དགེ་བཤེས་བསྟན་རྣམ་གྱི་དེབ་གསར༼རྩམ་རིན༽ཞེས་པ་འགྲེམ་སྤེལ་གནང་བ།

[ཟླ་ཚེས། 2013-09-28 00:51:44][རྩོམ་པ་པོ། རིན་སྤུངས་ཚུལ་བསྟན་གྱིས་སྒྲིག][རྩོམ་ཁུངས། ཧི་བོན་ཟིན་བྲིས།][ཀློག་གྲངས། ]

༄༅། །གཙང་སྨན་རིའི་དགེ་བཤེས་དཔའ་བརྡ་བསྟན་རྣམ་ལགས་ཀྱི་དཔྱད་དེབ་གསར་བ༼རྩམ་རིན༽པར་དུ་བསྐྲུན་ནས་འགྲེམ་སྤེལ་གནང་བ།
 271910407146.jpg271910407146.jpg

སྔོན་དུ་ཕུལ་བའི་འཕྲིན་ཐུང་།

  དེ་ཡང་འདི་སྐད་ཅེས་གནའ་མི་སྲིད་པ་རྒས་པོའི་གཏམ་དཔེ་ལས་ཐོས་ཏེ། “གཏམ་དཔེ་མེད་དེ་བཤད་དཀའ། ཇ་ཚ་མེད་དེ་འཐུང་དཀའ།” ཞེས་གྲགས་ཤིང་གྲུབ་པ་ལྟར་སྐབས་དོན་དང་འབྲེལ་བའི་གཏམ་དཔེ་ཞིག་གིས་མདུན་བསུས་ཏེ་གླེང་བར་བྱས་ན། “རི་བོང་མགོ་ལ་ཤ་བའི་རྭ་ཅོ།” ཞེས་པའམ། “དར་བ་ཕོར་པ་གང་ལ་བཤད་པ་མདའ་རྒྱང་གང་།” ཞེས་པ་ལྟར་དཀྱུས་མའི་དེབ་ཆུང་འདི་འདྲ་ཞིག་ལ་ཆེད་དུ་སྔོན་གླེང་བྱ་བའི་དགོས་པ་དེ་ཙམ་མི་ཆེ་བ་ངོས་ནས་ཤེས་མོད་ཀྱང་། གཞན་དུ་ན“གོམ་གསུམ་གོམ་པ་མ་སྤོས་ན། །ཁང་པའི་སྒོ་ཐེམ་ཡིན་ཡང་ལ་མི་ཕོག །ཚིག་གསུམ་ཚིག་ཅིག་མ་བཤད་ན། །དྲིན་ཆེན་ཕ་མ་ཡིན་ཡང་བརྡ་མི་འཕྲོད།།” ཅེས་གྲགས་པ་དེ་ཡང་རྒྱུ་མཚན་གཏན་ནས་མེད་པའི་འཆོལ་གཏམ་ཞིག་མ་ཡིན་པས་ན་སྐབས་ཀྱི་བྱ་བ་དང་འབྲེལ་ཡོད་འགའ་ཞིག་དགོས་པའི་དབང་གིས་སྔོན་གླེང་ཚུལ་དུ་ཅུང་ཟད་མོལ་བར་འདོད་པ་ལ། འདི་ལྟར་དུས་ཡུན་ཅུང་རིང་ཙམ་ནས་མི་བུ་སྒེར་པ་ཞིག་གི་སྒོ་གསུམ་རྩོལ་བའི་རྔུལ་ཆུའི་ཐིགས་ཕྲན་འགའ་ཡུན་ནས་ཡུན་དུ་བསགས་བསགས་པའི་ཉེར་ལེན་ལས《རྩམ་རིན》ཞེས་པའི་བླ་དྭགས་སུ་སྒྲོ་བཏགས་པའི་དེང་གི་དཔེ་དེབ་ཀྱི་གཟུགས་སུ་སྦྲུམ་པ་འདི་སྟེ། རིགས་དང་རྒྱུད་ཀྱི་དབང་དུ་བྱས་ན་ཤ་དང་རུས་པའི་ཆད་ཁུངས་གཅིག་གིས་སྦྲེལ་ལ་ཁམས་དང་མོས་པའི་དབང་དུ་བྱས་ཀྱང་མཐར་ཐུག་འདུན་མའི་ལམ་ཁ་དང་ཤེས་བྱ་རིག་པའི་དར་ཐག་གཅིག་ལ་བློ་སྣ་འཁྱུད་པའི་རིས་སུ་མ་ཆད་པའི་གྲོགས་མཆོག་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་ཡོངས་ཀྱི་གཟིགས་མོར་བཤམས་པའི་རྒྱུ་མཚན་ནམ་དགོས་པའི་མདོ་དོན་ནི། ཡར་ལ་བསྟོད་པའི་དབང་དུ་བྱས་ན་ཡར་རྒྱས་གོང་འཕེལ་གྱི་ཚ་རླབས་དྲག་ཏུ་འཕྱུར་བའི་དུས་རབས་ཉེར་གཅིག་པའམ་མར་ལ་སྨད་པའི་དབང་དུ་བྱས་ན་མར་འགྲིབ་སྙིགས་མ་ལྔ་བདོ་བའི་བསྐལ་པའི་ཁུག་སོ་འདི་ལྟ་བུར། འཛམ་བུ་གླིང་སྟེ་ཟླུམ་གཟུགས་ས་སྒང་རིལ་མོ་གཅིག་གི་ཐོག་ཏུ་ཀུན་ལ་རླུང་ལྟར་གྲགས་པའི་ཆེན་པོ་ལུགས་གཉིས་ཞེས་སུ་གྲགས་པའི་ཡ་གྱལ་ལས། འདིར་སྣང་སྲིད་པའི་བྱ་གཞག་གི་ཡོ་ལང་ཕྱོགས་སུ་ལྷུང་ཚབས་ཆེ་བའི་སྐྱེ་བོ་གང་ལ་ལ་ཞིག་ནི། འབྱོར་ཚོགས་ཀྱི་ཁེ་སྐྱེད་བྱུང་ན་རྒྱལ་བའི་སྐུ་གསུང་ཐུགས་རྟེན་ཡང་ཚོང་ཟོང་དུ་བཤམས་པ་ལ་ཐེ་མི་ཚོམ་ཞིང་རང་དོན་རིན་པོ་ཆེ་ལ་ཐུག་ན་བདེན་པའི་གསེར་ཞལ་ངོ་མ་ཡང་ཆུ་ལ་གཡུགས་པར་ཉམ་མི་ང་བར་ཡོད་ཚད་དང་ཡོད་ཚད་ཀྱི་སྙིང་པོ་ཕྱི་དངོས་པོའི་བདོག་པའམ་འཇིག་རྟེན་གྱི་བོན་བརྒྱད་པོ་འབའ་ཞིག་ཐུགས་དམ་དུ་བསྲེལ་བ་ལས། མཐར་ཐུག་གཏན་བདེའི་གཞི་རྩའམ་ལེགས་ཚོགས་འབུམ་གྱི་འབྱུང་གནས་ནང་ཐོས་བསམ་ཤེས་རིག་གི་དཔལ་ཡོན་ལ་རིན་ཐང་ཅིས་ཀྱང་བརྩི་བར་དཀའ་བའི་ལྔ་སྙིགས་དུས་ཀྱི་མར་གཤམ། ཆོས་སྲིད་ཕར་འདྲེས་ཚུར་འདྲེས། སྐྱ་སེར་གཉིས་གོ་གཅིག་ཆོད། སྲིད་པ་དཀར་ཁྲ་དམར་ཁྲ། དུས་འགྱུར་རླུང་ནག་འཚུབ་སྐོར་གྱི་འུར་ཟིང་བར་མེད་དུ་གཡོ་བའི་དུས་ཚིགས་འདི་དང་འདི་ལྟ་བུར། ཕུན་སུམ་ཚོགས་པ་ལྔ་དང་ཁྱད་པར་བཞི་ལྡན་གྱི་རྒྱལ་བ་རྫོགས་པའི་སངས་རྒྱས་ཀྱི་གསུང་རབ་ཟབ་མོའམ་དཔྱད་གསུམ་རྣམ་པར་དག་པ་ལས་བྱུང་བའི་མཁས་པའི་ལེགས་བཤད་གསེར་གྱི་ཐང་མ་དག་ཀྱང་རབ་ན་ཕྱག་མཆོད་དད་པའི་རྟེན་ཙམ་མམ་དེ་མིན་རྡུལ་གྱི་ཁྲོད་དུ་གྱི་ནར་ངལ་གསོར་བསྟེན་པ་ལས་ཇི་བཞིན་ཐོས་བསམ་རྣལ་མས་ཉམས་སུ་ལེན་པའི་སྐལ་བ་དབེན་པའི་ལུས་ཅན་དང་དེ་དག་གི་ཁོར་ཡུག་ལ་བློ་རྩེ་ཞིག་གཏད་ན། མདོ་མེད་ཚུར་མཐོང་རང་ག་བ་ཞིག་གིས་སུག་ལས་བགྱིས་པ་འདི་འདྲས་ནམ་དང་ནམ་དུ་ཡང་ཕན་པའི་སྡོང་དང་དགེ་བའི་གྲོགས་སུ་འགྱུར་བ་ནི་ཅིས་ཀྱང་དཀའ་བས་ན་དུས་དང་མི་འཚམས་ཤིང་གཞན་ལ་མི་ཕན་པའི་ཁུར་པོ་ཕྲག་ཏུ་བཏེགས་པ་ལས་བྱེད་པོ་ཉིད་ཀྱང་གྱི་ནར་ངལ་གསོར་བསྟེན་ན་འཚེངས་པ་ཙམ་དུ་ཟད་པ་མ་ཡིན་ནམ།།
དེ་ལྟར་ནའང་ད་རེས་དུས་དང་སྲིད་པའི་འཁོར་ཕྱོགས། རྒྱུ་དང་རྐྱེན་གྱི་རྟེན་འབྲེལ་ལས་སྐྱེ་བའི་སྔ་མ་སྔ་མ་ཞིག་ནས་རླབས་ཆེན་གྱི་བསོད་ནམས་བཟང་པོ་དུ་མའི་འཕེན་ཤུགས་ཀྱི་འབྲས་བུ་དུས་ནས་དུས་སུ་སྨིན་པའི་ཉེར་བསྡོགས་ལས། ཆུང་ངུའི་དུས་ནས་མཚན་ལྡན་དགེ་བའི་བཤེས་ཀྱིས་རྗེས་སུ་བཟུང་ཞིང་ཚེ་རབས་ལས་ཀྱི་ལྷ་སྐལ་རྨད་བྱུང་རྒྱལ་བ་གཤེན་རབ་མི་བོའི་བསྟན་པ་ཐེག་ཆེན་གཡུང་དྲུང་བོན་གྱི་སྒོར་ཞུགས་པའི་བསོད་ནམས་དངོས་སུ་ཐོབ་པའི་ཁར། ཕལ་ཆེར་མི་ཚེའི་ཕྱེད་ཙམ་ཞིག་ལ་སྒོ་གསུམ་བགྱི་བའི་དོན་པོ་ཡང་ལུང་དང་རྟོགས་པའི་བོན་རིན་པོ་ཆེ་ལ་བརྩོན་པའི་སྐལ་བ་བཟང་པོ་ཞིག་ཤར་ཞིང་ཤར་བ་དེ་ཡི་ཚེ་ན། ཟབ་མོའི་མདོ་སྔགས་ཀྱི་གཞུང་ཆེན་ཁག་གམ་དེ་འབྲེལ་ཤེས་རིག་ནོར་བུའི་གླིང་ཚོམ་དག་ལ་གོ་རྟོགས་མྱོང་གསུམ་ཅི་རིགས་བྱུང་བ་འགའ་ཞིག་ཞ་དང་ཞོར་ལ་ཟིན་བྲིས་སུ་བཀོད་པ་དག་ལས་ཕལ་ཆེར་དེང་རབས་ཀྱི་དྲྭ་ཚིགས་སམ་དུས་དེབ་སོགས་སུ་བཏོན་ཟིན་མོད། དེ་དག་ཏུ་མ་འཁོད་པའི་རྩོམ་སྣ་འགའ་དང་སྔོན་མར་བཏོན་ཟིན་པ་ཁག་ཅིག་ལ་ཡང་ཚིག་དོན་གང་ཐད་ནས་དགོས་ངེས་ཀྱི་སྣོན་ཕྲི་ཅི་རིགས་ཞུས་པའི་དཔྱད་རྩོམ་གཙོར་བཏོན་གྱི་དཔེ་དེབ་སྟེ། གཙོ་བོའི་དམིགས་སྒོ་ཡང་ངོས་ནས་འདིའི་ཕྱོགས་སུ་སྒོ་གསུམ་བརྩོན་པའི་འབད་འབྲས་ཆུད་ཟོས་སུ་མི་འགྲོ་ཞིང་རང་ཉིད་ཀྱི་བརྗེད་པ་གསོ་ཕྱིར་ཙམ་དང་། གཞན་དུ་ད་ལན་འཛམ་གླིང་གོ་ལའི་དབུ་རྩེ་ཁ་བ་བོད་པའི་ཁྱིམ་རྒྱུད་དུ་སྐྱེས་ཤིང་དྲིན་ཆེན་སྐྱེད་སྨིན་ཟུང་དང་ཕ་ཟས་སྦྲང་དཀར་རྩམ་པས་ལང་ཚོ་སྨིན་པར་བྱས་ཤིང་། དང་ཐོག་བླུན་རྨོངས་དུད་འགྲོའི་གྲལ་འདབས་ཤིག་ནས་མཐར་ངེས་དོན་རྣམ་དཔྱོད་རིག་པའི་དགའ་ཚལ་དུ་སྦྱོར་བའི་བཀའ་དྲིན་མཚུངས་ཟླ་མ་མཆིས་པའི་ཡོངས་འཛིན་དགེ་བའི་བཤེས་གཉེན་རྣམ་པའི་དྲིན་གཟོ་མཚོན་བྱེད་ཙམ་དུ་ཡང་སྨོན་པའི་སྒོ་ནས་ཁ་བྱང་ལ་ཡང《རྩམ་རིན》ཞེས་དགོས་ཆེད་དང་འབྲེལ་བའི་མིང་བརྡས་བརྒྱན་པར་བྱས་པ་སོགས། མདོར་ན་དྲི་མེད་ལྷག་བསམ་དར་དཀར་ཡུག་ཅིག་གིས་ཉེ་བར་དྲངས་ཏེ་དེབ་ཆུང་འདི་བཞིན་མཆོག་གསུམ་རྒྱལ་བའི་ཐུགས་མཆོག་མཉེས་པའི་བླ་མེད་ཀྱི་མཆོད་སྤྲིན་ཞིག་དང་། སྙིང་ཉེ་བའི་རྒྱ་ཆེའི་གཟིགས་མོ་བ་ཡོངས་ཀྱི་སྤྱན་ཟུར་བུང་བ་གཡོ་བའི་འབབ་སྟེགས་དྲི་ཞིམ་ཨུཏྤལ་ཆུན་པོ་ཞིག་གི་ཚུལ་དུ་དངོས་སུ་བཤམས་ཐུབ་པ་འདི་ཀོ་ནི། ཚེ་འདིའི་འདུ་བྱེད་གཅིག་པུས་མ་ཡིན་པར་སྔོན་གོམས་བག་ཆགས་བཟང་པོ་ཞིག་གི་འཕངས་འབྲས་དངོས་སུ་བདོ་བའི་ཉེར་ལེན་ལས་གྲུབ་པར་ངོས་འཛིན་ཡང་ཞུ་བཞིན་ཡོད།།
ཡིན་ནའང་འདིར་འཁོད་ཀྱི་བརྗོད་གཞི་ཕལ་མོ་ཆེ་ནི་རྒྱ་ཆེ་བ་མུ་མེད་ནམ་མཁའ་སྟོང་པའི་ངང་ཚུལ་འགོག་ཅིང་གཏིང་ཟབ་པ་དཔག་ཡས་མ་དྲོས་ཀླུང་ཆེན་གྱིས་ཀྱང་བསྒྲུན་དུ་མེད་པ་འབའ་ཞིག་ཏུ་གྲུབ་པའི་ཚུལ་དུ་སྣང་ཞིང་། དེ་བཞིན་བྱེད་པོ་རང་ངོས་ནས་བསམ་ཚེ་དགོས་པའི་ཟབ་གསལ་མྱུར་བའི་ཤེས་རབ་ནི་རབ་དཀོན་ཉིན་གྱི་སྐར་མའི་ཟླ་བོར་གྲུབ་ཅིང་མི་དགོས་ནོར་འཛོལ་བརྗེད་གསུམ་ནི་གྲངས་མེད་ས་ཡི་རྡུལ་ལ་ཡང་དཔྱས་འདོགས་པའི་གཤིས་ལུགས་ཟློག་མེད་ལྟ་བུར་གྲུབ་འདུག་ཕྱིར། ཆུང་ས་ཚིག་གི་དག་ཆ་དང་སྡེབ་སྦྱོར། ཆེ་ས་དོན་གྱི་གལ་འགག་དང་ཟིན་མཚམས་སོགས་ལ་འགལ་དང་ནོངས་པ་མཆིས་སོ་ཅོག་རྣམས་དྲི་མེད་མཁྱེན་པའི་སྤྱན་དཀྱུས་ཡངས་པའི་མཁས་དབང་དམ་པ་རྣམས་ཀྱི་མདུན་དྲུང་དུ་མི་འཆབ་སྙིང་ནས་མཐོལ་ཞིང་བཤགས་པར་བྱ་བ་ལས་འོས་གཞན་མ་དམིགས་སོ།།
ཞེས་རྩོམ་དེབ་འདི་ཡི་སྔོན་གླེང་ཞིག་གི་ཚབ་ཏུ་དྲིན་ཆེན་ཕ་མའི་གཅེས་མིང་དུ་ཨ་སྐྱབས་སམ། རབ་བྱུང་བཙུན་པའི་ཆེ་མིང་དུ་ལུང་རྟོགས་བསྟན་འཛིན་རྣམ་རྒྱལ། ཐེག་ཆེན་བྱང་ཆུབ་སེམས་སྡོམ་གྱི་མིང་དུ་གཞན་ཕན་དཔལ་བཟང་། རྩོམ་རིག་སྨྱུག་ཐོགས་གྲལ་ལ་འཚང་མིང་དུ་ཁྱུང་གསེར་ཞུན། བསྡུས་མིང་སྤྱི་ཡི་འབོད་ཚུལ་ལ་དཔའ་བརྡ་བསྟན་རྣམ་དུ་གྲགས་པ་སོགས། མདོར་ན་གང་བཏགས་དེ་རུ་སྣང་བ་སྐྱེས་བུ་འོད་མཛེས་དང་ཚུལ་མཐུན་པ་དེས། གཤེན་གྱི་འབྱུང་ལྡན་སུམ་བརྒྱ་དང་ཉག་མ་གཅིག་གི་ནང་ཚན། བོད་རབ་མཛོད་ཆུ་སྦྲུལ་ལོར། རང་གནས་༧གདན་ས་ཞུ་དགོན་སྨིན་གྲོལ་གླིང་༧སྤུ་རྒྱལ་རིག་སློབ་ཁང་གི་རང་ཤག་ལྔ་རིག་རྩེན་པའི་དགའ་ཚལ་དུ་བཤད་སྒྲུབ་བསྟན་པའི་སློབ་གཉེར་གྱི་ཐུན་བར་ཞིག་ཏུ་གང་དྲན་ཤར་མར་བྲིས་པས་དེ་བཞིན་དགེ་ལེགས་འཕེལ་བར་གྱུར་ཅིག་གུ།།

དཀར་ཆག

དབང་ལྡན་ཞུ་ཡི་གདན་ས་ཆེན་མོ་དཔལ་ལྡན་སྨིན་གྲོལ་གླིང་གི་ལོ་རྒྱུས་རབ་གསལ་ཕྲ་མཐོང་ཆེ་ཤེལ་་་་་་་་་
དགོན་སྡེའི་སློབ་གསོ་ལས་འཕྲོས་པའི་ཟུར་གླེང་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
བཀའ་རྟགས་ཕྱག་རྒྱ་བཞི་ཡི་ཡིན་ཚུལ་མདོ་ཙམ་གླེང་བ་རྒྱལ་བ་དགྱེས་པའི་ལམ་བཟང་་་་་་་་་་་་་་་་་་་་་་་་་་་་་
དཔེ་ཆའི་རྒྱལ་ཁམས་ཉུལ་བའི་ཟིན་བྲིས་རྔུལ་ཆུའི་ཐིགས་བསགས་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
གཤེན་རབ་རྣམ་རྩོད་པའི་ལུགས་ཀྱི་བདེན་གཉིས་སྐོར་ཅུང་ཟད་གླེང་བ་དཔྱོད་ལྡན་རིགས་སྨྲ་དགྱེས་པའི་ལེགས་སྐྱེས་་་་་་
ཐེག་འགྲེལ་མེ་ལོང་དགུ་སྐོར་ལས་བྱུང་བའི་དགག་སྒྲ་འགའ་ཡི་དབྱེ་བསལ་དཔྱོད་ལྡན་རིག་པའི་དགྱེས་མཆོད་་་་་་་་་
ཐེག་ཆེན་སེམས་དཔའ་སྤྲོས་མེད་པའི་ལྟ་བའི་གལ་མདོ་ཅུང་ཟད་གླེང་བ་ཟབ་མོ་དབུ་མའི་དགོངས་རྒྱན་་་་་་་་་་་་
ཡེ་གཤེན་བཀོད་པ་དོན་འབུམ་ལས་གསུངས་པའི་དབུ་མའི་ལྟ་བ་སྒྲུབ་བྱེད་ཀྱི་གཏན་ཚིགས་སྐོར་ཅུང་ཟད་གླེང་བ་་་་་་་་་
སྔགས་དངོས་བསྐྱེད་པས་བཞེད་པའི་དོན་དམ་དཀོར་བདུན་གྱི་འཇོག་ཚུལ་ཟིན་ཐོ་ཙམ་བཀོད་པ་་་་་་་་་་་
སྟོང་ར་དང་གཏུམ་མོ་ཞེས་པའི་གོ་དོན་ལ་ཐོག་མའི་དཔྱད་པ་གསར་བུའི་བློ་སྒོ་འབྱེད་པའི་ལྡེ་མིག་་་་་་་་་་
བཀའ་འགྲེལ་གསལ་བྱེད་ལས་འཕྲོས་པའི་དྲི་བ་འགའ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
རིགས་ལམ་ལས་དང་པོ་བ་ལ་སྨན་པའི་རྫས་ལྡོག་སྐོར་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
རྩོད་ལན་ཤ་ཐོག་མེ་བཙའ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
དཔལ་གཤེན་བསྟན་ཆབ་མདོ་དགོན་པའི་གཤེན་གྱི་གར་འཆམ་ཆེན་མོའི་ངོ་སྤྲོད་བསྡུས་བརྗོད་་་་་་་་་་་་་་་་་་་་་་་་་་་་་་
བརྡ་སྤྲོད་སྲིད་པའི་སྒྲོན་མེ་ལས་འཕྲོས་པའི་དྲིས་ལན་གསར་བུའི་བློ་རྡེག་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
བརྡ་དག་ལ་དོ་སྣང་དགོས་འདུག་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
སྐར་རྩིས་སྔོན་འགྲོ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
ཀུན་རིག་ལས་བཞིའི་ཤིང་རྩེག་བཟོ་ཐབས་རྣམ་དག་ལུང་གི་དགོངས་རྒྱན་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
ཞིང་གཡག་པ་མ་རྨ་བྱར་སྒྱུར་བའི་གཏམ་རྒྱུད་མེས་པོའི་ཞལ་ལུང་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
ལ་ལྷ་བཏགས་རྒས་པོ་སྤྲེལ་ལ་སྒྱུར། ད་ཞབས་ཀྱུ་རྒས་མོ་བྱེའུ་ལ་སྒྱུར་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
ངས་ཀྱང་ན་རོ་བོན་ཆུང་སྐོར་ཞིག་གླེང་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
ཤེར་སྒྲོན་དོགས་སེལ་གྱིས་བསླངས་པའི་རང་གི་ལྟ་ཚུལ་སྐོར་ཞིག་ཐོ་རུ་བཀོད་པ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
ཁམས་ཀྱི་ཤོད་ཆེན་བཅོ་བརྒྱད་སྐོར་གྱི་ངོ་སྤྲོད་མདོར་བསྡུས་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
མདོ་ཁམས་སྒང་དྲུག་གི་ངོས་འཛིན་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
གལ་ཆེ་བའི་དུས་ཆེན་ངོས་འཛིན་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
དེབ་འདིར་མ་འཁོད་པའི་རྩོམ་རིགས་སྐོར་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་

ཁྱུང་གསེར་ཞུན་གྱི་ཟིན་ཐོ།----དལ་མཚོའི་རླབས་ཕྲེང་ལས་བཤུས།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།