༢༠༡༤ལོའི་བོན་གཤེན་བསྭོ་སྒྲ་འགྲེམ་སྤེལ་གནང་བ།

[ཟླ་ཚེས། 2014-10-16 14:08:50][རྩོམ་པ་པོ། ཁྲ་གཡུང་དྲུང་སེམས་དཔའ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

བོད་ལྗོངས་ཆབ་མདོ་སྟེང་ཆེན་རྫོང་སྟེང་ཆེན་དགོན་པའི་༢༠༡༤ལོའི་ལོ་དེབ་༼  བོན་གཤེན་བསྭོ་སྒྲ་  ༽འགྲེམ་སྤེལ་གནང་བ།
丁青寺杂志2014-前面.jpg
མདུན་རྒྱབ་པར་རིས།
QQ图片20141014200636.jpg
ནང་ངོས་པར་རིས།
2014-丁寺作只3.jpg2014-丁寺作只4.jpg
2014-丁寺作只5.jpg2014-丁寺作只6.jpg
དཀར་ཆག
QQ图片20141014200614.jpg
QQ图片20141014200526.jpg
བར་བཅུག་པར་རིས།
ཐོག་མའི་སྐད་ཆ།

   ས་གཞི་ཟླུམ་པོའི་སྒང་སྲིབ་ཀུན་ལ་འཚོ་གཞིས་བཟུང་ཞིང་རྟོག་དཔྱོད་དང་སྐད་ཆའི་མཁྱེན་ཡོན་གྱིས་ཕྱུག་པའི་འགྲོ་མི་ཅག་ནི་དུས་ཀྱི་བུ་མོ་བརྒྱ་ལོ་ཉེར་གཅིག་པའི་སྣ་མང་ཕུན་ཚོགས་ཀྱི་རིག་གནས་འགལ་རྩོད་ཀྱི་གཡང་གཟར་ཆེན་མོའི་ཁྲོད། ཤེས་རིག་གི་རྒྱབ་ལྗོངས་དང་འདུ་ཤེས་འཛིན་སྟངས་ཡུལ་དུས་ཁོར་ཡུག་གི་རྐྱེན་པས། རང་རང་ལ་དཔག་པའི་རྡོ་རྗེ་ལྟ་བུའི་བཀའ་ལུང་དང་རང་སྟོབས་ཀྱི་རིག་པ་ཞིབ་མོའི་རྣམ་འབྱེད་ཤེས་རབ་ཀྱིས་སྣང་ཞིང་སྲིད་པའི་བོན་ཀུན་གྱི་བདེན་ལུགས་དང་ཉེ་བར་བཅར་བ་ལ་ཧུར་གྱིས་བྲེལ་བའི་དུས་ཚིགས་འདིར། མདུན་བསྐྱོད་ཀྱི་རྡོག་སྒྲ་གོ་ལའི་མདུན་རྒྱབ་ཀུན་ལ་སྒྲོག་ཅིང་ཤེས་རབ་ཀྱི་ཚངས་ཐིག་ཕྲ་ཞིབ་དངོས་པོ་ཀུན་ལ་གདབ་སྟེ་དར་རྒྱས་རྩེར་སོན་གྱི་དབུ་རྒྱན་བཞེས་པའི་མི་རིགས་དག་གི་ཤེས་དཔལ་གྱི་རླབས་ཤུགས་མཐོ་གཙང་གངས་ཀྱི་སྒང་གཤོང་འདིར་དལ་གྱིས་འཕོ་དུས་ན། ང་ཚོའི་མི་རིགས་ཀྱི་དབུགས་རྒྱུན་ཕྲ་མོ་ཡུན་དུ་སྲུང་བའི་གོ་ཁྲབ་བཙན་པོ་ཞིག་སྟེ། ཕ་སྐད་མ་ཡིག་དང་ཡི་གེའི་ཁོག་ཏུ་སྦྲུམ་པའི་སྔོན་རབས་མེས་པོ་ཚོས་ཤུལ་དུ་བཞག་པའི་རིགས་ཀྱི་ངོ་བོ་མཚོན་པའི་རིན་བྲལ་གྱི་གཅེས་ནོར་དམ་པ་རིག་ཚན་འདི་ཚོ་ཕལ་པའི་ཕལ་པ་རུ་འདེད་ཅིང་མངོན་མེད་འདས་པའི་ཀློང་དུ་བཙན་གྱིས་རྫོང་པའི་ཆག་འཇིག་འདི་ཅི་འདྲའི་ཤས་མི་བཟོད་པའི་སྐྱོ་གར་ཞིག་ལ་ཨང་།
   དེ་ལྟར་འཕེལ་འགྲིབ་རྩུབ་རླུང་གིས་གདུང་བའི་རིགས་མཐུན་སྤུན་ཟླ་རྣམ་པས་བབས་བསྟུན་གྱི་རང་འཁྲི་འཕྲག་ཏུ་བཞེས་ཏེ་རང་ནུས་ཆོག་ཚོད་ཀྱིས་རིགས་ལ་སྲི་ཞུ་སྒྲུབ་པའི་བྲེལ་སྟབས་ཀྱི་ཀློང་དུ་གཞོལ་བཞིན་པའི་ཡུལ་དུས་ཀྱི་འཁོར་ཕྱོགས་འདིར། ཆེས་གདོད་མ་ནས་དབུ་ནག་བོད་པ་ཚང་གི་སྣོད་བཅུད་ཡོངས་ལ་ཤུགས་རྐྱེན་ཟབ་ཅིང་། མི་རིགས་འདི་ཡི་སེམས་ཀྱི་ཟབ་སར་ཐིམས་ནས་ཤ་འདྲེས་པགས་འདྲེས་སུ་གྱུར་པའི་ཆོས་རིག་རྙིང་གྲས་ཤིག་སྟེ་གནའ་རབས་སྲིད་པ་བོན་གྱི་རིག་གནས་ཀྱི་རྫོབ་དཔུང་འཐུག་པའི་གཤེན་སྡེ་ཆེན་མོ་ ༧ དཔལ་ཁྱུང་པོ་སྟེང་ཆེན་དགོན་གཡུང་དྲུང་བསྟན་རྒྱས་གླིང་གི་ལྔ་རིག་བཤད་སྒྲུབ་མཐོ་རིམ་སློབ་གཉེར་ཁང་གིས་རི་བོ་གངས་ཅན་པའི་རིག་གཞུང་དར་རྒྱས་ཀྱི་གཞོགས་འདེགས་སུ་དམིགས་ཏེ་ << བོན་གཤེན་བསྭོ་སྒྲ་ >> ཞེས་པའི་དྲུང་མུ་གྱེར་གྱི་ཆོས་རིག་དང་། ཆོ་ག རྩོམ་རིག བྱུང་རབས་སོགས་ཀྱི་རང་ཞལ་ངོམ་སའི་སྣ་མང་གི་སྒྲོམ་གཞི་ཅན་གྱི་དུས་དེབ་འདི་ཉིད་ལོ་བཞིན་བསྟུད་མར་འགྲེམ་སྤེལ་བྱས་དང་བྱེད་མུས་ལགས་པས། འདི་ལོར་བོན་གཤེན་སྨྱུག་ཐོགས་པ་རྣམས་ཀྱིས་འཕྲལ་ཕུགས་གཉིས་སུ་དགེ་བའི་སློབ་གསོ་ཕན་བདེའི་འོད་སྣང་སྤར། བདེན་པ་གཅེར་མཐོང་སྟོན་པའི་ལོ་རྒྱུས་དལ་འགྲོའི་རླབས་ཕྲེང་གཡོས། ཚུལ་མིན་རྣག་ཐུམ་གཤགས་པའི་དཔྱད་བརྗོད་གསེར་གྱི་གཙག་བུ་བརྡར། ཡིད་ཀྱི་མཁའ་ནས་འཕྱུར་བའི་ལྷུག་རྩོམ་དུས་ཀྱི་སྨྲ་ལྕེ་རྐྱོང་། དངོས་ཁམས་གླུ་རུ་བསྒྱུར་བའི་སྙན་རྩོམ་གཡུ་བྱའི་གྲེ་འགྱུར་འགུག བྱུང་ཚུལ་ཝ་ལེར་གསལ་བའི་གནས་བསྡུས་ཀུན་གསལ་མེ་ལོང་བསྟན་ཏེ། དུས་དེབ་འདི་ཡི་གདགས་མིང་དང་འབྲེལ་བའི་རྩོམ་ཡིག་དག་གཙོ་ཆེར་བསྡུས་ནས་ཁ་བ་རི་པའི་སྣ་མང་ཤེས་རིག་གི་སྐྱེད་ཚལ་ཁྲོད་རང་ནུས་གང་ལྕོགས་ཀྱིས་བཏེགས་པའི་མེ་ཏོག་ཆུན་པོ་འདི་ཉིད་རིག་སྨྲ་དགྱེས་པའི་མཆོད་པའི་ཚུལ་དུ་བཤམས་པ་ལགས་པས། རྒྱ་ཆེའི་ཀློག་པོ་རྣམས་ཀྱི་དར་ལུང་རྣ་བའི་གསོས་དང་ཁྲ་ཆུང་མིག་གི་མཛེས་རྒྱན་དུ་འགྱུར་བར་སྨོན་ནོ།། 

ཞེས་བོན་གཤེན་རྩོམ་སྒྲིག་པ་ཁྲ་གཡུང་དྲུང་སེམས་དཔས་ཟླ་ཚེས་བཟང་པོའི་ཉིན་བྲིས།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།