུག་འཛིན་གསར་པ་ཞིག་གི་ངོས་ནས་མཚོན་ན་ཆེས་དགའ་འོས་པའི་བྱ་བ་ཞིག་ལོས་ཡིན་བསམ་གྱིན་ཡོད། དེ་ལས་ད་ལན་ཐོག་མའི་ལག་རྗེས་སམ་སྙན་དེབ་ཆུང་ཆུང་འདིར་མཁས་པའི་ཞལ་གདམས་དང་ཐུན་མིན་སྒྱུ་རྩལ་གྱི་ངག་རིགས་ཅི་ཡང་མེད་ཀྱང་། ཕ་སྐད་ཀྱི་རང་མདངས་ཉམ་ཞིང་མ་ཡིག་ལ་འགལ་རྐྱེན་རྒོད་པའི་དུས་རབས་འདིར། རང་གི་དགའ་ཕྱོགས་སམ་མི་རིགས་ཀྱི་འདུ་ཤེས་བཟུང་ནས་རང་གི་ནུས་ཚོད་ཀྱིས་ལེགས་སྐྱེས་ཕུལ་བ་ཙམ་ཡིན་ལ། གོམ་པ་དང་པོ་དལ་གྱིས་སྤོས་རྗེས་གཉིས་པ་མུ་མཐུད་སྤོ་རྒྱུའི་ཆོད་སེམས་ཀྱང་དེ་བཞིན་ཡོད་ཅེས་བཤད་འདོད།

1.jpg
རྩོམ་པ་པོ་ཁྲི་སྨྱུག་དགའ་འམ་བྲའོ་གཙུག་གཤེན་རྒྱལ་མཚན།

   ཟུར་དུ་ཀློག་པ་པོ་དག་ལ་ཞུ་རྒྱུར། དེབ་འདིར་དགའ་སྐྱོ་ཆགས་སྡང་གི་ཚོར་འདུ་མ་ཡལ་བའི་མི་བུ་དཀྱུས་མ་ཞིག་གི་རང་མཚང་བསྟན་པ་ཙམ་ཡིན་པས། མོས་ཡུལ་ལ་དད་པའི་མཆོད་སྤྲིན། སྡང་ཡུལ་ལ་ཟུར་ཟའི་མདའ་མོ། ཆགས་ཡུལ་ལ་དུང་སེམས་ཀྱི་སྨྲེ་ངག ད་དུང་རིགས་ཞེན་གྱི་ཀི་སྒྲ་དང་ལྷག་བསམ་གྱི་ཅོང་བརྡ་སོགས། ཚུལ་འཆོས་མ་ཡིན་པའི་མི་བུ་གསོན་པོ་ཞིག་གི་ནང་སྙིང་དམར་འདོན་བྱས་ཡོད་པས། འགའ་ཞིག་གིས་མ་འདོད་པའི་མཆི་ཞགས་འཕེན་ངེས་ལ། ཚོ་ཅིག་གིས་འཐད་པའི་མགོ་བོའང་ལྡེམ་སྲིད། གང་ལྟར་དེབ་འདིས་ཁོ་བོ་ཅི་འདྲ་ཞིག་ཡིན་པ་གསལ་བཤད་བྱེད་ཀྱིན་ཡོད།། 

མཚམས་སྦྱོར་ཚུལ་དུ་གཙུག་གཤེན་རྒྱལ་མཚན་ནམ་ཁྲི་སྨྱུག་དགའ་ནས་ཕུལ།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།