«བསྟན་འབྱུང་ཤེལ་གྱི་རྒྱང་མཐོང་»པར་བསྐྲུན་ལེགས་གྲུབ།

[ཟླ་ཚེས། 2014-08-07 13:20:10][རྩོམ་པ་པོ། ཚུལ་ཁྲིམས་བསྟན་པ་འབྲུག་གྲགས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

Bonpo-Book11.gif
གླེང་གཞི།

      ཕན་བདེ་ཀུན་གྱི་འབྱུང་གནས་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་བྱུང་རབས་ཆེ་ལོང་གིས་བརྗོད་པའི་གླེགས་བམ་རྨད་དུ་བྱུང་བ། བསྟན་འབྱུང་སྐལ་བཟང་བློ་མིག་གསལ་བར་བྱེད་པའི་རིན་ཆེན་ཤེལ་གྱི་རྒྱང་མཐོང་ཞེས་པ་འདི་ནི། བཅུ་ཕྲག་རིག་པའི་གནས་ལ་ནང་བྱན་ཆུད་པའི་ངེས་པ་དོན་གྱི་པཎྚི་ཏ་ཆེན་མོ། རིས་མེད་གྲུབ་མཐའ་ཀུན་ལ་ཐུགས་རྗེའི་སྤྱན་དཀྱུས་ཀྱིས་གཟིགས་རྒྱ་ཡངས་པ་སྐྱབས་རྗེ་བོན་བརྒྱ་ཐམས་ཅད་མཁྱེན་པ་མཆོག་གིས་བཤད་སྒྲུབ་བསྟན་པའི་གཞུང་ཤིང་ཤུགས་ཆེན་གྱིས་འདེགས་པའི་ཞོར་འཕྲོས་སུ་མཛད་པ་ཡིན་ལ། བརྗོད་བྱའི་དོན་གནད་དམིགས་རིམ་ཅན་དུ་ངེས་ཤིང་། ལུང་རྟོགས་གཉིས་དང་མདོ་སྔགས་སེམས་གསུམ་གྱིས་བསྡུས་པའི་བཀའ་དང་བཀའ་བརྟེན་གྱི་དགོངས་དོན་ལུང་གི་སྙིང་པོར་གཞི་བཅོལ་ཏེ། གསུང་རབ་དཔེ་རྒྱུན་གྱི་མཐུན་རྐྱེན་གང་འཛོམས་ལ་བརྟེན་ནས་རིག་པའི་གདར་ཤ་བཅད། ཚད་མ་གསུམ་དང་འབྲེལ་བའི་ལོ་རྒྱུས་ཁུངས་ལྡན་གྱི་བཞེད་པ་རྣམས་ཀྱིས་ཁ་བསྐངས་ཏེ་རྩོམ་ལུས་ཡོངས་སུ་མཇུག་གྲུབ་པ་ནི་མཁའ་མཉམ་སྐྱེ་རྒུའི་ཡིད་ཀྱི་གསོས་སྨན་ཉག་གཅིག་ཏུ་གྲུབ་ཡོད་གཤིས།
      གླེགས་བམ་འདིར་བསྟན་གྱི་བརྗོད་བྱ་གཙོ་བོའི་དབང་དུ་བྱས་ན། མི་མཇེད་པའི་ཞིང་ཁམས་འདིའི་སྣོད་བཅུད་ཆགས་ཚུལ་དང་། སྟོན་པ་སངས་རྒྱས་གཤེན་རབ་མི་བོ་མཆོག་གི་མཛད་རྣམ་མདོར་བསྡུས། གཡུང་དྲུང་བོན་གྱི་བཀའ་རིན་པོ་ཆེ་དབྱེ་འབྱེད་དང་། བོན་ཆོས་ཀྱི་རྣམ་དབྱེ་མདོར་བསྟན་གྱིས་གསུངས་པ་རྣམས་ནི་རང་ལྟ་ལ་ཞེན་པའི་མཁྲེགས་འཛིན་དང་གཞན་ལུགས་ལ་སྨོད་པའི་དགག་བཞག་ཙམ་མ་ཡིན་པར། བློ་གསལ་དོན་གཉེར་ཅན་རྣམས་ལ་དངོས་ཐོག་བདེན་འཚོལ་གྱི་ལམ་ནས་དཔྱད་གཞིའི་ཡིག་ཆར་མཁོ་འདོན་དང་། གསར་སྐྱེས་གཞོན་རབས་ཀྱི་ཚོགས་ལའང་མ་རིག་བློ་མུན་སེལ་བའི་ཡེ་ཤེས་ཀྱི་སྒྲོན་མེ་རབ་ཏུ་སྦར་བ་ཞིག་སྟེ། སྐབས་བསྟན་ལེའུ་དང་པོའི་བསྡུས་དོན་ཚིགས་བཅད་ཀྱི་སྐབས་སུ་ཡང་། གཞན་ལུགས་སྣ་ཚོགས་རྐང་འཐུང་འཁྲིགས་པའི་ཚལ།། དུམ་བུར་གཅོད་པའི་དགག་བཞག་མཚོན་ཆ་མེད།། རང་ལུགས་ཁོ་ནའི་བཞེད་པ་གཞིར་བཟུང་ནས།། ཕྱོགས་ཡོངས་གཟིགས་པའི་དཔྱད་གཞིའི་ལེགས་སྐྱེས་ཡོད།། ཅེས་གསུངས་པ་ནི་དམ་པ་མཆོག་གི་ལྷག་བསམ་རྣམ་པར་དག་པའི་རང་མདངས་བཅོས་མིན་གཟུགས་སུ་ཕབ་པ་ཡིན་ནོ།།
      ལེའུ་གཉིས་པ་ནི་སངས་རྒྱས་བསྟན་པའི་གཞི་མ་འདུལ་བ་མདོ་ཡི་རང་བཞིན་བསྡུས་དོན་ཙམ་དང་། དེ་དག་གི་བསྟན་པ་བྱུང་འཕེལ་གྱི་རིམ་པ་དངོས་གསལ་ཏུ་བསྟན་པ་ནི། རྒྱུ་འབྲས་རྣམ་པར་འབྱེད་པའི་མདོ་ལས། མདོ་ནི་གང་ལ་ལྗི་ཞིང་བསྒྱུར་མི་གཏུབ།། གང་གི་ནོན་ཞིང་ཆེ་ལ་ལྗི་བ་ཡི།། མི་འགྱུར་གསེར་གྱི་ཐིག་ཆེན་ལྟར་དུ་བཤད།། ཅེས་གསུངས་པ་ལྟར། སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཁྲི་གཙུག་རྒྱལ་བ་ནས། རིམ་གྱིས་སྟག་གཟིག་དང་། ཞང་ཞུང་། བོད་ཆེན་པོའི་རྒྱལ་ཁམས་ཀུན་ཏུ་འདུལ་བ་མདོ་ཡི་བོན་དར་ཚུལ་དང་། རྗེས་འཇུག་མཁན་རབས་མུ་ཏིག་གི་ཕྲེང་བ་བསྟར་ལ་བརྒྱུས་པ་རྣམས་ཀྱི་བྱུང་རིམ་སྔ་ཕྱི་མ་འདྲེས་པར་གསལ་བར་བསྟན་ཡོད།
      ལེའུ་གསུམ་པར་སངས་རྒྱས་བསྟན་པའི་སྲོག་ཤིང་གསང་བ་སྔགས་ཀྱི་བྱུང་རབས་ལྷུག་པོར་བརྗོད་དེ། ཡང་དེ་ཉིད་ལས། རྒྱུད་ནི་མི་འགྱུར་ལྷུན་པོ་ལྟ་བུ་སྟེ། ཐམས་ཅད་ཀུན་འབྱུང་ངོ་མཚར་ཆེ་བ་ཡི།། སྤྱི་ཁོག་གྲོལ་བ་ཕུན་སུམ་ཚོགས་པར་བཤད།། ཅེས་གསུངས་པ་བཞིན། འཆི་མེད་ཡུམ་སྲས་གཤེན་གསུམ་ནས་གསང་སྔགས་གཡུང་དྲུང་ཐེག་པ་ཆེན་པོའི་བོན་སྐོར་བྱུང་ཚུལ་དང་། ཞང་བོད་རྒྱལ་བོ་རིམ་བྱོན་གྱིས་གསང་བ་སྔགས་ཀྱི་བོན་རྣམས་བདག་གིར་མཛད་ཅིང་ཐུགས་དམ་ཉམས་བཞེས་གནང་བ་དང་། ལོག་སྨོན་བདུད་སེམས་དབང་གིས་བསྟན་པ་ཐེངས་འགར་བསྣུབས་ཀྱང་ཕྱིས་སུ་གཏེར་སྟོན་བརྒྱ་རྩས་ཟབ་གཏེར་དྲངས་ཏེ་གདུང་རབས་བྲུ་ཞུ་སྤ་རྨེའུ་གཤེན་དང་ཁྱུང་གི་རྒྱུད་འཛིན་སོ་སོར་སྤེལ་ཚུལ་དང་དེ་དག་གིས་ཉམས་བཞེས་གནང་ཚུལ། བཀའ་བབས་ཟབ་གཏེར་སྙན་དུ་བབ་ཚུལ་སོགས་ཞིབ་རྒྱས་སུ་གསུངས་ཡོད།
      ལེའུ་བཞི་བར་བསྟན་པའི་སྙིང་བོ་རང་བཞིན་རྫོགས་པ་ཆེན་པོའི་བོན་སྡེ་བྱུང་ཚུལ་ལྟར། ཡེ་ཉིད་ཀྱི་སྟོན་པ་ཀུན་ཏུ་བཟང་པོ་ནས་བདེར་གཤེགས་དགོངས་པའི་བརྒྱུད་པ་དང་། སེམས་དཔའ་བརྡ་ཡི་བརྒྱུད་པ། གྲུབ་ཐོབ་སྙན་ཁུང་གི་བརྒྱུད་པ། སྒྲ་བསྒྱུར་ལོ་ཙཱའི་བརྒྱུད་པ་བཅས་ཀྱིས་སོ་སོར་སྤེལ་བའི་བཀའ་གདམས་གསེར་གྱི་ཡང་ཞུན་རྫོགས་པ་ཆེན་པོའི་བྱུང་ཚུལ་བསྡེབས་ཏེ་དཀྱུས་གཅིག་ཏུ་མ་འདྲེས་པ་ཀུ་ཤུའི་རྩེ་ལྟར་ལེགས་པར་བསྟན་ཡོད།
      ལེའུ་ལྔ་བར་གཡུང་དྲུང་གི་བོན་རིན་པོ་ཆེ་གངས་ལྗོངས་འགྲོ་བའི་བསོད་ནམས་ཀྱི་དཔལ་དུ་བྱོན་ཚུལ་བསྟན་པ་དང་། བྱེ་བྲག་མདོ་སྨད་བྱང་བརྒྱུད་ཀྱི་ཡུལ་ཁམས་ཀུན་ཏུ་འཕྲུལ་ངག་བདེན་པའི་བོན་དར་ཚུལ། ཞར་བྱུང་བྱང་ཕྱོགས་ཨཀྟ་རོང་གི་ཡ་གྱལ་རེབ་གོང་རིག་པ་འབྱུང་བའི་གྲོང་ཁྱེར་གྱི་སྟོད་སྨད་བར་གསུམ་ཀུན་ལ་གཤེན་རབ་བོན་བསྟན་བྱུང་འཕེལ་གྱིས་མཐར་བརྒྱན་ཏེ་བརྗོད་བྱའི་སྙིང་པོ་ལེགས་པར་བསྟན་ཡོད། མདོར་ན་བསྟན་འབྱུང་ཤེལ་གྱི་རྒྱང་མཐོང་ཞེས་པ་འདི་ཡི་བརྗོད་བྱ་ཕུན་སུམ་ཚོགས་པར་བསྟན་པ་ལ། རྗོད་བྱེད་ཚིག་གི་ཉམས་མཛེས་ཤིང་འབུར་དུ་ཐོན་པ། རང་བཞིན་ཁ་གསལ་ཞིང་གོ་བདེ་བས་ཆེ་ཆུང་བར་མའི་བློ་ལ་འཚམས་པ། ལོ་རྒྱུས་ཀྱི་བྱུང་ཁུངས་བཙུན་ཞིང་བྲི་ལུགས་བརྡ་སྤྲོད་དང་མཐུན་པ། བདེན་བརྗོད་ཀྱི་བབ་ཆགས་པས་གོང་འོག་ལ་འཁྲུགས་སྡེབ་མེད་པ། ཐོས་ལོ་དང་ཟེར་སྒྲོས་ཙམ་མིན་པར་བདེན་ལུགས་རྗེན་པར་སྟོན་པའི་བསྟན་འབྱུང་གླེགས་བམ་འདི་ནི་ལོ་རྒྱུས་ཀྱི་བདེན་དོན་འཚོལ་བའི་ཞིབ་དཔྱོད་པ་དང་ཤེས་ལྡན་གཞོན་ནུའི་ཚོགས་ལ་ཤིན་ཏུ་ཕན་པར་རིགས་སོ།།

      ཞེས་པ་འདི་ཡང་དཔལ་ཤར་རྫའི་རི་ཁྲོད་དགེ་ཐང་པདྨ་རྒྱས་པའི་དགའ་ཚལ་དུ་གཤེན་གྱི་དགེ་སྦྱོང་བ་ཚུལ་ཁྲིམས་བསྟན་པ་འབྲུག་གྲགས་ཀྱིས་མགྱོགས་བྲིས་བྱས་པ་དགེ་བར་གྱུར་ཅིག

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།