གལ་ཆེ་བའི་སློབ་དེབ་དང་། དཔེ་འཕྲིན་གསར་བ།

[ཟླ་ཚེས། 2017-10-08 21:08:59][རྩོམ་པ་པོ། ཀ་ཤུལ་བསོད་རིན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

1507468216844713.jpg

   ཇི་སྐད་དུ"ཞིང་ས་བཟང་ལ་ས་བོན་ཐེབས། སོ་ནམ་མཁས་ན་འབྲས་བུ་སྨིན"ཞེས་གསུངས་པ་ལྟར། རྒྱུ་ཞིང་ས་བཟང་པོ་ཞིག་འཛོམས་པ་དང་། དེ་ལ་སོ་ནམ་མཁས་པའི་ཞིང་ལས་ཀྱི་སྟོབས་འཛོམས་ན་འབྲས་བུ་ལེགས་པོ་སྨིན་པ་བཞིན་དུ། ང་ཚོས་ཀྱང་ཤེས་རབ་བཟང་བོ་སྨིན་ཆོག་ཆོག་གི་བོད་ཀྱི་ན་གཞོན་ཚོ་དང་ལྷག་པར་དུ་གྲྭ་བཙུན་གཞོན་རབས་ཚོ་ལ་རྨང་གཞིའི་རིག་གནས་གྱ་ནོམ་ཞིང་ཤེས་བྱ་རིག་གནས་ཀྱི་གཞི་རྩ་ཡག་པོ་ཞིག་བསྐྲུན་པར་བྱ་བ་ནི་གནད་ཀྱི་དམ་པ་ཡིན་སྙམ། དེ་ལྟར་བོད་ཀྱི་དགོན་སྡེའི་རྨང་གཞིའི་ཤེས་རབ་སློབ་སྟངས་ནི་འདོན་ཀློག་ཁོ་ནའི་ལམ་དུ་ཞུགས་ཏེ་ཡོང་བཞིན་ཡོད་པ་དེས་འདོན་ཀློག་གི་སྨྲ་ལྕེ་བྱང་བ་ཙམ་ལས་གཞོན་ནུ་དག་གི་བསམ་བློའི་འཕེལ་ཚད་དང་བློ་གྲོས་ཀྱི་རྒྱ་སྒོ་ཡངས་པོར་ཕྱེ་བ་ལ་ནུས་པ་ཅི་ཡང་འདོན་ཐུབ་ཀྱི་མེད། ལོ་འདི་འགར་ལྗོངས་ཞིང་ལྔའི་མཉམ་བསྒྲིགས་སློབ་དེབ་གཙོ་ཡིན་པའི་བོད་ཀྱི་ཁོར་ཡུག་ཏུ་སློབ་དེབ་མི་འདྲ་བའི་རིགས་ཚད་དང་ལྡབ་ཚད་ཇེ་མཐོར་འགྲོ་བཞིན་ཡོད་པ་ནི་ཤིན་ཏུ་དགའ་འོས་པའི་གནས་སུ་ལེགས་མོད། དེ་ཡང་སློབ་དེབ་ནང་གི་ལེ་ཚན་རེ་འགའ་ལས་གཞན་ཐུན་མོང་ལ་དབང་ཞིང་། ཐུན་མོང་གི་ཤེས་རབ་འཆར་སྒོ་རུ་འཕན་ཐོགས་པའི་གནས་ཡིན་ཟེར་ན་ཤིན་ཏུ་དཀའ་བ་ཅན་ཏེ། ངས་བལྟས་ན་བོད་ཀྱི་རིག་གནས་ནི་དད་པའི་ཁོར་ཡུག་ན་འཚོས་ཤིང་དད་པ་གཙོར་འཛིན་པའི་རིག་གནས་ཅན་དུ་སྣང་བས་ན། སོ་སོའི་ཁས་ལེན་དང་། སོ་སོའི་མོས་པ་མི་འདྲ་བའི་དབང་གིས་སློབ་དེབ་ཅིག་རྩོམ་སྒྲིག་བྱས་པ་ཙམ་གྱིས་ཐུན་མོང་གིས་ལོངས་སུ་སྤྱོད་བྱ་རུ་འགྱུར་བའི་ངེས་པ་མེད། དེ་ཡང་བདག་གིས་ལོ་ལྔ་ཡི་རིང་དུ་བརྗོད་བྱ་དགོན་སྡེ་ཅན་གཙོར་བཞག་གི་ཤེས་བྱ་སྣེ་འདུས་ཅན་གྱི་དེབ་དྲུག་གི་བདག་ཉིད་ཅན་ཞིག་སྒྲིག་རྩོམ་བྱས་ཤིང་། དེ་དག་ལྗོངས་ཞིང་ལྔའི་མཉམ་བསྒྲིགས་སློབ་དེབ་སོགས་སློབ་དེབ་སྒྲིག་རྩོམ་བྱས་པ་གང་ལེགས་དག་ལ་སློབ་སྦྱོང་དང་ལེགས་ཆ་ཚུར་ལེན་བརྒྱུད་དེ་བསྒྲིགས་པ་ཡིན། རེད་དེ་ད་སྔའི་བོད་ཀྱི་བསླབ་གཞིའི་སློབ་དེབ་དག་གི་ཡིག་གཟུགས་ཀྱི་ཆ་ནས་དབུ་ཅན་ཁོ་ནས་བསྒྲིགས་པ་ཡིན་སྟབས། བོད་ཀྱི་ན་གཞོན་སློབ་མ་དང་ལྷག་པར་དུ་དགེ་རྒན་དང་ཞིབ་འཇུག་སློབ་མའི་གྲངས་འབོར་ནང་དུ་དབུ་མེད་ཀློག་ཐུབ་མཁན་ཤིན་ཏུ་ཉུང་བས། དབུ་མེད་དུ་གསལ་བའི་བོད་ཀྱི་ཤེས་དཔལ་རིག་གསུམ་གང་དག་ལ་དེའི་རིགས་ཀྱིས་འགྲེལ་བཤད་དང་ཞིབ་འཇུག་གི་གོ་གནས་གང་ཡང་ལོན་གྱིན་མེད་པའི་སྟོང་ཆ་ནི་མངོན་གསལ་དོད་པོ་ཅན་ཞིག་རེད། དེའི་ཕྱིར<<ཀ་ཁ་ག་ང>>ཞེས་པའི་རྨང་གཞིའི་ཤེས་བྱ་སློབ་དེབ་དབུ་མེད་ཅན་འདི་བསྒྲིགས་པ་ནི་བོད་ཀྱི་དགོན་སྡེའི་ཤེས་བྱ་གཙོ་སྐྱོང་གི་ཐབས་ཁོ་ན་ཙམ་མ་ཡིན་པར། བོད་ཀྱི་རིག་གནས་དང་ལྷག་པར་དུ་བོད་གནའ་རབས་རིག་གནས་ལ་ཞིབ་འཇུག་བྱེད་པར་འདོད་པའི་སྐྱེས་བུ་དག་གི་དགོས་དམིགས་ཡང་སྐོང་བར་དམིགས་སུ་བཟུང་ཡོད། དེའི་རྒྱུ་མཚན་ནི་རྒྱ་ཆེ་གཏིང་ཟབ་ཀྱི་བོད་ཀྱི་རིག་གནས་མཐའ་དག་ནི་དབུ་ཅན་ཁོ་ནས་ལམ་ནས་གཏན་ལ་ཕབ་པ་ཞིག་མ་ཡིན་པར་མ་ཟད། ལྷག་དོན་གནའ་རབས་བོད་ཀྱི་རིག་གནས་ཕོན་ཆེ་བ་ཞིག་དབུ་མེད་ལམ་ནས་གཏན་ལ་ཕབ་ཡོད་པས་ན། ཤེས་ལྡན་གཞོན་ནུའི་ཚོགས་ལ་དབུ་མེད་སློབ་དེབ་ཅིག་ཉེ་བར་མཁོ་བ་དེའོ།

1507468216120334.jpg

   འདིར་བརྗོད་པའི<<ཀ་ཁ་ག་ང>>ཅན་གྱི་གཞི་རྩའི་སློབ་དེབ་འདིའི་ནང་དུ་ཀློག་སློབ་པའི་འགོ་མ་རྩ་བའི་ཚིག་གྲུབ་རིག་པ་ནས་བཟུང་སྟེ། སྦྱོར་ཀློག་དང་། འབྲི་ཀློག བློ་འཛིན་དང་། སྐྱོར་སྦྱོང་། རྒྱུན་ཤེས་དང་། རྒྱུན་སྤྱོད། གདམས་ངག་དང་། བསླབ་བྱ། སྤྱོད་ལམ་དང་། མི་ཆོས། བྱིས་སྒྲུང་དང་། རྣམ་ཐར། ཁ་མཚར་དང་། ཁེད་འཇོག དྲི་བ་དང་། དྲིས་ལན།ལོ་རྒྱུས་དང་། རྟོགས་བརྗོད། དག་ཡིག་དང་། སྙན་ངག མཚན་ཉིད་དང་། རིགས་ལམ། ཚན་རིག་དང་།  ལོ་རྒྱུས་དང་། ནང་རིག རྣམ་གྲངས་དང་། མངོན་བརྗོད། ཚན་རིག་དང་། ཐ་སྙད་གསར་གྲུབ་ཀྱི་མིང་ཚིག་སོགས་ཤེས་རིག་ཀུན་འདུས་ཀྱི་སློབ་དེབ་ཕུན་སོགས་ཚོགས་པ་ཞིག་ཡིན། བསླབ་གཞིའི་ཤེས་བྱ་དེ་དག་ཡང་རི་མོ་དང་རིའུ་མིག་སོགས་ཀྱི་ལམ་ནས་ངོ་སྤྲད་དེ། གཞོན་ནུ་བློ་གསལ་བ་དག་ལ་གཞི་རྩའི་རིག་པའི་རྨང་འདང་བར་དགོས་དམིགས་ཧ་ཅང་ཆེ་བ་དག་ཕྱོགས་སུ་བསྒྲིགས་ཡོད། ངོ་སྤྲོད་པའི་ཤེས་བྱ་མཐའ་དག་ཡང་ཚིག་ཉུང་དོན་འདུས་ཀྱི་ལམ་ནས་བསྒྲིགས་རྩོམ་བྱས་པ་ཡིན་པས། གཞོན་ནུ་དག་གིས་བསླབ་གཞིའི་ཚན་པ་མཐོང་བ་ནས་སེམས་ལ་ལས་སླ་མོའི་སྒོ་ནས་སྦྱང་ཐུབ་པར་འདོད་པའི་ཁྱད་པར་ཚང་ཡོད།

 འདི་ནི་མི་སྒེར་བ་ཞིག་ནས་དབུ་བཟུང་སྟེ་སྒྲིག་རྩོམ་བྱས་པ་ཡིན་ཡང་། སློབ་དེབ་འདི་དག་ནི་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་གྲོས་གཞིའི་དགོངས་དོན་ལྟར་དུ་བསྒྲིགས་པ་ཡིན་པས། སློབ་དེབ་རྩོམ་སྒྲིག་གི་སྔ་གཞུག་ཏུ་སྣང་ཞིག་དགོན་དོ་དམ་ཨུ་ཡོན་ལྷན་ཁང་དང་། གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སོགས་ཀྱིས་ཐོག་མའི་སྙན་སྒྲོན་གྱི་གླེང་སྟེགས་དངོས་སུ་བསྐྲུན་ཞིང་། དེར་བསྟུན་ཏེ་བོད་མདོ་དབུས་ཁམས་གསུམ་དུ་བཞུགས་པའི་བླ་མ། དགེ་བཤེས། དགེ་རྒན། སློབ་གྲོགས་མང་པོ་ཞིག་གི་རྒྱབ་སྐྱོར་ཚད་མེད་ཐོབ་པར་མ་ཟད། སྤྱི་ཚོགས་ལས་རིགས་ཁག་གི་ཤེས་ལྡན་པ་མང་པོ་ཞིག་གིས་ཀྱང་འདི་ལ་རྒྱབ་སྐྱོར་ཐོབ་ཡོད། དེའི་ཕྱིར"གྲྭ་བ་གྲྭ་རྐྱང་དང་ཟླ་གམ་ཁེར་རྐྱང"གི་གྲྭ་རྐྱང་ངས་ལོ་དྲུག་གི་རིང་ལ་འབད་པ་ལྷུར་བླངས་བྱས་མཐར་དེབ་འདི་དག་དངོས་སུ་པར་དུ་བསྐྲུན་ཐུབ་པར་བྱུང་ཡོད།

དེའི་ཕྱིར་རྒྱ་ཆེའི་ཀློག་མཁན་དག་དང་། ལྷག་པར་དུ་བོད་ཀྱི་དགོན་སྡེའི་སློབ་གསོའི་ལས་རྐང་དུ་ཞུགས་པའི་དགེ་རྒན་རྣམས་ཀྱིས་འདི་ལ་དོན་སྣང་ཡོད་པའི་སྒོ་ནས་བོད་ཀྱི་དགོན་སྡེའི་ཁོར་ཡུག་གི་གཞོན་ནུ་ཤེས་ལྡན་ཡོངས་ལ་དེབ་འདི་དག"ཆར་བ་ཆུ་གྲོགས་དང་། ཉི་མ་མེ་གྲོགས"ཀྱི་ཚུལ་འགྲོ་བའི་རྒྱུ་རུ་བྱ་རྒྱུ་ནི་སྙིང་ནས་བཀའ་དྲིན་ཆེ་ཞུ།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།