མཁར་ཡག་བླ་མེད་རྒྱལ་བས་བརྩམས་པའི་དཔྱད་རྩོམ་དེབ་ཕྲེང་གཉིས་པར་སྐྲུན་འགྲེམ་སྤེལ་བྱས།

[ཟླ་ཚེས། 2025-11-09 18:23:41][རྩོམ་པ་པོ། བླ་མེད་རྒྱལ་བ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]


སྔོན་དུ་གླེང་བའི་གཏམ།

  དུས་རབས་བཅུ་གཅིག་པའི་སྟོད་ཙམ་སྟེ་སྤྱི་ལོ ༡༠༡༧ ལོར་ལྷོ་ཡི་འབྲིག་འཚམས་མཐའ་དཀར་ནས་གཤེན་ཆེན་ཀླུ་དགས་བོན་གཏེར་བླངས་པའི་སྙན་པ་དེས། རིག་གཞུང་ལ་དོ་སྣང་ཡོད་པའི་མི་སྣ་མང་པོ་གཤེན་ཆེན་པོའི་རྗེས་སུ་བསྙེགས་ཏེ། བོན་བསྟན་ཕྱི་དར་གྱི་ལོ་རྒྱུས་ཁྲོད་དུ་རྨད་དུ་བྱུང་བའི་མཛད་ཆེན་བསྐྲུན་ཅིང་། དེ་ལ་བརྟེན་རྒྱལ་རིགས་གཤེན་ཚང་འདེགས་པའི་ཀ་ཆེན་རྣམ་བཞི་སྟེ་བྲུ་ཞུ་སྤ་རྨེའུ་སོགས་དོན་ཡོན་ལས་འཛིན་གྱི་ཐོབ་ཐང་བཞེས་པའི་ཁྱིམ་རྒྱུད་ཆེ་ཁག་རིགས་གཅིག་གིས་བོན་གྱི་གདན་ས་སྣ་ཚོགས་བཏབ་ཅིང་། གདན་ས་དེ་དག་བསྐྱངས་པའི་མཁས་པའི་ཁྲོད་དུ་རྩོད་མེད་ཡོངས་གྲགས་ཀྱི་སྟོན་པ་མང་པོ་བྱུང་སྟེ་བོན་གྱི་མཚན་ཉིད་འཆད་ཉན་ལ་སྨན་པའི་བཀའ་བརྟེན་མང་པོ་ཡང་བརྩམས་གནང་མཛད། དེའི་ཕྱིར་དུས་རབས་བཅུ་གཅིག་པ་ནས་དུས་རབས་བཅུ་བཞི་པའི་བར་གྱི་བོན་གྱི་གདན་ས་སོ་སོར་དར་བའི་མཚན་ཉིད་འཆད་ཉན་གྱི་ལོ་རྒྱུས་ནི། བོན་གྱི་མཚན་ཉིད་འཆད་ཉན་གྱི་ལོ་རྒྱུས་སྟེང་གི་གཟི་བརྗིད་བླ་ན་འཕགས་པའི་གསེར་གྱི་ཉི་མ་དང་དུང་གི་ཟླ་བའི་དཔེ་རུ་དྲངས་ཏེ་བརྗོད་ཆོག་པ་ལྟ་བུར་སྣང་།

  གྲུབ་མཐའི་བར་གྱི་འགལ་རྩོད་ཉོན་མོངས་ཅན་དུ་ཆགས་པའི་ཛ་དྲག་གི་དུས་རབས་དག་གིས་བོན་གྱི་མཚན་ཉིད་འཆད་ཉན་གྱི་བསྟན་པ་ཡང་བར་སྐབས་ཤིག་ཏུ་ལོ་རྒྱུས་ལྟ་བུར་ཆགས་ནའང་། དེ་ནས་བརྩིས་པའི་མི་ལོ་བརྒྱ་ཕྲག་གསུམ་ཙམ་འདས་པའི་རྗེས་སུ་སངས་རྒྱས་མི་གཟུགས་སྣང་སྟོན་ཟླ་བ་རྒྱལ་མཚན་དང་ཀུན་མཁྱེན་ཉི་མ་བསྟན་འཛིན་དབང་གི་རྒྱལ་པོ་གཉིས་ཀྱི་རིང་དུ་སླར་ཡང་བོན་གྱི་མཚན་ཉིད་འཆད་ཉན་གྱི་བསྟན་པ་སླར་གསོའི་འཕྲིན་ལས་སྤེལ་ཏེ། ཀུན་མཁྱེན་བླ་མས་སྐྱབས་མགོན་བླ་མའི་བཀའ་དགོངས་བཞིན་མཚན་ཉིད་འཆད་ཉན་ལ་འཇུག་པའི་སྒོ་ལྟ་བུར་ཆགས་པའི་ཐུན་མོང་སྡུད་གྲྭའི་རྣམ་བཤད་རིག་པའི་བློ་སྒོ་འབྱེད་པའི་ལྡེ་མིག་སོགས་གཞུང་ལུགས་གྲགས་ཆེན་མང་པོ་གསར་རྩོམ་གནང་སྟེ། བོན་གྱི་མཚན་ཉིད་བཤད་གྲྭ་ཁག་ལ་སྨན་པའི་འཕྲིན་ལས་དར་རྒྱས་སུ་བཏང་། དེ་དང་བསྟུན་གདན་ས་དེ་ཉིད་དུ་བྱོན་པའི་མཁས་པ་མང་པོས་འཆད་ཉིད་ཐོས་བསམ་གྱི་ཞོར་དུ་མཚན་ཉིད་བརྒལ་བརྟག་གི་དཔེ་ཆ་མང་པོ་ལྗགས་རྩོམ་གནང་སྟེ། བཀའ་གཞུང་ཉན་བཤད་ཀྱི་བསྟན་པ་སྔར་ལས་དར་བའི་ཐུགས་བསྐྱེད་ཟབ་མོ་གནང་བར་བོན་གྱི་བཀའ་བརྟེན་གསུང་རབ་ཀྱི་ལོ་རྒྱུས་དག་ལས་བརྗོད་ཐུབ།

  ཇི་སྐད་དུ། མ་ཐོས་པ་རྣམས་ཐོས་པར་བྱེད། །ཐོས་པ་ཐམས་ཅད་ཤེས་ཤིང་གོམས། །ཞེས་གསུངས་པ་ལྟར། འཆད་ཉན་གྱི་དགེ་བ་ལམ་དུ་སློང་བའི་སྐབས་སུ་རང་ལ་མ་འབྱོར་བའི་ཤེས་རབ་ཐམས་ཅད་རང་ལ་ཐོབ་པར་བྱ་རྒྱུ་དང་། ཐོས་ཤིང་གོམས་པའི་བློ་གྲོས་མཐའ་དག་ཡི་གེའི་གཟུགས་སུ་ཕབ་ཐུབ་པའི་སྐྱེས་བུ་གང་དེ་མངོན་པར་བསྟོད་པའི་གནས་སུ་འཇོག་རུང་སྟེ། མདོ་ལས། གསུང་རབ་རྒྱུ་དང་གང་ཟག་རྐྱེན་གཉིས་ཀྱིས། །འགྲོ་བ་འདུལ་ཞིང་སེམས་ཅན་ཁ་ལོ་བསྒྱུར། །ཞེས་གསུངས་པ་མ་ཡིན་ནམ།

  དེ་ལྟར་འདིར་བརྗོད་པར་བྱ་བའི་གཞི་ནི་ཨ་མདོ་ཤར་ཁོག་གི་ཁོངས་གཏོགས་དཔལ་གཤེན་བསྟན་མཁར་ཡག་དགོན་ནམ་གཡུང་དྲུང་ནོར་བུ་དར་རྒྱས་གླིང་གི་གྲྭ་བཙུན་ནོར་བུ་བཀྲ་ཤིས་སམ་ཚུལ་མིང་བླ་མེད་རྒྱལ་བ་མཆོག་གིས་མ་ཡུམ་བཤད་གྲྭ་ཆེན་མོ་སྟེ་གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་དུ་ལོ་ངོ་བཅུ་ཕྲག་གཅིག་གི་རིང་དུ་འབད་པ་ལྷུར་ལེན་ངང་ཐོས་བསམ་འཆད་ཉན་གྱི་ཞོར་དུ་བྲིས་པའི་བརྩམས་ཆོས་ཁག་གཅིག་ཕྱོགས་སུ་བསྒྲིགས་ཏེ། «ལུང་གི་དགོངས་པ་ལ་རིག་པས་དཔྱད་གཏམ་ཉི་ཟེར་སྙིང་པོ།»ཞེས་རང་ལུགས་བཞག་པ་དང་། གཞན་ལུགས་དགག་པ། རྩོད་པ་སྤང་བའི་ལམ་ནས་བརྒལ་བརྟག་གི་འཕྲུལ་འཁོར་བསྐོར་བའི་དཔྱད་བརྗོད་ཅི་མང་ཞིག་ཕྱོགས་སུ་བསྒྲིགས་པའི་སྡེ་ཅིག་སྟེ། བདེ་འདིའི་ནང་དུ་མཚན་ཉིད་མདོ་ཕྱོགས་སུ་དོགས་སློང་ཆེ་ཞིང་། གནད་ཀ་ཆེ་བའི་འཛིན་མཚམས་དང་བརྒལ་ལན་སྣ་ཚོགས་ཞིབ་ཏུ་དབྱེ་བ་ཕྱེས་ཏེ་གསེད་བཀྲོལ་ཅི་ཐུབ་བྱས་ཡོད་པ་དང་། ལྷག་པར་དུ་གཞུང་ལུགས་གྲགས་ཆེན་མང་པོ་དང་དུ་བླངས་ཏེ་རང་གི་ལྟ་བ་སྣ་ཚོགས་ལ་བདེན་དཔང་བྱས་པ་འདི་ཡང་ཧ་ཅང་ལེགས། དེ་བཞིན་དུ«འབྱུང་ལྔའི་ཁམས་ཀྱིས་འགྲོ་བའི་བདེ་སྡུག་ནག་འགྲོས་སུ་བརྩི་ཐབས་སྣང་སྲིད་གསལ་བའི་མེ་ལོང་།»ཞེས་པར་རེའུ་མིག་དང་པར་རིས་སོགས་ཀྱི་ལམ་ནས་རྩིས་ཀྱི་ནང་དོན་གོ་བདེར་བཏང་སྟེ། ནག་རྩིག་རིག་པ་ལ་འཇུག་པ་དང་སྦྱང་འདོད་ཆེ་བའི་མི་དག་ལ་ཕན་པ་ཆེ་བའི་དེབ་གཅིག་གསར་སྐྲུན་གནང་བ་འདི་ཡང་ཤིན་ཏུ་ལེགས། དེ་ལྟར་ཁྱེད་ཉིད་ལོ་ན་ཆུང་ཡང་རང་ཉིད་རང་ག་བ་ཞིག་མ་ཡིན་པར་སྒྲུབ་བྱེད་ཀྱི་བདེ་གཉིས་ལེགས་གྲུབ་བྱུང་བ་ནི་ཨེ་མ་ངོ་མཚར་ཆེ་བའི་གནས་ཏེ། སྤ་སྟོན་སྨྲ་སེང་བཟང་པོས་ཀུན་གྱིས་བཀུར་གནས་སུ་གྱུར་པའི་ཡོན་ཏན་ནི། འཆད་པ་དང་། རྩོམ་པ་དང་། རྩོད་པ་ལ་སོགས་པའི་ཚུལ་ལ་སྤོབས་པ་ཐོགས་ཆགས་མེད་པའི་སྐྱེས་བུ་དེ་ཡིན་ལ། དེ་ལྟ་བུའི་རླབས་པོ་ཆེའི་མི་ནི་སྟོན་པའི་གདུང་སོབ་བྱེད་ཅིང་སྐྱེ་བོ་ཐམས་ཅད་ཀྱིས་མཆོད་ཅིང་བཀུར་བའི་གནས་སུ་གྱུར་ཅེས་གསུངས་པ་མ་ཡིན་ནམ། ངའི་ཁུ་བོ་སྟེ་ར་སྟོན་རྒྱལ་བ་བསྟན་འཛིན་དང་འབྲེལ་ཏེ་ང་རང་མཁར་ཡག་དགོན་ལ་ཐེངས་མང་འགྲོ་མྱོང་བར་མ་ཟད། མཁར་ཡག་དགོན་པ་ནི་རང་གི་དགོན་པ་ཡིན་པའི་དྲན་པ་ཞིག་ནམ་ཡང་བློ་ངོས་ནས་ཤོར་གྱིན་མི་འདུག དེ་ནི་ཞང་བོ་བཀའ་དྲིན་ཅན་གྱིས་དགོན་པ་འདི་བསྐྱངས་མྱོང་བའི་རྣམ་ཐར་བཟང་བོ་དེས་ཡིན་སྲིད། དེའི་ཕྱིར་མཁར་ཡག་དགོན་དང་དགོན་པའི་གྲྭ་བཙུན་གང་དག་གི་ཐོས་བསམ་འཆད་ཉན་ལ་བཞག་པའི་རྣམ་ཐར་གང་ལ་ནམ་ཡང་རྣ་ཉན་བྱས་ནས་བསྡད་པ་ཡིན། གྲོགས་པོ་དག་གི་ཁ་བརྡའི་ཁྲོད་ནས་ཀྱང་མཁར་ཡག་དགོན་པའི་ཐོས་བསམ་འཆད་ཉན་པ་དག་གི་འགྲོ་འདུག་ལ་རྣ་བ་ཡང་ཡང་བླགས་པ་ཡིན།

  དེ་ལྟར་བླ་མེད་རྒྱལ་བ་སོགས་གྲོགས་པོ་སྐོར་ཞིག་གི་བརྩོན་འགྲུས་དང་རིག་པ་ལ་རྗེས་སུ་ཡི་རང་འབུལ་མཁན་མང་པོ་བྱུང་བས། ངས་ཀྱང་སློབ་མ་ཁོང་དང་ཁོང་ལྟ་བུ་ལ་རེ་བཞག་དང་དོ་སྣང་མང་ཙམ་བྱས་པ་ཡིན། ཡིན་ནའང་ངེད་གཉིས་ཀྱི་འབྲེལ་བ་ནི་ཕན་ཚུན་ངོ་ཤེས་པ་ཙམ་ལས་དམིགས་བསལ་བའི་ལོ་རྒྱུས་གང་ཡང་མེད། རྒྱུ་མཚན་ང་རང་གནས་སྐབས་འདུག་སའི་ཡུལ་ནི་ཨ་མདོ་སྣང་ཞིག་དང་བསྡུར་ན་ཁ་ཐག་ཧ་ཅང་རིང་ས་ཞིག་ཏུ་ཡོད་པས་ཡིན་ཡང་སྲིད།

  «ཁམས་བརྒྱད»དུ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དག་མཁས་པར་བློ་སྦྱོང་བའི་དགེ་བའི་རྩ་བ་ཅི་བགྱིས་གང་ལགས་པ་ལ། དད་པ་ཆེ་ཞིང་སྐྱོ་ངལ་མེད་པ་དེ་ནི་ཨེ་མ་ངོ་མཚར་ཆེའོ། །ཞེས་གསུངས་པ་བཞིན། འདིར་བརྗོད་པའི་མཁར་ཡག་བླ་མེད་རྒྱལ་བ་ལགས་ནི་དད་པ་ཆེ་ཞིང་སྐྱོ་ངལ་སྤངས་པའི་ཐོས་བསམ་རྣལ་མ་པ་ཞིག་ཡིན་པའང་ཁོང་གི་འདས་པའི་ལོ་རྒྱུས་སུ་བཀོད་པའི་བློ་འཛིན་སྐྱོར་སྦྱང་དང་། ཐོས་བསམ་བློ་སྦྱོང་གི་ཞབས་རྗེས་དག་གིས་བདེན་དཔང་བྱས་པ་ཞིག་རེད། དེའི་ཕྱིར་ཉིད་ཀྱི་མ་འོངས་པའི་མི་ཚེ་ཇི་ལྟ་བུ་ཞིག་ཏུ་འགྱུར་རྒྱུ་ཡིན་མིན་ནི་རང་གི་ཐོས་བསམ་འཆད་ཉན་ལ་བཀོད་པའི་རྣམ་འགྱུར་ལ་རགས་ལས་པ་སྟེ། ཇི་སྐད་དུ། གང་ལ་བཤད་ཉན་ཡོད་པ་ན། སོ་སོར་རྟོགས་པའི་ཤེས་རབ་ཡོད། ཅེས་གསུངས་པ་བཞིན་ཁྱེད་ཀྱི་འཆད་ཉན་ཐོས་བསམ་གྱི་ལོ་རྒྱུས་ཇི་སྲིད་འཚོ་བའི་བར་དུ་འདེད་ཐུབ་པའི་རེ་བ་ཡོད། ཡིད་ཆེས་ཡོད།

  མཇུག་མཐར་མཁར་ཡག་བླ་མེད་རྒྱལ་བའི་འཆད་ཉན་ཐོས་བསམ་གྱི་ལམ་ཁ་སྔར་ལས་ཡངས་ཤིང་། དེ་ལ་བརྟེན་མ་འོངས་པར་སྒོམ་རྟོགས་ཀྱི་ཤེས་རབ་འཕེལ་ཏེ་སངས་རྒྱས་ཀྱི་བསྟན་པ་དང་སེམས་ཅན་ལ་གོ་ཆོད་པའི་སྐྱེས་བུ་ཞིག་ཏུ་འགྱུར་བ་རེ་བའི་བསྒུག་རྒྱུ་ཡིན།

  ཞེས་ཁྱུང་པོ་བློ་གྲོས་རྒྱལ་མཚན་གྱི་གདན་ས་ཁམས་ཀྱི་རིན་སྤུངས་དགོན་དུ་ཀ་ཤུལ་བསོད་རིན་དུ་འབོད་པས་སྦྱར་བ་དགེའོ། །

  གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་སློབ་མ་ནོར་བུ་བཀྲ་ཤིས་སམ་བླ་མེད་རྒྱལ་བ་ནི། སྤྱི་ལོ༢༠༠༠ལོའི་ཟླ༤པའི་ཚེས༡༥ཉིན་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་ཟུང་ཆུ་རྫོང་མཁར་ཡག་དགོན་གྱི་ཉེ་འདབས་སུ་བརྡ་ངག་ཚང་གི་ཕ་བསྐལ་དུག་ཡག མ་གཡུང་དྲུང་མ་གཉིས་ཀྱི་སྲས་སུ་ལུས་རྟེན་རྙེད་ཞིང་། ཆུང་བྱིས་པའི་དུས་ནས་སློབ་སྦྱོང་གི་སྐལ་བ་ལྡན་ཏེ་རང་སྡེའི་སློབ་ཆུང་འགྲིམས། ལོ་དགུའི་ཐོག་ཏུ་དཔལ་གཤེན་བསྟན་མཁར་ཡག་གཡུང་དྲུང་ནོར་བུ་དར་རྒྱས་གླིང་གི་ཚོགས་གྲལ་དུ་ཞུགས། ཞོར་དུ་འཕྲུལ་ཡིག་བཞི་བཅུ་སོགས་ལ་སྦྱངས་བར་མཛད། སྤྱི་ལོ༢༠༡༣སྟེ་ལོ༡༣ཐོག་སློབ་སྦྱོང་གི་དམིགས་ཡུལ་གཙུག་ཏུ་བཟུང་ནས་མདོ་སྨད་སྣང་ཞིག་དགོན་ཆེན་དུ་བྱོན། རྣམ་དག་འདུལ་བ་འཛིན་པའི་དགེ་རྒན་ཆེན་མོ་གཙུག་ཕུད་འོད་ཟེར་བླ་མ་རུ་བསྟེན་ནས་ཡོན་ཏན་ཀུན་ཀྱི་གཞི་མ་འབྲི་ཀློག་ལ་སྦྱངས་བ་མི་དམན་པར་བྱས། སྤྱི་ལོ༢༠༡༥ལོ་སྙན་གྲགས་ཀྱི་བ་དན་དགུང་དུ་འཕྱུར་བའི་སློབ་གླིང་ཏེ། ཐོས་བསམ་སྒོམ་གསུམ་ལ་མངའ་བརྙེས་ཤིང་བཀའ་དྲིན་གཞལ་ཐབས་བྲལ་བའི་གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་དགེ་བའི་བཤེས་གཉེན་དམ་པ་རྣམས་ཀྱིས་དྲུང་ནས་དམའ་སྡུད་གྲྭ་ནས་བཟུང་རིམ་བཞིན་སློབ་གཉེར་མཛད་ནས་ཁོའི་བརྩོན་སེམས་ཀྱི་སྤོབས་པ་ལ་རྒན་པའི་བསྟོད་པ་དང་བྱིས་པའི་མིག་ལྟོས་བྱེད་ཡུལ་དུ་གྱུར། ད་ལོ་གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་སྔགས་འོག་མའི་འཛིན་གྲྭ་ཡིན་ལ་བརྩོན་པ་ཆུ་བོའི་རྒྱུན་བཞིན་མུ་ནས་མུ་རུ་མཛད་པའི་སྐབས་སུ་ལགས།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།