གནས་བཤད་༼གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད༽པར་དུ་བསྐྲུན་པ།

[ཟླ་ཚེས། 2015-04-18 22:12:38][རྩོམ་པ་པོ། ལྗང་ཤེར་བསྟན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

རྩེ་དྲུག་དགེ་བཤེས་ལྗང་ཤེར་བསྟན་ལགས་ཀྱིས་བརྩམས་པའི་༼ གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད ༽པར་དུ་བསྐྲུན་པ།
00.jpg
དེབ་ཀྱི་མདུན་ཤོག
05.jpg
06.jpg
07.jpg
08.jpg
09.jpg
10.jpg
དཀར་ཆག
སྔོན་གླེང་སྤོས་ཀྱི་དུད་པ།

   འདི་ནས་ཡར་བརྩིས་པའི་མི་ལོ་ཧྲིལ་པོ་བཞི་ཡི་གོང་སྟེ། སྤྱི་ལོ་༢༠༡༡ལོར་གཤེན་གྱི་རྣལ་འབྱོར་བ་གཡུང་དྲུང་དར་རྒྱས་ནས་ཕྲན་ལ་སྐད་ཆའི་ཞོར་དུ་ཁོང་དེ་སྔོན་ལོ་ཟླ་མང་པོའི་རིང་ངལ་བ་ལ་མ་འཛེམས་པར་སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེས་མཛད་པའི་བོད་ཡུལ་གནས་ཀྱི་ལམ་ཡིག་ལ་གཞི་བཟུང་སྟེ། གནས་འབྲེལ་དུ་ཕྱིན་པས་ཕལ་ཆེ་བ་གནས་འབྲེལ་ཐོབ་སོང་ནའང་། དེའི་ནང་ས་གནས་དངོས་དང་ཅུང་ཐོད་མི་ཐུག་པ་དང་། ཕྱོགས་གར་ཡོད་ངེས་བཟུང་དཀའ་བ་འགའ་ཡང་མཆིས་པས། ཁོང་དངོས་སྐྱོད་བྱས་པའི་ཟིན་ཐོ་དེ་ཉིད་ལྟར་ལམ་ཡིག་ཅིག་འབྲི་ཐུབ་ན་གོང་མའི་ཟུར་རྒྱན་ལྟ་བུར་དགེ་ཕན་ཆེ་རབས་དང་། རྩོམ་འབྲིའི་ལས་དོན་རྣམས་ཕྲན་གྱིས་བསྒྲུབ་ཐུབ་མིན་སོགས་འདྲི་བསྐུལ་བྱུང་བ་དང་། གུས་པས་བསམ་པར་འཛམ་གླིང་གོ་ལ་ཟླུམ་པོའི་ཁྱོན་ན་འཚོ་གཞེས་མཆིས་པའི་འགྲོ་བ་མིའི་རིགས་སུ་ཡིན་རུང་ཡུལ་གྲུ་ཆེ་ཆུང་དང་། གྲངས་འབོར་མང་ཉུང་ལ་མ་ལྟོས་པར་སོ་སོའི་ཡབ་མེས་གོང་མ་ནས་བརྒྱུད་པའི་ལུས་ངག་སེམས་གསུམ་ལ་ཕན་པ་སྒྲུབ་ཅིང་དགོས་མཁོ་སྐོང་བའི་རིག་གཞུང་དང་། ཐབས་ལམ་ཕྲ་རགས་ཅི་རིགས་ཡོད་པ་ཕལ་ཆེར་གཅིག་མཚུངས་ཡིན་མོད།
   ཤུལ་དུ་བཞག་པའི་རིག་གཞུང་དེ་ཉིད་རྒྱུད་འཛིན་དར་སྤེལ་བྱེད་དེ། མི་རབས་རྗེས་མ་ཚོའི་ལག་ཏུ་བསྲིང་བར་ནུས་མིན་ནི། དུས་རབས་དེར་གསོན་པོར་རྒྱུ་བའི་མི་བུ་རྣམས་ཀྱིས་རང་འཁྲི་དང་དུ་ལེན་མིན་ལ་ཐུག་ཡོད་པ་སྨོས་མེད་དུ་སོང་གཤིས། དོན་གནད་དེ་ཤེས་རྟོགས་ཐུབ་པའི་འཛམ་གླིང་གི་མི་རྣམས་ཀྱིས་ཁ་ཚ་དགོས་གཏུག་གི་ལས་དོན་དེའི་ཐད་འབད་པ་བསྐྱེད་བཞིན་པའི་མུར། ཁོ་བོ་ཅག་ཀྱང་འགྲོ་བ་མིའི་རིགས་སུ་སྐྱེས་པ་མ་ཟད། འཛམ་གླིང་མཁས་མང་ཡོངས་ཀྱི་ཞིབ་འཇུག་གི་ལྟ་ཁ་གཅིག་ཏུ་ཕྱོགས་ཤིང་། ཚན་རིག་རྒྱ་མཚོའི་མ་ཕྱི་རུ་གྱུར་པའི་བོད་རིག་པ་འདི་ཉིད་ཀྱི་བདག་པོ་མཐོ་སྒང་གི་མི་བུ་ཞིག་ཏུ་སོང་ཙང་། འདི་ཉིད་ཇི་སྲིད་འཁོར་མཐའ་མ་སྟོང་བར་དུ་ཉམས་བཅུག་མི་བྲ་བ་ནི། འགྲོ་བ་མིའི་རིགས་ཙམ་མ་ཡིན་པར་བདེ་བར་འདོད་པ་ཐམས་ཅད་ཀྱི་རྩ་བའི་ཁེ་ཕན་ཞིག་ཏུ་གྱུར་ཡོད་པ་ཡིན་དུས། རིག་གཞུང་དེ་དག་གི་བྱེད་པོ་ཡབ་མེས་གོང་མ་རྣམས་ཀྱི་གནས་སྟངས་དང་། སྐབས་དེ་ཤེད་དང་འབྲེལ་བའི་ས་གནས་ཡན་ལ་རྒྱུས་ལོན་བྱེད་དེ། ཕྱི་རབས་རྣམས་ལ་མཚམས་སྦྱོར་དགོས་པ་དེའང་གཡོལ་ཐབས་མེད་པའི་ལས་དོན་ཞིག་ཏུ་ལོས་ཡིན་སྙམ་བཞིན་དང་དུ་བླངས་པ་ཡིན་ལ། འདི་གའི་ལས་དོན་སྐོར་སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེར་སྙན་གསན་ཕུལ་སྐབས་ཐུགས་དགྱེས་པ་ཆེན་པོའི་སྒོ་ནས་ཤིན་ཏུ་ལེགས་པའི་གསུང་བྱིན་ཅིང་། ད་དུང་ནམ་མཁའ་ཁྱུང་རྫོང་དང་། གད་ཀྱི་བྱི་བ་མཁར། ཤེལ་གྱི་བྲག་དཀར་རྩེ་རྫོང་སོགས་ཀྱིས་མཚོན་པའི་སྒྲུབ་གནས་ཁག་ཅིག་ཞིབ་བརྩད་དགོས་ཚུལ་གྱི་བཀའ་མངགས་ཀྱང་གནང་སོང་བས། དེ་ནས་བཟུང་ངེད་གཉིས་སྙིང་སྟོབས་སྔར་ལས་འཕེལ་ཏེ། ཁོང་ནས་མུ་མཐུད་གནས་འབྲེལ་དུ་ཕེབས་ནས་པར་དུ་བཏབས་པ་དང་ཟིན་ཐོ་བཀོད་པ་བྱས། ཁོ་བོས་ཀྱང་དུས་ཚོད་དང་བསྟུན་པའི་གང་ཐུབ་ཀྱིས་གནས་འབྲེལ་ཞུས་ཏེ། ད་ཆར་བོད་རིག་པའི་ཕ་ས་མ་ཁུངས་ལྟ་བུར་གྲགས་པའི་གཡུང་དྲུང་བོན་བསྟན་འདི་ཉིད་འཛིན་སྐྱོང་སྤེལ་གསུམ་གྱི་གོ་གནས་གལ་ཆེན་དུ་བཟུང་བའི་གནས་མཆོག་འདུ་གནས་སོ་བདུན་དང་། སྒྲུབ་གནས་སོ་དྲུག སྒྲུབ་སྡེ་སོ་བདུན། གནས་ཆེན་ཉེར་བཞི། དེ་བཞིན་ཨ་རྫོགས་སྙན་གསུམ་གྱི་མདོ་འཛིན་གྲུབ་ཆེན་རིག་འཛིན་རྣམས་ཀྱི་བཞུགས་གནས་གཙོས་བྱིན་ཆེན་གྱི་གནས་རི་བླ་རྟེན་གང་ཞིག་ཡིན་པ་དང་། ས་གནས་གང་དུ་ཡོད་པ། འགྲོ་ལམ་ཇི་ལྟར་བརྒྱུད་དགོས་ཚུལ། ས་ཆའི་གནས་བབ་མཐོ་དམན་གྱི་རྨིད་གྲངས་ཡན་གནས་ཡིག་དང་། ལོ་རྒྱུས། རྣམ་ཐར། འཕྲིན་ལམ་སོགས་ཐབས་ལམ་སྣ་ཚོགས་ནས་ཞིབ་བརྩད་ཀྱིས་པར་རིས་དང་སྦྲགས་མར་བཀོད་དེ། ཡིག་རིས་བསྐྱར་བཤུས་ཙམ་མ་ཡིན་པར་ཕལ་ཆེར་བ་མཐོང་བ་དངོས་ཀྱི་ཉམས་མྱོང་ལས་བྱུང་བ་ཞིག་ཡིན་པས། ལྐོག་གྱུར་དུ་ལུས་པའི་གནས་གསང་གང་མང་ཞིག་མངོན་སྟོན་ཐུབ་པའི་ཆོད་སེམས་ཡོད་ལ། མ་ཡིག་འདི་ཉིད་སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་ལ་སྤྱན་འབུལ་ཞུས་ཏེ། གཟིགས་ཞིབ་ཀྱི་ཐུགས་དྲིན་བསྩལ་བའི་སྐལ་བཟང་བྱུང་བ་ནི། ལས་དོན་འདིའི་བདེན་པའི་གཟི་བརྗིད་ཅིག་ཏུ་སེམས་བཞིན་ཡོད།
   དད་ལྡན་ཆོས་ལུགས་པ་ཞིག་གི་ངོས་ནས་བཤད་ན་བསྟན་པ་རྣམ་པར་དག་པ་ལ། བྱུང་ཁུངས་སྟོན་པ་རྣམ་པར་དག་པ་ཤེས་དགོས་པ་ནི། རྨོངས་དད་དུ་མི་འགྲོ་ཞིང་ཡང་དག་པའི་དད་འདུན་བསྐྱེད་པར་དགོས་གནད་ཆེན་པོ་ཡོད་པས་ན། གནས་དེ་ཉིད་རྒྱལ་དང་རྒྱལ་སྲས་གང་གིས་བྱིན་གྱིས་བརླབས་ཚུལ་དང་། འཇུག་འདོད་ཀྱི་སྤྲོ་བ་འཕེལ་ཕྱིར་ཆེ་བའི་བཀའ་རྟགས་དང་། འགྱུར་སྟོབས་ཡོན་ཏན་བཅས་རང་འདོད་ཀྱི་འཁྲིས་སུ་མ་བཅུག་པར་སོ་སོའི་གནས་ཡིག་དང་། ཁུངས་ལྡན་གྱི་ཡིག་ཆ་ཁག་ནས་གསལ་བ་རྣམས་བཀོད་ཅི་ཐུབ་བྱས་ཡོད།
   འོན་ཀྱང་གནའ་དེང་གི་རིག་པའི་གནས་ལ་འཇུག་སྟོབས་ཞན་པ་བྱེད་པོ་རང་ངོས་ནས་བཤད་ན། ལས་གཞི་འདི་ཉིད་ཅུང་རྣམ་གྲངས་མང་བས་ཁར། ཕྱི་ནང་ཡུལ་གྲུ་གང་སར་ཁ་འཐོར་དུ་གནས་ཤིང་འགྲིམ་འགྲུལ་གྱི་ཁོར་ཡུག་དམ་པ་དང་། ཚད་ལྡན་གཏན་འཁེལ་གྱི་པར་ཆས་མ་འཛོམས་པ། དམིགས་བསལ་གྱི་དུས་ཚོད་མེད་པ་སོགས་མ་འདང་བའི་རྐྱེན་དུ་མའི་འོག་ནས་གལ་ཆེའི་སྒྲུབ་གནས་ཁག་ཅིག་གསལ་འདོན་ཞུ་མ་ཐུབ་པར་རེ་ཞིག་བཤོལ་དགོས་བྱུང་སོང་ལ། དེ་བཞིན་འདིར་འཁོད་ཁ་ཤས་ཀྱི་པར་རིས་མ་རྙེད་པ་སྟོང་ཆ་ལྟ་བུར་ལུས་པ་དང་། འཁོད་པ་རྣམས་ཀྱི་དགོས་གནད་ལ་གསལ་ཁ་མ་ཐོན་པ། རབ་རིབ་ཏུ་སོང་ནས་བློ་ངོར་འཛིན་མི་བདེ་བ་དང་། བཤད་པ་ནོར་ཞིང་དངོས་ཡོད་དང་ཐོད་མི་ཐུག་པ་ལོག་འགྲེལ་ཤོར་བའི་ཉེས་ཆ་ཇི་སྙེད་ཡོད་ངེས་པས། རྣམ་དཔྱོད་ཀྱི་གཟིགས་པ་ཡངས་པའི་གཟུར་གནས་སྐྱེས་བུ་ཡོངས་ནས་ཁྲེལ་སྨོད་ཀྱི་རྣ་གཉེར་མི་གནང་བར་ལེགས་སྤེལ་ཉེས་འགོག་གི་བཀའ་མཆིད་ལྷུག་པོར་སྩོལ་གནང་ཡོང་རྒྱུར་དགའ་བསུ་ཞུ་བ་ཡིན།
   ད་ལན་བཀའ་དྲིན་ལེགས་གསོལ་ཞུ་དགོས་པ་སྟེ། སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེའི་དྲུང་དུ་བཅར་འདྲི་གནང་རོགས་གཡུང་དྲུང་ཐོབ་རྒྱལ་དང་། ཡོན་ཏན་རྒྱ་མཚོ་རྣམ་པ་གཉིས་དང་། སྒྲུབ་གནས་ཁག་ཅིག་གི་གནས་སྟངས་དང་པར་རིས་སོགས་མཐུན་སྦྱོར་གནང་མཁན་རྩེ་དྲུག་སྒོམ་གྲྭའི་མཁན་པོ་ཚུལ་ཁྲིམས་རབ་རྒྱས་རྣམ་དག་མཆོག་དང་། ཁྲ་དགོན་མཁན་པོ་ཚུལ་ཁྲིམས་མཐར་ཕྱིན། མཐོང་གྲོལ་རི་ཁྲོད་དགོན་གྱི་དགེ་རྒན་ཆེན་མོ་དགེ་བཤེས་བློ་གྲོས་རབ་གསལ། ཀོ་དགོན་དགེ་རྒན་ཆེན་མོ་ཆུ་འཁོར་དགེ་བཤེས་གཡུང་དྲུང་ཚུལ་ཁྲིམས། སྒང་རུ་དར་རྒྱས་དགོན་གྱི་དབུ་བླ་དབྲ་ཁྱུང་སྐལ་བཟང་ནོར་བུ། ཁྱུང་ལུང་དངུལ་མཁར་དགོན་གྱི་བླ་མ་ཚུལ་ཁྲིམས་ཕུན་ཚོགས། སྤ་ལ་ཕུག་དགོན་གྱི་དབུ་བླ་དགེ་སློང་བསྟན་འཛིན་བཟང་པོ། སྤུ་རྒྱལ་བ་དགེ་བཤེས་ཉི་མ་རྒྱལ་མཚན། བོན་བརྒྱའི་ཁྲི་བསོད་བསྟན། སྨན་རིའི་ཁྱུང་ཁྲི་རྒྱལ། ཁྲི་བརྟན་ནོར་རྩེའི་ཁྲི་གཙུག་ཚུལ་ཁྲིམས། ཁྲ་དགོན་ཚུལ་ཁྲིམས་གཙུག་ཕུད། རྩེ་དྲུག་གཙུག་གཤེན་རྒྱལ་མཚན། ལུང་དཀར་ཚུལ་ཁྲིམས་དགའ་བ་སོགས་དང་། ཁྱད་པར་མངའ་རིས་ཕྱོགས་སུ་སྐྱོད་སྐབས་ལམ་ཡིག་དཔང་འཛིན་གྱི་རྒྱབ་སྐྱོར་སྔ་ཕྱི་ཐེངས་མང་གནང་བའི་སྦྲ་ཆེན་ཚེ་རིང་ཕུར་དགའ། གནས་རོགས་རིག་འཛིན་ལྷུན་གྲུབ། གཙང་རྒྱུད་ཀྱི་གནས་རི་ཁག་ཅིག་མཇལ་སྐབས་རླངས་འཁོར་གྱི་རྒྱབ་སྐྱོར་བ་འབྲི་རུ་གཡུང་དྲུང་བཀྲ་ཤིས་བཅས་གཙོར་བྱས་པའི་དངོས་ཤུགས་རྒྱུད་གསུམ་ནས་བཀའ་སློབ་ལམ་སྟོན་དང་། རྒྱབ་སྐྱོར་གནང་མཁན་ཡོངས་ལ་བཀའ་དྲིན་ཆེ་ཞུ་རྒྱུ་དང་། ལས་བྱ་འདི་བསྟན་པའི་སྲི་ཞུ་ཞིག་ཏུ་གཟིགས་ཏེ། པར་སྐྲུན་གྱི་འགྲོ་གྲོན་དཔལ་གཤེན་བསྟན་བྱ་ཟེ་ཡང་དགོན་གྱི་ཁྲི་འཛིན་ཉེར་གཅིག་པ་དབྲ་ཁྱུང་ཤེས་རབ་གྲགས་པ་མཆོག་གིས་མ་སྐུལ་དང་བླང་གི་ཐོག་ནས་ཐུགས་འགན་བཞེས་གནང་བར་ལྷག་ཏུ་བཀའ་དྲིན་ཆེ་ཞུ་བ་ཡིན་ལ། ཁྲ་དགོན་མཁན་ཚུལ་ཁྲིམས་མཐའ་ཕྱིན་མཆོག་ནས་ཞལ་འདེབས་སྒོར་༡༠༠༠དང་། བཀའ་རམས་པ་རྨ་གདུང་ཚུལ་ཁྲིམས་དོན་ལྡན་ནས་སྒོར་༣༠༠ བཀའ་རམས་པ་ནམ་མཁའ་བསྟན་འཛིན་ནས་སྒོར་༣༠༠ བྱ་ཟེའི་གྲྭ་བཙུན་ལྷ་ལྡོང་ཚུལ་ཁྲིམས་བསྟན་འཛིན་ནས་སྒོར་༥༠༠ རྩེ་དྲུག་གྲྭ་བཙུན་མཁྱེན་རབ་བློ་གྲོས་ནས་སྒོར་༡༠༠ བཅས་གནང་བྱུང་བར་ཐུགས་རྗེ་ལེགས་འབུལ་ཞུ་བ་དང་ཆབས་ཅིག འདི་ལས་བྱུང་བའི་རྣམ་དཀར་དགེ་བའི་སྙིང་པོ་གང་ཞིག་མཆིས་ཚེ། ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་མངའ་བདག་ཆེན་མོ་སྐྱབས་རྗེ་མཁན་སློབ་གཤེན་གསུམ་གཙོས། ས་ཕྱོགས་གང་ན་བཞུགས་པའི་བསྟན་འཛིན་སྐྱེས་བུ་ཡོངས་ཀྱི་སྐུ་ཚེ་མཐར་རུ་ཕྱིན་ཅིང་། རྣམ་བཞི་ཕྲིན་ལས་གེགས་མེད་ལྷུན་གྱིས་འགྲུབ་པ་དང་། བསྟན་པའི་སྦྱིན་བདག་རྣམས་ཀྱི་མངའ་ཐང་དབང་རླུང་དར་ཞིང་། ཚེ་བསོད་ལོངས་སྤྱོད་རྒྱས་པ་སོགས་མདོར་ན་བརྟན་གཡོ་སྣོད་བཅུད་ཀྱིས་བསྡུས་པའི་རྒུད་ཚོགས་མིང་མེད་དུ་གྱུར་ནས་བཀྲ་ཤིས་རྫོགས་ལྡན་དཔལ་ལ་སྤྱོད་པའི་གསོས་སུ་འགྱུར་བའི་སྨོན་འདུན་དང་བཅས། །

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།