སྤུ་རྒྱལ་རིག་སློབ་ཁང་གི་རིག་རྩོམ་དཔེ་ཚོགས་འགྲེམ་སྤེལ་གྱི་གསལ་བརྡ།

[ཟླ་ཚེས། 2016-04-01 20:18:43][རྩོམ་པ་པོ། ཞུ་ཚང་བ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

01.jpg
ཁག་དང་པོའི་འགྲེམ་བརྡ།

   དེ་ཡང་མི་རིགས་ཤིག་གི་ཚེ་སྲོག་གི་རྒྱུ་བ་ཡང་ནས་ཡང་དུ་གནས་དགོས་ན་དེ་འབྲེལ་སྐད་ཡིག་གི་རིན་ཐང་དང་། རིག་གཞུང་གི་གནས་བབ་ཟབ་ཚད་དུ་གཏོང་དགོས་པ་ཞིག་རེད། འདས་སོང་ལོ་རྒྱུས་ལ་ཕྱིར་མིག་ཡུན་ཙམ་ཅེར་ན་ཁ་བ་རི་པའི་འོད་སྟོང་འཕྲོ་བའི་རིག་གཞུང་གི་གླེགས་བམ་ཁག་རྣམས་ད་ལྟའི་བར་དུ་ཟམ་མ་ཆད་པར་ཆུ་ལམ་ཞུགས་དང་རྡོ་ལག་བརྒྱུད་ཀྱི་ཚུལ་དུ་མི་རབས་ནས་མི་རབས་སུ་གནས་ཐུབ་པ་བྱུང་ཡོད་ལ། དེང་གི་ཆར་འཛམ་གླིང་རིམ་པའི་མཁས་དབང་དང་ལོ་རྒྱུས་སྨྲ་བ་དག་གིས་ཀྱང་བོད་རིག་པའི་གཞུང་ལུགས་དང་ལོ་རྒྱུས། དེ་འབྲེལ་རིག་གནས་ཁག་ལ་ཚད་མཐོའི་གདེང་འཇོག་གནངས་དང་གནང་བཞིན་པ་འདི་དག་མཐར་བཏུགས་ན་མྱེས་པོ་གོང་མ་དག་གིས་དཀའ་བ་སྲོག་ཏུ་བསྡོས་ཤིང་བརྟན་པ་ས་རུ་བཙུགས་པའི་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་བྱུང་བར་ཐེ་མི་ཚོམ། དེ་ནི་སྔར་བྱུང་ལོ་རྒྱུས་ཀྱི་བྱུང་བ་དང་ད་བབ་ཀྱི་གནས་སྟངས་ཙམ་ལས་འབྱུང་འགྱུར་གྱི་ལོ་ཟླའི་ཁྲོད་དུ་དེ་དག་ལ་འཛིན་སྐྱོང་གང་ཞིག་བྱེད་མིན་ནི། གཞོན་སྐྱེས་ངེད་ཚོའི་ཕྲག་ཐོག་ཏུ་བབས་པའི་འགན་འཁྲི་ཞིག་ལོས་ཡིན། དེ་བས་ཀྱང་། ང་ཚོ་ཁ་བ་གངས་ཅན་པའི་སློབ་གཉེར་བ་རྣམས་ཀྱིས་རང་རེའི་རིག་གཞུང་དང་ལོ་རྒྱུས། དེ་འབྲེལ་རིག་གནས་ཀྱི་རྩ་ལག་ཁག་ལ་གཏིང་ཐུག་པའི་གོ་བ་དང་། དཔྱད་ཕྱིན་པའི་གདེང་འཇོག་གི་ལམ་ནས་དེ་དག་སྔར་བས་གཏིང་ཟབ་དང་འཐུས་ཚང་དུ་གཏོང་དགོས་པ་རེད་འདོད། དེ་ལྟར་མིན་ཡང་སོ་སོའི་བློ་ཚོད་དང་འཚམས་པའི་སྦྱོང་སྤྱོད་སྤེལ་གསུམ་གྱི་ལས་དོན་ཞིག་གཉེར་དགོས་པ་ནི་གོང་གསལ་ལྟར་སྨྲོས་མ་དགོས་པ་རེད། དེས་ན་ད་རེབ་ཞུ་ཚང་དགོན་སྤུ་རྒྱལ་རིག་སློབ་ཁང་གི་དགེན་སློབ་ཁྱུ་ཞིག་གིས། དེ་འདྲའི་ལས་དོན་ཞིག་གི་འགན་འཁྲི་དང་བླངས་ཀྱིས། "ཨ་བྲས་ཁྱོག་ཚོད་ཀྱི་མདའ། །སྲེ་མོང་ཁྱོག་ཚོད་ཀྱི་གཞུ། །"ཞེས་པ་ལྟར་སོ་སོའི་བློ་དང་ནུས་པས་འདོན་ཚོད་ཀྱི་སྒོ་ནས། དཔྱད་རྩོམ་དང་སྙན་ངག་གཙོས་པའི་རྩོམ་ཡིག་འགའ་ཞིག་ཕྱོགས་བསྡུས་ཀྱིས<<སྤུ་རྒྱལ་རིག་སློབ་ཁང་གི་རིག་རྩོམ་དཔེ་ཚོགས>> (ཁག་དང་པོ) ཞེས་པའི་ཁ་བྱང་ཅན་གྱི་དེབ་ཕྲེང་ཞིག་སྟེ། ཁྱོན་སྡོམ་རིག་རྩོམ་དེབ་གྲངས་ལྔ་ལས་གྲུབ་པ་ཞིག་གི་པར་བསྐྲུན་གྱི་ལས་གཞི་འགོ་བརྩམས་ཤིང་། ཕྱོགས་སོ་སོར་འགྲེམ་སྤེལ་བྱེད་ལ་ཉེ་བ་ཡིན།
   (དཔེ་ཚོགས་དེབ་གྲངས། <<བོན་རྟགས་ཕྱག་རྒྱ་བཞི་ལ་དཔྱད་པ>>ཁྱུང་གསེར་ཞུན། <<སྤུ་རྒྱལ་རིག་པའི་གོམ་སྟབས>>གཉིས་པ། སྤུ་རྒྱལ་རིག་སློབ་ཁང་། <<འཇིག་རྟེན་སེར་པོ>>རྟོག་རླུང་། མི་ཚེའི་རྔུལ་ཐིགས>>རླུང་སྙུག <<སེམས་འཆར>>རླུང་བུ། བཅས་སོ།) འདི་ནི་སློབ་གཉེར་བ་རྣམས་ཀྱི་ཐོས་བསམ་གྱི་འཚོ་བ་རེག་ཟིན་དུ་བཏབ་པའི་ལག་རྗེས་ཆུང་ཆུང་ཞིག་ཡིན་ལ། དཀའ་ཚེགས་ཀྱི་འཕྲང་ལམ་རྡོག་པས་འགོམ་པའི་རྔུལ་ཆུའི་ཐིགས་པ་ཞིག་ཡིན། འདི་ནི་དྲན་རིག་གི་ཚོར་སྣང་དབྱངས་སུ་གྱེར་བའི་རྫི་གླུ་རིང་མོ་ཞིག་ཀྱང་ཡིན་ལ། སྦྲང་དཀར་རྩམ་པའི་དྲི་བསུང་ལས་མཆེད་པའི་རིག་པའི་ཅོང་བརྡ་ཞིག་ཀྱང་ཅི་ལ་མིན། དེ་བས་ཀྱང་། གོ་ལ་ཆེན་པོའི་སྒལ་ཚིགས་སུ་རྟེན་གཞི་བཅས་པའི་རིས་མེད་སྤུན་ཟླ་མིང་སྲིང་རྣམས་དང་། ལྷག་པར་མཐོ་སྒང་སྒེག་མོའི་པང་ཁུག་ནས་ལང་ཚོ་བཞད་པའི་མདོ་དབུས་མཐོ་སྒང་གི་སྤུན་ཟླ་ཁག་ལ་མེ་ཏོག་ཆུང་ཡང་ལྷ་རྫས་ཀྱི་ཚུལ་དུ་ཕུལ་བའི་ལེགས་སྐྱེས་ཆུང་ངུ་ཞིག་ཡིན་ཞེས་སྨྲ་བར་སྤོབས།

02.jpg
གསལ་བཤད།

   མ་འོངས་པར་དཔེ་ཚོགས་ཀྱི་དེབ་ཕྲེང་འདི་བཞིན་མུ་མཐུད་སྤེལ་རྒྱུའི་འདུན་པ་ཡོད་ལ། འདིར་སྤུ་རྒྱལ་རིག་སློབ་ཁང་དུ་སུམ་རྟགས་དག་གསུམ་སོགས་རིག་གནས་ཁག་ལ་སློབ་སྦྱོང་གནང་མྱོང་མཁན་དག་གིས་ལུགས་གཉིས་ཀྱི་རྩ་ཁྲིམས་དང་མ་འགལ་བའི་ཐོག་ནས་སྤྱི་དང་སྒེར་གྱི་དེབ་གང་ཞིག་པར་དུ་བསྐྲུན་པར་འདོད་ཚེ་རྩོམ་པ་པོ་ཆོས་ལུགས་དང་། སྐྱ་སེར། ཕོ་མོའི་ཁྱད་པར་མེད་པར་ངེད་ཚོའི་དཔེ་ཚོགས་སུ་བསྡུ་རྒྱུའི་འཆར་གཞི་ཡོད་པ་ལྟར། གལ་སྲིད་དེ་ལྟར་གནང་ཐུབ་མཁན་ཡོད་ཚེ་ངེད་རྩོམ་སྒྲིག་པར་འབྲེལ་བ་གནང་བར་དགའ་བསུ་ཞུ་རྒྱུ་ཡིན།

དྲྭ་མིང་དུ་ཞུ་ཚང་བ་འབོད་པས་བྲིས།
༢༠༡༦/༣/༣༡ཉིན།

དཔེ་དེབ་དགོས་མཁན་ཚོས་འབྲེལ་གཏུགས་གནང་ཡུལ་ཁ་པར་ཨང་གྲངས།
13628956988
13322583222

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།