བོན་གྲངས་རིག་མཛོད་འགྲེམ་སྤེལ་གནང་བ།

[ཟླ་ཚེས། 2016-04-11 20:30:07][རྩོམ་པ་པོ། དགེ་བཤེས་བློ་གྲོས་རབ་གསལ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

 སྨན་རིའི་དགེ་བཤེས་བློ་གྲོས་རབ་གསལ་གྱིས་རྩོམ་བཏུས་མཛད་པའི་བོན་གྲངས་རིག་མཛོད་པར་སྐྲུན་འགྲེམ་སྤེལ་གནང་བ།
02.jpg

སྔོན་གླེང་གཡུ་ཤུག་སྔོན་མོའི་བསང་དུད།

  ཞང་ཞུང་ནི་ད་ལྟའི་ཆར་བོད་ཀྱི་ལོ་རྒྱུས་འཚོལ་བར་མེད་ཐབས་མེད་པ་ཞིག་ཡིན་ནའང་། ཞང་ཞུང་སྲིད་དབང་གི་ཁྱབ་ཁོངས་ནི། ལ་ལས་ཨ་རབ་ཕྱོགས་སུ་ཡར་འཐེན་བཞིན་ཡོད་ལ། འགས་རྒྱ་བལ་གྱི་ཧི་མ་ལ་ཡི་རི་རྒྱབ་ནས་ཚུར་སྦམ་བཞིན་ཡོད། འགས་རྒྱལ་རོང་དང་ཤར་ཁོག་ཕྱོགས་སུ་མར་འདྲུད་བཞིན་འདུག འགའ་ཞིག་གིས་གནའ་སྒྲུང་ཞིག་ཏུ་རྩི་བཞིན་འདུག་པས་ཞིབ་འཇུག་པའི་ཁ་ཕྱོགས་ངོ་མ་འདི་འདྲ་ཞིག་ཡིན་ནམ། དོན་ལ་བསམ་ན་ད་ལྟའི་མངའ་རིས་སྐོར་གསུམ་གཙོར་བཞག་བྱས་པའི་ཞང་ཞུང་གི་སྐོར་དང་། དང་ཐོག་བོད་དང་དེ་ནས་བོད་ཆེན་པོའི་ཁྱབ་ཁོངས་ནས་ནར་སོན་པའི་ཞང་བོད་ཀྱི་གྲངས་རིག་པ་འདི་ཉིད་སྔར་སྲོལ་ཞང་བོད་རྒྱ་སོགས་ཀྱི་ཡུལ་ལུང་ནས་རིམ་པར་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་ནས་འཕེལ་རྒྱས་ཕྱིན་པ་ཤེས་རིག་སྤྱི་འགྲོས་བཞིན་དུ་གྱུར་བར་རྔོ་མི་ཐོགས། དེ་ཡང་སྟོན་པ་གཤེན་རབ་མ་བྱོན་གོང་གི་རྒྱུ་ཐེག་ནང་གསེས་ལ་འདི་འདྲ་ཕྱེས་རྒྱུ་ཡོད་པ་རང་ཤུགས་ཀྱིས་གྲུབ་སྙམ། དེ་མཚམས་སྟོན་པ་གཤེན་རབ་ཀྱི་བཀའ་རིན་པོ་ཆེ་ལ་འཁོར་གྱིས་མདོ་འབུམ་རྒྱུད་མཛོད་བཞིའི་བོན་སྒོ་གཏན་ཕབ་ལ་ཏེ། མདོ་སྔགས་རྫོགས་གསུམ་དང་། གཞི་ལམ་འབྲས་གསུམ། རིག་པའི་གནས་བཅས་ཀྱི་གཞུང་དོན་རྣམས་བདེ་བླག་ཏུ་རྟོགས་ཐབས་ཆེད་རྣམ་གྲངས་དུ་མ་ཞིག་གཏན་ལ་ཕབ་པ་མཇལ་དུ་ཡོད། དཔེར་ན་”སྲིད་པའི་མཛོད་ཕུགས”ཀྱི་མགོ་མཇུག་བར་གསུམ་དུ་རྣམ་གྲངས་ཕོན་ཆེན་བསྟན་ཡོད་ལ། བསྟན་ཚུལ་ནི། རྟེན་འབྲེལ་བཅུ་གཉིས་རེ་རེ་ལ་རྣམ་གྲངས་བཅུ་གཉིས་ཕྱེས་ཡོད། དེ་བཞིན་འདུ་བྱེད་ལྔ་བཅུ་རྩ་གཅིག་དང་རྣམ་ཤེས་དྲུག་རེ་རེ་ལ་རྣམ་གྲངས་ལྔ་རེས་ཕྱེས་ཡོད། སྐྱེ་མཆེད་བཅུ་གཉིས་ལ་དྲུག་རེ། དེ་བཞིན་མྱང་འདས་ཀྱི་རྣམ་གྲངས་ནས་ཕར་ཕྱིན་བཅུ་དང་། སྟོང་ཉིད་བཅོ་བརྒྱད་རེ་རེ་ལ་དྲུག་རེ་སྒོ་ནས་ཕྱེས་འདུག་པས་བཀའ་རིན་པོ་ཆེ་ནས་རྣམ་གྲངས་ཕོན་ཆེར་བསྟན་པའི་གཞུང་ཞིག་རེད་ཟེར་ན་ཆོག་མོད། བཀའ་ནས་དེ་འདྲ་མང་། དེ་རྗེས་དྭགས་པོ་དྲན་པས་མཛད་པའི་”ནམ་མཁའ་འཕྲུལ་མཛོད་མན་ངག་གནད་ཀྱི་ལྡེ་མིག”ཅེས་པ་གསུམ་ཚན་ནས་བཅུ་ཚན་བར་དུ་རྫོགས་ཆེན་མན་ངག་སྐོར་བསྟར་ཆགས་སུ་བཀོད་པ་རྣམ་གྲངས་རྐྱང་པའི་སྐོར་དང་། དེ་རྗེས་གཤེན་མཁས་གྲུབ་ཤི་ལ་དྷ་ཛས་མཛད་པའི་”གསར་བུ་བློ་གྲོས་སྐྱེད་བྱེད་འཕྲུལ་གྱི་ལྡེ་མིག”་ཅེས་པ་འདི་གཉིས་ནི་རྣམ་གྲངས་སྐོར་ཤ་སྟག་ཡིན། ཡང་རྣམ་གྲངས་ཕོན་ཆེན་ཡོད་སའི་གཞུང་རྙིང་པ་ནི་མི་ལུས་བསམ་ལེགས་ཀྱིས་མཛད་པའི”མ་རྒྱུད་བོན་ཉིད་ཐིག་ལེའི་འགྲེལ་དུ”རྩ་ཡི་རྣམ་གྲངས་སྐོར་དང། “མ་རྒྱུད་མི་ནུབ་ཐིག་ལེའི་འགྲེལ་ནས”རླུང་གི་རྣམ་གྲངས་སྐོར། “མ་རྒྱུད་སྨིན་ལམ་རིན་པོའི་ཆེའི་འགྲེལ་དུ”་དམ་ཚིག་སྐོར་གྱི་རྣམ་གྲངས་ཕོན་ཆེན་མཆིས། སྟག་གཟིག་རྒྱ་ཞང་བོད་ཀྱི་མཁས་པ་སོགས་ཀྱིས་བཀའ་བགྲོས་ནས་མཛད་པའི་”མན་ངག་གནད་ཀྱི་རྫོང་འཕྲང་ཀུན་གསལ་ཉི་འོད་རྒྱན”དང་། སྟོང་རྒྱུང་གིས་མཛད་པའི་མདོས་ཀྱི་བྱུང་ཁུངས་ལག་ལེག་ནོ་བཱེ་ཀ། །ཏྲེ་སྟོན་རྒྱལ་མཚན་དཔལ་གྱིས་མཛད་པའི་། “བཀའ་ལུང་སྤྱི་ཡི་འགྲེལ་བ་བོན་སྒོ་གསལ་བྱེད”།རྗེ་རིན་པོ་ཆེའི་མཛད་པའི་”མཛོད་འགྲེལ་འཕྲུལ་གྱི་སྒྲོན་མེ།”གསང་སྔགས་ཀྱི་ཉེར་མཁོ་འདོད་འཇོ་འཁྲི་ཤིང་”སོགས་ནི་རྣམ་གྲངས་སྣ་མང་ཅན་འཁོད་པའི་བོན་གཞུང་ཁག་ཡིན། སྤྱིར་བོན་གཞུང་བཀའ་དང་བརྟེན་པ་གཉིས་ལས་རྣམ་གྲངས་མི་འཁོད་པ་མེད་ཀྱང་དེ་སྔོན་དེ་དག་ཟུར་དུ་བསྡུས་བསྒྲིགས་ཆེར་མ་བྱས་པ་ལས་བོན་ལ་གཏན་ནས་མེད་པ་ག་ལ་ཡིན།

04.jpg
སྒྲིག་ཚུལ་སྐོར་གྱི་ངོ་སྤྲོད་ཟུར་ཙམ་བརྗོད་ན།

   ༡༽ གྲངས་མཛོད་འདིའི་ནང་དུ་རྣམ་གྲངས་གཅིག་ཚན་ནས་འགོ་བརྩམས་ཏེ་མཐར་འབུམ་སྡེ་བར་བོན་གཞུང་ཁག་དང་། དེ་འབྲེལ་ངག་རྒྱུན་རྣམས་ནས་གྲངས་ཚིག་རྙེད་དོ་ཅོག་བསྡུས་བསྒྲིགས་བྱས་ནས་གྲུབ་པ་ཞིག་ཡིན།
   ༢༽ ཐོག་མར་རྣམ་གྲངས་སྡུད་སྐབས་དཔེ་ཁུངས་གལ་ཆེན་བྱས་ནས། རྣམ་གྲངས་ཕལ་ཆེར་གྱི་དཔེ་ཁུངས་ནི་རྣམ་གྲངས་རེ་རེའི་མཇུག་ཏུ་ཨང་གྲངས་དང་སྦྲགས་ཀོར་མ་ནང་དུ་བལྟ་བདེའི་ཚུལ་དུ་བཀོད་ཡོད།
   ༣༽ བགྲང་གཞི་རྣམ་གྲངས་གཅིག་ལ་བགྲང་ཚུལ་མི་འདྲ་བ་ཁག་རྣམས་ཨང་གྲངས་གཅིག་དང་གཉིས་གསུམ་སོགས་བསྟར་ཆགས་སུ་བྱས་ནས་བཀོད་ཡོད།
   ༤༽ རྣམ་གྲངས་མཇུག་གི་དཔེ་མིང་ནི་བསྡུས་ཚིག་ཐོག་ནས་བཀོད་ཀྱང་། ཟུར་མཇུག་དཀྱུས་སུ་དཔེ་ཆའི་མཚན་ཆ་ཚང་དང་། དཔེ་བསྐྲུན་ཁུངས་ས་གནས་གང་ཡིན། སྤྱི་ལོ་ག་དུས་ཐོན་མིན། བཀའ་དང་བཀའ་བརྟེན་གཏེར་མཛད་པོ་སུ་ཡིན་གང་ཐུབ་བཀོད་ཁུལ་བྱས་ཡོད། དཔེ་ཁུངས་ཁག་ཅིག་སྔར་བོན་གཞིས་པར་མ་ལགས་ན་འདི་རུ་ཨང་གྲངས་གསར་འགོད་མ་ཐུབ་པ་འགའ་རང་གར་ལུས་པ་ལས་བྱ་ཐབས་གཞན་དབེན། དཔེ་ཁུངས་མེད་པ་འགའ་ཞིག་ངག་རྒྱུན་ཞེས་བཀོད་ཡོད་པ་བཅས་སྔོན་གླེང་མདོར་བསྡུས་སུ་སྒྲིག་པ་པོས་སྔོན་ཕྱག་བཅས་སོ། །

03.jpg
མཇུག་རྩོམ་ལེགས་གསོལ་ཆུན་པོ།

 

   སྤྱིར་བདག་ཅག་གི་འདྲེན་པ་ཆེན་པོ་རྒྱལ་བ་གཤེན་རབ་མི་བོ་བྱོན་ནས་ད་བར་བགྲང་བྱ་ཆིག་ཁྲི་སྟོང་བརྒྱད་སྟོང་ཙམ་སོང་བ་བོན་པོ་རང་གིས་འདོད་པ་དང་། དེ་མིན་ལོ་རྒྱུས་སྨྲ་བ་འགས་སྟོན་པ་གཤེན་རབ་བྱོན་ནས་ད་བར་མི་ལོ་བཞི་སྟོང་ལྔ་སྟོང་ཙམ་སོང་བར་བཞེད། གང་ལྟར་མགོན་པོ་དེས་གསུངས་པའི་རྒྱལ་བའི་བཀའ་རིན་པོ་ཆེ་ལ་པོད་གྲངས་༡༧༨དང་། དེ་སྲས་ཀྱིས་བརྩམས་པའི་བཀའ་བརྟེན་ལ་པོོད་གྲངས་༣༨༠ཙམ་ཞིག་ལོ་ཤས་སྔོན་དུ་བཀའ་དང་བཀའ་བརྟེན་པར་བསྐྲུན་བྱས་པའི་དཀར་ཆག་དག་ལས་གསལ་ཡོད། དཔེ་གཞུང་དེ་དག་ཆ་ཚང་བསྔོགས་ནས་རྣམ་གྲངས་བསྡུ་བསྒྲིག་དགོས་པ་ཞིག་ཡིན་མོད། འདི་ནི་ལས་ཞོར་གསེང་གི་དུས་ཚོད་སྤྱད་པ་ཞིག་ཡིན་པས་ཆ་ཚང་བལྟ་མ་ཐུབ་པར་འགྱོད་བཞིན་ཡོད།
   གྲངས་མཛོད་འདི་ནི་ཐོག་མར་སྤྱི་ལོ་༡༩༩༨ལོར་མུ་ཁྲི་བཙན་པོའི་ཞིབ་འཇུག་ཁང་དུ་འཛུལ་ཞུགས་སྐབས་སུ༧སྐྱབས་རྗེ་རྒྱལ་བ་སྨན་རི་བ་ཁྲི་འཛིན་སོ་གསུམ་པ་མཆོག་ནས་ཕྲན་ལ་བསྡུ་བསྒྲིག་དགོས་པའི་ལམ་སྟོན་བླ་མེད་འོག་ནས་འགོ་བརྩམས་ནས་དུས་རིང་འདི་ལ་ཐུག་གི་བར་དུ་རང་རྐྱེན་གཞན་རྐྱེན་དུ་མའི་འོག་ནས་རང་མལ་དུ་ལུས། མཁས་དང་མི་མཁས་ལ་ལས་དམ་པ་གོང་མས་རྗེས་བཞག་མཛད་པའི་བཀའ་དང་བཀའ་བརྟེན་དེ་དག་ལས་མི་ལྷག་པའི་འདི་དང་འདི་རིགས་ལ་དགོས་མེད་ཡིན་པ་དང་། སྐྱོར་ཟློས་ཀྱི་ངལ་བ་འབྲས་མེད་ཟེར་བ་ཚོར་མོད། དེའང་ཕྱོགས་གཅིག་ནས་བལྟས་ན་བདེན་མོད། གཞན་ཞིག་ནས་བཤད་ན་སོ་སོའི་བདག་ཉམས་ངོས་ནས་བཤད་ན་རང་བསྟན་རང་གིས་འཛིན་སྐྱོང་སྤེལ་གསུམ་དགོས་པ་དང་། རང་གི་གཞུང་ལ་རང་གིས་རྒྱུས་ལོན་དགོས་པ་ནི་དེ་བས་གལ་ཆེར་མཐོང་བས་དམིགས་བྱ་དེ་ཙམ་ཡིན། རྒྱུས་ལོན་ལ་ཐབས་ལམ་སྣ་ཚོགས་ཤིག་བསྟར་ཆོག་པ་རེད། གང་ལྟར་འདི་ལ་བཟང་ངན་ཅི་ཞིག་སྨྲ་ཆོག་ཀྱང་རུང་། རང་ངོས་ནས་རང་བསྟན་འཛིན་སྐྱོང་སྤེལ་གསུམ་དང་རྒྱུས་ལོན་གྱི་ཐབས་རྩལ་གཙོ་བོར་བསམ་ནས་བསྡུས་བསྒྲིགས་བྱས་པའི་ཁུལ་ཞིག་ཡིན།
   ད་རེས་འདི་ལ་རྒྱུ་ཚེགས་ཀྱི་རམ་འདེགས་དང་། ཐུགས་ཁུར་གནང་མཁན་རྣམས་ལ་གུས་པས་སྙིང་དབུས་ནས་བཀའ་དྲིན་བླ་མེད་ཆེ་ཞུ་རྒྱུ་དང་། དགེ་ཚོགས་ཀྱི་ཆ་ཐམས་ཅད་བདག་སོགས་ཕ་མ་གཙོས་པའི་ཡིད་ཅན་ཀུན་ལ་དམིགས་མེད་དུ་བསྔོས་པའི་ཡོན་ཏན་གྱིས་གོང་འབྲེལ་རྣམ་པའི་ཚེ་བསོད་ལས་རླུང་ཡར་ངོའི་ཟླ་བཞིན་གོང་ནས་གོང་དུ་འཕེལ་བའི་སྨོན་འདུན་བཅོས་མིན་དང་བཅས། མཐར༧རྒྱལ་བ་སྨན་རི་བའི་མཁན་སློབ་ཉི་ཟླ་ཟུང་དང་གཤེན་རིན་པོ་ཆེ་གཙོས་པའི་བསྟན་འཛིན་སྐྱེ་བུ་གང་ན་སུ་བཞུགས་པ་རྣམས་ལ་མཎྜལ་བརྟན་བཞུགས་ཀྱི་དོད་དུ་ཕུལ་བས་དེ་དོན་འགྲུབ་པར་སྨོན་འདུན་ལན་བརྒྱར་ཞུ། །ཐ་ཚན་མུ་ཙུག་སྨར་རོ། །

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།