༢༠༡༤ལོའི་བགྲེས་པོའི་འབེལ་གཏམ་ལེགས་འགྲུབ་བྱུང་བ།

[ཟླ་ཚེས། 2014-03-05 19:36:32][རྩོམ་པ་པོ། ][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

༄༅། །བལ་ཡུལ་ཁྲི་བརྟན་ནོར་བུའི་རྩེའི་ལོ་དེབ་༼བགྲེས་པོའི་འབེལ་གཏམ༽༢༠༡༤ལོའི་སྤྱིའི་འདོན་ཐེངས་བཅུ་བཞི་བ་ལེགས་འགྲུབ་བྱུང་བ།
03.jpg
མདུན་ངོས་པར་རིས།
02.jpg
ནང་ངོས་པར་རིས།
04.jpg
ནང་ངོས་པར་རིས།
05.jpg
06.jpg
དཀར་ཆག
01.jpg
རྒྱབ་ངོས་པར་རིས།
བགྲེས་པོའི་སྔོན་གླེང་མཐུན་འབྲེལ་དྲུང་མུའི་དགའ་འཁྱིལ།

   སྲིད་པ་ས་ཆགས་ཀྱི་དུས་ནས་བཟུང་འགྲོ་བ་མི་ཡི་ཁྱིམ་ཚང་ཆེན་པོ་འདིར་གྲགས་པའི་ཐ་ཚིག་གཅིག་ནི། སྤྱི་ཚོགས་ཕན་བདེའི་གཞི་རྩ་སྟེ། མཐུན་འབྲེལ་དང་ཞི་བདེ་ཞེས་སུ་སྨོས་པར་ཟློས་ཅི་དགོས། ཇི་ལྟར་འགྲོ་བ་མི་ཡི་འདུ་ཤེས་གྲུབ་པ་དང་ལྷན་དུ་བཟང་ངན་གྱི་ཚོར་འདུ་སྣ་ཚོགས་ཤིག་ཀྱང་ཆགས་ཡོད་སྟབས། དེས་ན་བྱམས་སྙིང་རྗེས་གཙོས་ཡ་རབས་ཀྱི་ཀུན་སྤྱོད་ཀྱང་རང་བཞིན་གྱིས་སྐྱེ་བོ་སོ་སོའི་རྒྱུད་ལ་ལྷན་སྐྱེས་སུ་ཡོད་པ་ནི་སུས་ཀྱང་འགོག་ཏུ་མེད་པ་ཞིག་རེད། གནམ་འོག་གི་ཆོས་ལུགས་དང་གྲུབ་མཐའ། ཆབ་སྲིད་ཀྱི་སྡེ་ཁག་དག་གིས་ཀྱང་འཇིག་རྟེན་འགྲོ་བའི་ཁམས་ཆེན་པོ་འདིའི་བདེ་སྐྱིད་ཀྱི་ཐབས་ལམ་ཉག་གཅིག་ནི་འགྲོ་བ་མི་ལ་ཡོད་པའི་བྱམས་སྙིང་རྗེ་དང་ཞི་བདེ་འཆམ་མཐུན་གྱིས་གཙོས་བཟང་ཕྱོགས་ལམ་བུ་དག་ཡིན་པར་གླེང་ལ། དེ་དག་ནི་རྒྱལ་ཁམས་དང་། འཚོ་བ་ཡུལ་སྡེ། ཁྱིམ་ཚང་གང་ཞིག་ཡིན་ཀྱང་ལྡན་དགོས་པར་སྨྲ། དེ་དག་རྣམས་ཆོས་ལུགས་པས་འགྲོ་བ་མི་ལ་བསྐྲུན་པའི་ལེགས་སྐྱེས་ཞིག་ཀྱང་ཡིན་པར་ཡང་བརྗོད། དེ་བས་ཉེར་གཅིག་དུས་རབས་འདིར་ཤེས་ཡོན་གྱི་དུས་རབས་དང་། ཞི་བདེ་དང་བག་ཡངས་ཀྱི་དུས་རབས་ཞེས་གནམ་འོག་གི་རྒྱལ་ཁམས་ཀུན་ཏུ་གླེང་།
   ཞང་བོད་མཐོ་སྒང་གི་ཡུལ་འདིའི་རང་སར་དར་བའི་སྲིད་པ་གཡུང་དྲུང་གི་བོན་རིན་པོ་ཆེ་དང་དུས་རབས་བདུན་པ་དང་བརྒྱད་པའི་ནང་ཕེབས་པའི་དམ་པའི་ལྷ་ཆོས་འདི་གཉིས་ཀྱང་སྐབས་རེ་ཕན་ཚུན་ཁྲག་དྲི་འཐུལ་བའི་ལོ་རྒྱུས་ཀྱི་སྐྱོ་གར་ཡང་འཁྲབ་ཡོད་པས། འཛམ་གླིང་ལོ་རྒྱུས་ཀྱི་ལེའུའི་ཁྲོད་དུ་ཆེས་ངོ་གནོང་དགོས་པའི་སྒང་པ་བོད་ཀྱི་རྗེས་ལུས་ཀྱི་ནག་ཐིག་ཅིག་ཀྱང་བསྐྲུན་ཡོད། ལེགས་པའི་ཕྱོགས་ནས་གླེང་ན་རིང་ལུགས་འདི་གཉིས་ལྷན་དུ་གཡུང་དྲུང་ལག་གདང་གི་ཚུལ་དུ་ཕན་ཚུན་ཕུ་ནུ་མཉམ་དུ་སྦྲེལ་བའི་ཟོལ་གྱིས་གངས་རིའི་མུ་ཁྱུད་ཀྱིས་བསྐོར་བའི་ཞིང་ཁམས་འདིས་མ་ཚད་གངས་འདབས་འདི་ནས་བརྒལ་ཏེ་མཐའི་རྒྱ་མཚོ་ཚེན་པོའི་ཕ་རོལ་དུའང་བོད་ཀྱི་ཆོས་དང་དེའི་ཤེས་འབྱོར་རིག་གསུམ་ཞེས་ནུབ་གླིང་པ་རྣམས་ཀྱང་འགྲམ་ཆུ་ལྡང་བར་གྱུར་པས། འདི་ནི་རིང་ལུགས་འདི་གཉིས་ལྷན་དུ་འབྲེལ་ནས་ས་ཆེན་འདིར་བཞག་པའི་ལེགས་སྐྱེས་ཀྱི་རྡོ་རིང་དཀར་པོ་ཞིག་ལོས་ཀྱང་ཡིན་ལ། འདི་དག་འདས་ཟིན་པའི་ལོ་རྒྱུས་ཀྱི་གནའ་ཤུལ་ཞིག་ཀྱང་ཡིན་པར་འདོད།
ཉེ་བའི་དུས་རབས་ཀྱི་ནང་འཛམ་བུ་གླིང་འདིར་ཕྱོགས་ཡོངས་ནས་ཐ་དད་སོ་སོར་གནས་པའི་ཆོས་ཀྱི་སྲོལ་ལུགས་སྣ་མང་དུ་མཆིས་པ་དག་གིས་ཕན་ཚུན་དབར་དགོངས་ཚུལ་བརྗེ་རེས་དང་། གཅིག་གིས་གཅིག་ལ་གུས་བཀུར་དང་བརྩི་སྲུང་སོགས་མཐུན་འབྲེལ་རིན་ཆེན་དབྱིག་གི་ཟམ་པ་བཙུགས་དང་འཛུགས་བཞིན་པའི་ཁོར་ཡུག་འདིར། སྐབས་འགར་བོད་ཕྱི་ནང་གཉིས་སུ་མཚན་སྙན་དབུགས་ཀྱིས་གང་པ་ཆོས་ལུགས་ཆེ་གེ་མོ་དང་ཚོགས་པ་རེ་ཤས་ཀྱི་དབུ་ཁྲིད་རེ་ཟུང་ཞིག་ནས་རྣམ་དཔྱོད་ཀྱི་ཁོ་ལག་རྒྱས་པའི་ཉེར་གཅིག་པའི་སྐྱེ་བོ་དག་གི་ཡིད་སེམས་འགུག་ཐབས་སུ་འབད་དང་འབུང་པའི་མུར། དུས་དང་རྣམ་པ་ཀུན་ཏུ་ཕྱི་མཐའི་སྐྱུར་མོའི་ཆོས་རིག་དང་ཀླ་ཀློའི་སྲོལ་རྒྱུན་ཁག་ལའང་བསྟོད་པ་རི་རབ་ཙམ་འབུལ་བའི་ཞར་དང་ཞོར་ལ། བོད་ཕྱི་ནང་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཤེས་འབྱོར་རིག་གསུམ་གྱིས་ཁྱབ་པའི་འཛམ་གླིང་ཤར་ནུབ་ཀྱི་ཚོམ་བུ་གང་དུའང་ཕ་བོན་གོང་མའི་ཤུལ་ལུས་ཀྱི་ཆོས་ལུགས་འདི་ལ་སྐྱོན་དང་གནོད་པ་གཏོང་ཅི་ཐུབ་བྱེད་བཞིན་པས། འདི་ནི་གཤེགས་ཟིན་མེས་པོ་གོང་མ་དག་ལ་སྨ་འབེབས་ཡིན་པའི་ཁར་རང་རེའི་ཤ་རུས་གཅིག་ཅིང་མེས་པོ་སྲོལ་བཟང་འཛིན་པ་ཤུལ་ལུས་གྱེར་འབངས་འཚོ་ཞིང་གནས་པ་དག་ལ་བརྙས་བཅོས་དང། ཆོས་ལུགས་ཀྱི་དམ་ཚིག མི་རིགས་ཀྱི་མཐུན་འབྲེལ། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལའང་གུས་རྩིས་མེད་པའི་གཏམ་ཞིག་ཏུ་མཐོང་། ཁ་ཚ་དགོས་གཏུག་གིས་གཟབ་དགོས་པ་ཞིག་ནི་སྒང་པ་བོད་ཀྱི་གནའ་རབས་བྱུང་བ་ནག་སུབ་ཏུ་མི་གཏོང་བ་དང་རང་རེའི་སྤྱི་ཚོགས་གང་དུའང་འཆམ་མཐུན་གསེར་གྱི་མདུད་པ་དམ་དུ་གཏོང་མ་ཐུབ་ནའང་སྤྱི་ཚོགས་རྙོག་འཛིང་དང་འཚུབ་ཆ་ཅན་དུ་མི་གཏོང་རྒྱུ་ནི་ངེས་པར་ཐུགས་ལ་འཇགས་དགོས་པ་ཞིག་རེད།
ཡང་གཅིག་ཞུས་ན་དེང་གི་དུས་འདིར་གཞུང་ལུགས་དང་རིག་གནས་ལ་བལྟ་བའི་མིག་ལྡན་རུང་གྲུབ་མཐའི་ཆགས་སྡང་གིས་མྱོས་པ་རེ་ཟུང་ནས་གཞན་དང་གཞན་གྱི་ལྟ་གྲུབ་ལ་བདེན་པའི་ཁུངས་ལུང་མཐོང་ནའང་མ་ཚོར་བའི་ཁུལ་གྱིས་ཡིག་ངག་བརྡ་འཕྲིན་ཅི་རིགས་སྟེང་ནས་གཞན་ལ་སྨོད་པའི་འཆལ་གཏམ་སྣ་ཚོགས་སྤེལ་བར་རྒྱུན་ལྡན་དུ་གཡམ་རྒྱུགས་ཀྱི་རིགས་ལ་དགའ་བའི་ཅོལ་ཆུང་མང་པོ་ཞིག་ཀྱང་ནམ་ལངས་པ་ལྟར་དེའི་རྗེས་སུ་འབྲང།
དེས་ན་ཤ་དང་རུས་པ་གཅིག་པའི་ན་ཟླ་ཚོ་ཅུང་ཟད་ཅིག་སོམས་དང། རང་གི་རྣམ་རིག་དག་གུ་ཡངས་སུ་བཏང་སྟེ་འཛམ་བུ་གླིང་པའི་ཤེས་རིག་སྤྱི་དང་གཞན་ལ་བལྟ་བའི་མིག་རྒྱང་རིང་དུ་གཏོང་རྒྱུ་དང་། དེ་ལྟར་མ་བྱུང་ནའང་རང་གི་ཡབ་མྱེས་གོང་མའི་ཤུལ་བཞག་གི་རིག་གནས་འདི་ལ་གུས་བརྩི་ཞུ་བ་ནི་ཆེས་ཡ་རབས་བཟང་སྤྱོད་ཀྱི་རྣམ་པ་ཞིག་དང་རང་ཉིད་གདོང་དམར་བའི་རིགས་སུ་སྐྱེས་པའི་ལས་འགན་ཞིག་ཀྱང་ལོས་ཡིན་སྙམ།
དེ་བས་ཀྱང་ངེས་པར་དུ་གཟབ་དགོས་པ་ཞིག་ནི་ཆོས་ལུགས་འཐེན་འཁྱེར་དང་ཆོས་ཀྱི་ཞེན་ཁོག་གི་རྒྱ་རུ་མ་ཚུད་པའི་དྭངས་གཙང་དད་མོས་ཀྱི་དུང་བ་རབ་ཏུ་གཡོ་བའི་འཇིག་རྟེན་ཁྱིམ་པ་ཕོ་མོ་དག་ལོག་པའི་ལམ་སྟེ་ཆོས་ལུགས་ཀྱི་ཞེན་འཛིན་གྱི་གཡང་རོང་དུ་མི་འཁྲིད་པར་ཁོང་ཚོས་དད་མོས་ལ་ནག་སུབ་མ་གཏང་ན་ལེགས། དེ་ན་ང་ཚོས་སྔར་གྱི་ལོ་རྒྱུས་ཀྱི་བྱུང་བ་དག་ལས་ལེགས་ཆ་དང་དང་ཉེས་ཆ་གཉིས་ཆར་གཟིགས་ཏེ་འབྱུང་འགྱུར་གྱི་ལམ་བུ་དེ་ཡོ་བསྲང་བྱེད་རྒྱུ་དེ་ད་ལྟ་འཚོ་བཞིན་པའི་ཤ་རྒྱས་ཀྱི་ན་ཟླ་ཚོའི་ཁུར་འགན་ཞིག་རེད་སྙམ།
   རྒྱུ་མཚན་དེ་དག་ལ་བརྟེན་འདི་ག་ངེད་བགྲེས་པོའི་འབེལ་གཏམ་རྩོམ་སྒྲིག་ཁང་ནས་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དུ་བཞུགས་པའི་རྣམ་དཔྱོད་ལྡན་པའི་སྨྱུག་གསར་དག་ལ་རྟིང་སྐུལ་གྱིས་གཞན་གྱི་གྲུབ་མཐའ་དང་ལུགས་སྲོལ་ལ་སྨ་འབེབ་དང་ཟུར་ཟའི་འཕྲང་ལས་རིང་དུ་བརྒལ་ནས་ཞང་བོད་གནའ་རབས་ཀྱི་བྱུང་བ་དང་ལོ་རྒྱུས་ལས་འཕྲོས་ཏེ་ཡབ་མྱེས་ཕ་བོན་གོང་མའི་ཞལ་ཆེམས་དག་བསྐྱར་སློག་གིས་བདེན་པའི་ལོ་རྒྱུས་དང་ཕུགས་རིང་བའི་ཤེས་རིག་གི་བྱུང་བ་ལས་འཕྲོས་པའི་དཔྱད་རྩོམ་དང་བགྲོ་གླེང་སོགས་སྣ་ཚོགས་པ་ཞིག་འཛམ་གླིང་ཤེས་རིག་འདྲེན་སྟེགས་སུ་མཐུན་འབྲེལ་བདེན་པའི་ལེགས་སྐྱེས་ཀྱི་ཟོལ་དུ་འབུལ་བའི་ཁུལ་ལགས་ཀྱང་ང་ཚོར་ཉམས་མྱོང་གི་ཆུ་ཚད་ཞན་པའི་རྐྱེན་ལས་ནོར་སྐྱོན་གྱི་གཡའ་ཅི་མཆིས་གཟུར་གནས་མཁྱེན་པའི་སྤྱན་ལྡན་དག་གིས་ཡོ་བསྲང་ལྷུག་པོར་གནང་རོགས་ཞུ་རྒྱུ་བཅས། །

གཙོ་སྒྲིག་པ་ཆོས་འཁོར་ཚང་དགེ་བཤེས་གཡུང་དྲུང་རྒྱ་མཚོས།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།