གནས་མཆོག་བོན་རི་ཆེན་མོའི་དཀར་ཆག་པར་དུ་བསྐྲུན་པ།

[ཟླ་ཚེས། 2014-05-21 22:32:11][རྩོམ་པ་པོ། དབྲ་ཁྱུང་དགེ་བཤེས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

དབྲ་ཁྱུང་དགེ་བཤེས་སྐལ་བཟང་ནོར་བུ་མཆོག་ནས་བརྩམས་པའི་༼གནས་མཆོག་བོན་རི་ཆེན་མོའི་དཀར་ཆག་རབ་གསལ་ཉི་མ་གཞོན་ནུའི་འོད༽ཅེས་པ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པ།

02.jpg
གནས་མཆོག་བོན་རི་ཆེན་མོའི་དཀར་ཆག་དེབ་ཀྱི་མདུན་ངོས།
 01.jpg
རྩོམ་པ་པོ་དབྲ་ཁྱུང་དགེ་བཤེས་སྐལ་བཟང་ནོར་བུ་ལགས་ནས་རྒྱལ་བ་གཤེན་སྲས་རིན་པོ་ཆེ་ལ་གནས་མཆོག་བོན་རི་ཆེན་མོའི་དཀར་ཆག་གཟིགས་འབུལ་གནང་བ།
དཔེ་སྐྲུན་གསལ་བཤད།

     ཚན་རིག་ལག་རྩལ་དང་དེ་ལས་འཕྲོས་པའི་བཟོ་ལས་ཐོན་སྐྱེད་སོགས་གོང་ནས་གོང་དུ་འཕེལ་བའི་བྱིན་མཐུ་ཡིས་འགྲོ་བ་མིའི་རིགས་གོ་ལ་ཟླུམ་པོ་འདི་རུ་འཚོ་ཞིང་བཞེས་པར་དངོས་པོའི་ལོངས་སྤྱོད་གྱ་ནོམ་དུ་བསྐྲུན་པ་དང་རྒྱུན་སྤྱོད་འཚོ་བའི་ཐད་ལའང་ཧ་ཅང་སྟབས་བདེ་ཅན་དུ་གཏོང་བ་ལྟ་བུ་དགེ་མཚན་བརྗོད་ཀྱིས་མི་ལང་བ་ཞིག་ཡོད་མོད། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས། ཤེས་རབ་རལ་གྲིའི་རྣོ་ཕྱོགས་རེ་རེའི་སྣེ།། གཅིག་གི་ཟླ་ལ་གཅིག་ཀྱང་སླེབས་པར་ངེས། །ཞེས་གསུངས་པ་ལྟར། དགེ་མཚན་དེ་དག་བསྐྲུན་པ་དང་ཆབས་ཅིག་སྣོད་ཀྱི་འཇིག་རྟེན་འདི་ལའང་གཏོར་བརླག་རབ་དང་རིམ་པ་བཟོས་དང་བཟོ་བཞིན་ཡོད་པས་ན། དེང་གི་ཆར་ས་ཆུ་མེ་རླུང་མཁའ་དབུགས་དང་བཅས་པའི་འབྱུང་བ་ལྔ་ཡི་གནོད་པས་འགྲོ་བ་མིའི་རིགས་ཚུར་ལ་ལེ་ལན་འཁོར་ཏེ་ལོ་རེ་བཞིན་མི་ཁྲི་མ་འབུམ་དུས་མིན་ལྔ་ལམ་དུ་འགྲོ་བའི་དུཿཁའང་མྱངས་དང་མྱོང་བཞིན་པ་མཐོང་ཆོས་མངོན་འགྱུར་རེད། དེ་ལྟ་བས་ན་འཛམ་གླིང་ན་རྒྱལ་ཁབ་དང་མི་སྣ་གྲགས་ཅན་མང་པོ་ཞིག་གིས་ནང་བཅུད་ཀྱི་སེམས་ཅན་གྱི་གཙོ་བོར་གྱུར་བའི་འགྲོ་བ་མིའི་རིགས་ཡོངས་ནས་ཕྱི་སྣོད་ཀྱི་འཇིག་རྟེན་ཏེ། རང་རེའི་ཐུན་མོང་འཚོ་བཞེས་ཀྱི་གོ་ལ་འདི་ཀོའི་ཚེ་སྲོག་བསྲིང་བའི་ཆེད་དུ་རང་བྱུང་ཁམས་ལ་བཟོ་ལས་རང་བཞིན་གྱི་གཏོར་བརླག་མི་བྱེད་པའི་འབོད་སྐུལ་གཏོང་བཞིན་ཡོད། དེ་ལས་འཛམ་གླིང་རྒྱ་ཕིབས་སུ་གནས་པའི་རང་རེའི་བསིལ་ལྡན་ར་བས་བསྐོར་བའི་ཞིང་ཁམས་འདི་ནི་ཁ་འབབ་བཞི་དང་འབྲི་ཆུ། རྨ་ཆུ། རྫ་ཆུ་སོགས་ཚེ་སྲོག་གི་སོས་ཀྱི་དངས་མར་བསྔགས་པའི་ཆུ་བོ་གང་མང་མང་ཞིག་གི་ཁུངས་སུ་སོང་བས་ཆུ་མགོ་མ་དྭངས་ན་ཆུ་རྔ་དྭངས་ཚུལ་མེད་པས་ན། ཡུལ་འདིའི་སྐྱེ་ཁམས་ལེགས་སྲུང་བྱེད་རྒྱུ་ནི་རང་རྒྱལ་ལྟ་ཅི་མཐའ་གནས་རྒྱལ་ཁབ་དག་གིས་ཀྱང་ཆེས་དོ་སྣང་བྱེད་སའི་གནས་སུ་གྱུར། འོན་ཏེ་དགའ་བ་སྒོམ་ཆོག་པ་ཞིག་ནི། གཅིག་ན་བསིལ་ལྡན་ལྗོངས་འདི་ལྟོས་བཅས་སུ་འགྲིམ་འགྲུལ་སོགས་ཀྱི་ཆ་རྐྱེན་ཞན་པས་ན་བཟོ་ལས་ཐོན་སྐྱེད་ཀྱི་གནོད་འཚེ་ད་དུང་རྒྱ་ཁྱབ་ཏུ་མཆེད་མེད་པ་དང་། གཉིས་ན་ཡུལ་གྲུ་འདིར་འཚོ་བཞེས་ཀྱི་གདོང་དམར་བོད་པ་རྣམས་གནའ་སྔ་མོ་ནས་བཟུང་རང་བྱུང་ཁོར་ཡུག་ལ་རྩིས་མཐོང་དང་སྲུང་སྐྱོང་བྱེད་པའི་རྒྱུན་སྲོལ་རིག་གནས་ཤིག་ཡོད་པས་ཡིན། རྒྱུན་སྲོལ་རིག་གནས་འདི་ཀོའི་བྱིན་མཐུ་ལས་བོད་ཡུལ་གྱི་རི་དང་ཆུ་སོགས་རང་བྱུང་མཛེས་ལྗོངས་སུ་གྲུབ་པ་དེ་དག་ཀྱང་གནས་རི་དང་གནས་མཚོ་སོགས་ཀྱི་མིང་གིས་བརྒྱན་ཅིང་སྐྱེས་ཆེན་ཆེ་གེ་མོའི་གྲུབ་པའི་བསྟི་གནས་སུ་གྱུར་བས་དད་ལྡན་མང་ཚོའི་གནས་སྐོར་མཆོད་མཇལ་བྱེད་ས་སྟེ་རང་ཤུགས་སུ་སྲུང་སྐྱོང་གི་ཡུལ་དུ་གྱུར། དེང་ཡང་བོད་ཡུལ་འདི་ཀོ་རང་བྱུང་ཡུལ་གྱི་བཀོད་པ་མཛེས་ཤིང་མཁའ་དབུགས་གཙང་བ། ཡུལ་མི་རྣམས་ཆོས་དད་དགེ་སེམས་ཅན་ཤ་སྟག་ཏུ་སོང་བས་གོ་ལ་འདིར་ཆེས་མཐའ་མཇུག་ཏུ་ལྷག་པའི་གནས་མཆོག་ཤམྦྷ་ལ་ཞེས་ཡུལ་གཞན་དང་གཞན་གྱི་མི་རྣམས་ཀྱིས་ལྗོངས་རྒྱུ་ལྟ་སྐོར་བྱེད་སའི་གནས་གལ་ཆེ་ཤོས་སུ་བདམས་དང་འདེམས་བཞིན་པ་དེའོ། ། 

   བོད་ཀྱི་གནས་རི་གནས་མཚོ་དེ་དག་ཀྱང་མཛེས་པ་ཙམ་གྱིས་མི་ཚད་པར་དེར་ཐུན་མོང་མ་ཡིན་པའི་གནས་ཡིག་ཅེས་པའི་རིག་པ་ཞིག་གིས་བརྒྱན་པས་ན་འཛམ་གླིང་ན་འདི་ཀོའི་ཁྱད་ཆོས་གཟེངས་སུ་ཐོན་འདུག་སྙམ། དེང་རབས་མིག་རྒྱངས་ཀྱིས་དཔྱད་ན་རིག་པ་འདིར་ས་རྒྱུས་རིག་པ་དང་སྐྱེ་ཁམས་རིག་པ། ཆོས་ལུགས་རིག་པ། ལྗོངས་རྒྱུ་རིག་པ། ལོ་རྒྱུས་རིག་པ། རིག་གནས་རིག་པ། དམས་སྲོལ་རིག་པ། ས་གཏེར་རིག་པ། རྩོམ་གྱི་རིག་པ་སོགས་དང་འབྲེལ་བ་དམ་དུ་ཟབ་ཅིང་། ཁྱད་པར་དུ་ཆོས་ལུགས་དང་དམངས་སྲོལ་ལ་ཐད་ཀ་ནས་འབྲེལ་བ་ཡོད་པས། རྒྱ་ཆེ་ཞིང་གཏིང་ཟབ་པ་སྟེ། ཆུང་ས་ནས་བཤད་ན་ཡུལ་སྡེ་རེ་ལ་ལ་བཙས་རེ་ལུང་པ་རེ་ལ་གནས་རི་རེ། ཆེ་ས་ནས་བརྗོད་ན་གྲུབ་མཐའ་གཅིག་གི་གདུགས་འོག་ཏུ་ཚུད་པའི་མི་རྣམས་ཀྱིས་གནས་སྐོར་མཆོད་མཇལ་བྱེད་སའི་གནས་རི་ཀོང་པོ་བོན་རི་ལྟ་བུ་ཡོད་ལ། བོད་སྤྱི་ཡོངས་ནས་གྲུབ་མཐའ་རིས་མེད་ཀྱིས་ཐུན་མོང་དུ་གནས་སྐོར་བྱེད་ས་ཏི་སེ་གངས་ཀྱི་རྒྱལ་པོ་དང་མ་ཕམ་གཡུ་མཚོ་ལྟ་བུ་བསམ་གྱིས་མི་ཁྱབ་པ་ཞིག་ཡོད་དེ། བན་ཕྱོགས་ནས་ཡོངས་གྲགས་སུ་བོད་དང་བོད་ཆེན་པོའི་ཡུལ་ལ་སྦས་པའི་གནས་ཆེན་བརྒྱད་དང་གནས་ཕྲན་སྟོང་དང་རྩ་གཉིས་ཞེས་པའི་བརྗོད་སྲོལ་ཡོད་ལ། གཡུང་དྲུང་བོན་ལུགས་སུའང་གསང་སྔགས་མ་རྒྱུད་ལྷ་འཁོར་གྱི་ནང་ཚན་དང་དེའི་བཞུགས་གནས་སུ་གྱུར་བའི་གནས་ཆེན་ཉེར་བཞི་དང་གནས་ཕྲན་སྟོང་དང་རྩ་བརྒྱད་བགྲང་རྒྱུ་ཡོད་པ་ལྟ་བུ་བརྗོད་ཀྱིས་མི་ལང་བ་ཞིག་ཡོད་དོ། །
   གནས་ཆེན་དེ་དག་ལ་གནས་ཀྱི་བཤད་པ་རྒྱས་བསྡུས་ཅི་རིགས་ཡོད་ཅིང་། མཐའ་ན་རི་སྡེ་ཆུང་ཆུང་ཞིག་གི་ལ་བཙས་ཡིན་ན་ཡང་དེ་ལ་བསྐང་གསོལ་དམ་དུམ་ཞིག་མེད་པ་ཧ་ཅང་དཀོན། ཚུལ་དེ་ཙམ་གྱིས་ཀྱང་བོད་ཀྱི་རྒྱུན་སྲོལ་རིག་པ་འདི་ཀོ་གཞན་གྱིས་མཐོང་ན་ཡིད་སྨོན་འཆོར་ཞིང་རང་གིས་བལྟས་ན་བློ་སྤོབས་སྐྱེད་འོས་པ་ཞིག་ཡིན། དེ་ཡང་གནའ་བཟང་དེང་སྤྱོད་ཅེས་པའི་དགོངས་པ་ལྟར་སྔོན་བྱོན་སྐྱེས་ཆེན་དག་གི་ཕྱག་སོར་ལས་ཐོན་པའི་གནའ་ཡིག་གླེགས་བམ་དུ་ལུས་པ་རྣམས་ཀྱིས་དེང་གི་གནས་སྐོར་མཆོད་མཇལ་དང་ལྗོངས་རྒྱུ་ཡུལ་སྐོར་ལ་སྔར་ལས་ལྷག་པའི་དགེ་མཚན་འདོན་དུ་འཇུག་དགོས། གནས་དང་གནས་ཡིག་བར་མ་བུ་ངོ་འཕྲོད་ཀྱི་ཚུལ་དུ་འདོན་སྤེལ་བྱེད་རྒྱུ་ནི་སྤྱིར་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་གྱི་ལས་སུ་འཁུམས་ཤིང་སྒོས་སུ་སྲོལ་རྒྱུན་གྱི་ནུ་ཞོས་དེང་གི་མི་རྣམས་ཀྱི་ཡིད་ཀྱི་མུ་ཏོ་སེལ་བའི་ལས་ཤིག་ཀྱང་ལོས་ཡིན་སྙམ་མོ། །
   ངེད་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ལྟ་བུར་མཚོན་ན། དེ་སྔར་ངག་དབང་འཕྲིན་ལས་པའི་གངས་རི་མཚོ་གསུམ་ཆུ་བོ་བཞི་བཅས་ཀྱི་གཏན་འབེབས་ཞེས་པ་དང་ཆོས་ཀྱི་བློ་གྲོས་ཀྱི་གངས་དཀར་ཏི་སེ་དང་མཚོ་མ་དྲོས་པའི་གཏམ་ཞེས་པ་དང་། ཀཿཐོག་སི་ཏུའི་དབུས་གཙང་གནས་ཡིག བྱང་ཆུབ་རྡོ་རྗེས་གཏེར་ནས་བཞེས་པའི་རྒྱལ་མོ་དམུ་རྡོའི་གནས་ཡིག་སོགས་སྲོལ་རྒྱུན་གྱི་གླེགས་བམ་དེང་རབས་དེབ་གཟུགས་སུ་པར་དུ་བསྐྲུན་ཏེ་རྒྱ་ཆེའི་ཀློག་པ་བོའི་སྤྱན་སྔར་བསྟབས་པས་དགའ་བསུ་ཆེན་པོ་ཐོབ། ད་ལན་ངེད་དཔེ་སྐྲུན་ཁང་ནས་ཀུན་གྱི་ཆུ་བུར་མིག་གི་མཐོང་ཆོས་སུ་དགེ་བཤེས་དབྲ་ཁྱུང་སྐལ་བཟང་ནོར་བུ་མཆོག་ནས་བརྩམས་པའི་གནས་མཆོག་བོན་རི་ཆེན་མོའི་དཀར་ཆག་རབ་གསལ་ཉི་མ་གཞོན་ནུའི་འོད་ཅེས་བྱ་བ་སྤེལ་བ་ལ་གོང་ཞུས་སྲོལ་རྒྱུན་གནས་ཡིག་འབྲི་སྟངས་གཞིར་བཟུང་ཐོག་དེང་རབས་ཀྱི་ཁྱད་ཆོས་ཀྱང་མངོན་པ་ཕྱུག་ཡོད་དེ།
   གཅིག གནས་རིའི་གོ་གནས་མངོན་འདོན་གྱི་ཁྱད་ཆོས། ཀོང་པོ་བོན་རི་ནི་གཡུང་དྲུང་བོན་གྱི་སྟོན་པ་གཤེན་རབ་མི་བོ་ཆེའི་ཞབས་སོར་དངོས་སུ་རེག་པའི་གནས་བྱིན་རླབས་ཅན་དེ། ཡོངས་གྲགས་སུ་སྟོན་པ་གཤེན་རབ་མི་བོ་ཆེ་ཞང་ཞུང་འོལ་མོ་ལུང་རིང་ནས་འཁོར་ལྔ་བརྒྱ་དང་བཅས་བོད་དབུས་གཙང་ལ་ཞབས་སོར་འཁོད་ནས་གཡུང་དྲུང་བོན་གྱི་འཁོར་ལོ་བསྐོར་སྐབས་བདུད་ཁྱབ་པས་སྟོན་པའི་རྟ་བདུན་བརྐུར་ནས་ཐོ་བཙུགས་པར་སྟོན་པས་བདུད་སྡེ་གཡུང་དྲུང་བོན་ལ་བསྒྱུར་བའི་དུས་ལ་བབ་པར་གཟིགས་ནས་ར་མདའ་ཚུལ་གྱིས་ཡུལ་ཀོང་པོ་ལ་ཕེབས་ཤིང་། 
ཐུགས་ཀྱི་སྤྲུལ་བ་བོན་རིར་བསྒྱུར་ཏེ་བདུད་ལས་རྣམ་པར་རྒྱལ་ནས་ཡུལ་དེར་གཡུང་དྲུང་བོན་གྱི་ཉིན་བྱེད་ཁྱབ་པར་བྱས་པས་མཚོན། བོན་རི་ནི་སྟོན་པ་དང་འབྲེལ་བ་ཐད་ཀར་ཡོད་པའི་རྒྱུ་མཚན་གྱིས་གནས་ཆེན་གཞན་དང་གཞན་ལས་ལྷག་པའི་གོ་གནས་ཡོད་པ་བསྟན་པའོ། །
   གཉིས། གནས་དང་གནས་ཡིག་མ་བུ་ངོ་འཕྲོད་ཀྱི་ཁྱད་ཆོས། དབྲ་ཁྱུང་པའི་གསར་རྩོམ་གནས་ཡིག་གམ་དཀར་ཆག་འདི་ཡི་ལུང་ཁུངས་སམ་གཞི་བརྟེན་ས་ནི་སྤྱིར་བཀའ་ཚད་མ་སྟོན་པའི་མཛད་མདོ་ཡིན་ལ། བྱེ་བྲག་སྔོན་བྱོན་སྐྱེས་ཆེན་གྱིས་བརྩམས་པའི་ཀོང་པོ་བོན་རིའི་གནས་དང་འབྲེལ་བའི་ཡིག་ཆ་སྟེ། བོད་རབ་བྱུང་དྲུག་པའི་ལྕགས་ཕོ་རྟ་སྟེ་སྤྱི་ལོ༡༣༣༠ལོར་རྟོགས་ལྡན་རི་བ་འབྲུག་གསས་ཀྱིས་བོན་རིའི་གནས་སྒོ་ཕྱེས་པའི་འབྲེལ་ཡོད་ལོ་རྒྱུས་དང་། ཕྱིས་བྱོན་གནས་དེར་ལྷ་ཁང་དང་སྒྲུབ་ཁང་དང་དགོན་པ་སོགས་ཕྱག་བཏབ་པའི་སྐྱེས་ཆེན་དག་གི་ཕྱག་སོར་ལས་བྱུང་བའི་དཀར་ཆག་དག་དང་། ཁྱད་པར་དུ་རྩོམ་པ་པོ་རང་ཉིད་གནས་དེར་ཞབས་དངོས་ཐེངས་མ་མང་པོ་གཅག་སྐབས་ཡུལ་མི་རྣམས་ཀྱི་སྙན་ནས་སྙན་དུ་བརྒྱུད་པའི་ངག་སྒྲོས་འཚོལ་སྡུད་བྱས་པ་བཅས་ལ། ཚུལ་གསུམ་རིག་པའི་སྲང་དུ་བཀྱག་སྟེ་བརྟག་ཅིང་དཔྱད་པས་གཏན་ལ་བབས་ཤིང་། བཀའ་རྟགས་ཕྱག་རྗེས་སོགས་དངོས་སུ་མཇལ་དུ་ཡོད་པ་དང་གནས་ཡིག་བར་མ་བུ་ངོ་འཕྲོད་པར་བྱས་པའོ། །
   གསུམ། གནའ་དེང་ཟུང་དུ་འབྲེལ་བའི་ཁྱད་ཆོས། དབྲ་ཁྱུང་པའི་དཀར་ཆག་འདིའི་ལུས་ཀྱི་ཆ་ནས་བརྗོད་ན། ཐོག་མར་དགེ་བ་ཀླད་ཀྱི་དོན་དང་བར་དུ་དགེ་བ་གཞུང་གི་དོན། མཐའ་མར་དགེ་བ་མཇུག་གི་དོན་དང་། ལེ་ཚན་གྱི་བར་དུའང་ཚིགས་སུ་བཅད་པས་བརྒྱན་པ་ལྟར་དུ་བརྩམས་པས་སྲོལ་རྒྱུན་གྱི་འབྲི་ལུགས་དང་དུ་བླངས་ཤིང་། གནས་བཤད་ཀྱི་གོ་རིམ་ནི་སྔ་སྲོལ་ལས་འགོང་སྟེ་དེང་གི་མཇལ་སྐོར་བའི་སྐོར་ལམ་གྱི་འགྲོས་ལྟར་བརྗོད་ཅིང་དེ་བསྟུན་གྱི་ས་ཁྲ་ཞིག་ཀྱང་བྲིས། གནས་རེ་རེ་ནས་དང་པོ་ཡུལ་གྱི་བཀོད་པ་ཇི་ལྟར་ཡིན་ཚུལ་སྙན་མོའི་ཚིག་གི་ལམ་ནས་བརྗོད་པ་དང་། བར་དུ་སྟོན་པའི་མཛད་མདོ་དང་སྔོན་གྱི་གནས་ཡིག་ཏུ་འཁོད་པ་དག་ལུང་གི་ཚུལ་དུ་དྲངས་ཤིང་། མཐའ་མར་རང་གིས་བརྟག་ཅིང་དཔྱད་པའི་སྡོམ་ཚིག་ཏུ་བཀོད་པ་དང་། དེའི་རྗེས་སུ་གང་བརྗོད་པའི་གནས་ཀྱི་འདྲ་པར་བཀོད་པ་སོགས་དེང་གི་ལྗོངས་སྐོར་ཡིག་ཆ་འབྲི་སྟངས་བེད་སྤྱོད་པས་གནས་དེར་དངོས་སུ་ཕྱིན་པ་རྣམས་ལ་ས་མཁན་མཁས་པས་ས་ཁྲིད་ལྟ་བུ་སྟབས་བདེར་བཟོས་པ་སྨོས་ཅི། རེ་ཞིག་གནས་མཆོག་དེར་མ་འབྱོར་རུང་དཔེ་ཀློག་ཙམ་གྱིས་གནས་དེར་ཕྱིན་པ་ལྟ་བུའི་ཚོར་སྣང་སྟེར་ཐུབ་བའི་དགེ་མཚན་ལྡན་ནོ། །
   བཞི། གནས་བཤད་ཞིབ་ཅིང་ཕྲ་བའི་ཁྱད་ཆོས། ཀོང་པོ་བོན་རི་ནི་སྟོན་པ་གཤེན་རབ་མི་བོ་ཆེའི་ཐུགས་སྤྲུལ་ཡིན་པའི་ཆ་ནས་སྟོན་པའི་མཛད་པ་བཅུ་གཉིས་ཀྱིས་དབུ་དྲངས་ཏེ་རང་བྱུང་གནས་དང་གནས་ཕྲན། ཕྱག་རྗེས་དབུ་རྗེས་ཞབས་རྗེས་སོགས་བཀའ་རྟགས་དང་། རྟེན་དང་བརྟེན་པ་རེ་རེ་ནས་ཚན་པ་ཚན་པར་བགོས་ནས་ཞིབ་བརྗོད་བྱས་ཡོད་པས་དབྲ་ཁྱུང་པའི་གསར་རྩོམ་གནས་ཡིག་གམ་དཀར་ཆག་འདི་གནས་ཡིག་གཞན་དང་བསྡུར་ན་ཞིབ་ཅིང་ཕྲ་བའི་ཁྱད་ཆོས་ལྡན་ནོ། །

 ཞེས་ཀོང་པོའི་བོན་རིའི་དཀར་ཆག་གི་དཔེ་སྐྲུན་གསལ་བཤད་ཀྱི་ཚུལ་དུ་གུས་ཨ་སྔགས་ཚེ་རིང་བཀྲ་ཤིས་སམ་བརྡ་སྤྲོད་བཏགས་མིང་དུ་སྒྲ་དབྱངས་སྨྲ་བའི་རྡོ་རྗེར་འབོད་པས་སྤྱི་ལོ༢༠༡༤ལོའི་ཟླ༣ཚེས་༢༥ཉིན་སོས་ཀའི་གྲོང་ཁྱེར་རུ་བསྔགས་པའི་ཁུན་མན་ཞེས་པ་ནས་སྦྱར་བ་དགེའོ། 

03.jpg
གནས་མཆོག་བོན་རི་ཆེན་མོའི་དཀར་ཆག་དེབ་ཀྱི་ཕྱི་ཤོག
02.jpg
རྩོམ་པ་པོ་དབྲ་ཁྱུང་དགེ་བཤེས་སྐལ་བཟང་ནོར་བུ་མཆོག་དང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་དབུ་ཁྲིད་ཨ་སྔགས་ཚེ་རིང་བཀྲ་ཤིས། རྩོམ་སྒྲིག་འགན་ཁུར་བ་གཉན་མོ་འགྲུབ་བཅས།
སྔོན་གླེང་།

དེང་སྐལ་བཟང་དུས་ཀྱི་རྦ་རླབས་ནི་གྱེན་དུ་འཕྱུར།
གོ་ལ་ཟླུམ་པོའི་འགྱུར་འགྲོས་ནི་ཤིན་ཏུ་རྒོད།
ཚན་རྩལ་རིག་པའི་བློ་རྩེ་ནི་རབ་ཏུ་རྣོ།
རྩོད་ལྡན་མི་ཡི་བསམ་དྲན་ནི་གློག་ལས་མྱུར།
ཅི་ལྟ་བུ་དུས་རབས་ཉེར་གཅིག་པའི་ནང་།

   གཏམ་བཟང་ཞིག་ལ། རང་རེའི་ཞང་བོད་རང་ས་ནས་དར་བའི་ཆོས་དང་རིག་གཞུང་འདི་ནི་གསེར་ས་འོག་ཏུ་ཕྱིན་ཡང་། འོད་ནམ་མཁར་ཁྱབ་ཅེས་པའི་དཔེ་ཟླར་ཨ་ན་མ་ན་རེད། ད་ལྟའི་ཆར་ཕྱོགས་ཕན་ནས་ལོ་རྒྱུས་ལ་དོ་སྣང་ཅན་གྱི་མཁས་དབང་མང་པོ་ཞིག་གིས་ཞིབ་འཇུག་གནང་དང་གནང་བཞིན་པ་མ་ཟད། དད་ལྡན་མོས་པ་ཅན་གྱི་དགེ་སྦྱོར་བ་ཇི་སྙེད་ཅིག་ཆར་ཤུལ་གྱི་མྱུ་གུ་འབུས་པ་ཇི་བཞིན། ཇེ་མང་ཇེ་རྒྱས་སུ་འགྲོ་བཞིན་པའི་དུས་འདིར། རང་ཕྱོགས་ནས་ཆོས་དང་རིག་གཞུང་འདི་དག་ཁུང་ཐོབ་ཚད་ཕེར་ཐོག་འགྲེལ་བརྗོད་བྱ་རྒྱུ་ནི། བོད་མིར་ཁུར་དུ་འཁྲི་བའི་འོས་འགན་ཞིག་ཏུ་ལོས་ཡིན། དེས་ན་འདིར་ཁོ་བོས་མི་ཆུང་བསམ་དཀར་གྱི་དཔེ་བཞིན། རང་རེའི་གཡུང་དྲུང་བོན་གྱི་ཆོས་རྒྱུད་འཆང་བ་དག་གིས་ཤིན་ཏུ་གཙིགས་ཆེན་དུ་འཛིན་པ༼གནས་མཆོག་བོན་རི་ཆེན་མོའི་དཀར་ཆག་རབ་གསལ་ཉི་མ་གཞོན་ནུའི་འོད༽ཅེས་པའི་དེབ་ཆུང་འདི་ནི། ཕུགས་རྒྱལ་བའི་མཛད་མདོ་རྒྱས་བསྡུས་ཁག་དང་། བོན་རིའི་སྐོར་གྱི་གནས་ཡིག་རྒྱས་བསྡུས་དག་ལ་གཞི་བཅོལ་བ་མ་ཟད། སྔར་སྲོལ་ཡུལ་མི་རྒན་པོའི་ངག་རྒྱུན་དང་འདི་ཕྱོགས་ལ་ཆ་འདྲིས་ཅན་གྱི་གནས་སྐོར་བ་དག་གི་བཤད་སྒྲོས་ལ་གཞི་བཅོལ་བ་དང་འབྲེལ།
ཁོ་བོ་གནས་དེར་ཐེངས་མང་འགྲུལ་བའི་ལས་དབང་གིས་ཐོན་པ་ཞིག་ཀྱང་ཡིན་སྲིད། དེས་ན་འདི་ནི་རང་རེའི་ནང་པ་སངས་རྒྱས་པའི་ཆོས་ལུགས་དང་འབྲེལ་བའི་བྱ་བ་ཞིག་ཡིན་གཤིས། ལས་འབྲས་དང་ཡིད་ཆེས་དང་། དད་མོས་སོགས་ཀྱི་སྒོ་ནས་འགྲོ་དགོས་པ་མ་ཟད། ད་དུང་ཕྱོགས་གཞན་ཞིག་ནས་གནའ་དེང་ཟུང་འབྲེལ་གྱི་སྒོ་ནས་འགྲོ་གང་ཐུབ་ཞུས་ཀྱང་། སྒོ་ཀུན་ནས་དངོས་མཐོང་ལག་ཟིན་གྱི་ལྟ་བ་ཁོ་ནས་ཁྱབ་པ་མེད་ལ། འདི་ཕྱོགས་ལ་ཞན་པ་ཅན་གྱི་བཤད་སྒྲོས་ཁོ་ནའི་འདོད་བློ་ལ་ཡང་དེ་བས་བསྟུན་མེད་ཁུལ་ཡིན།
དེས་ན་ཐོག་མར་སྟོན་པ་རྫོགས་པའི་སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་དང་། མཛད་པའི་འཕྲིན་ལས་སོགས་ཅུང་ཟད་བརྗོད་པའི་སྒོ་ནས་ཐུགས་སྤྲུལ་བོན་རི་ཆེན་པོ་འདི་ཇི་ལྟར་བྱིན་གྱིས་བརླབས་པའི་ཚུལ་དང་། གནས་ཀྱི་ཁྱད་བོན་དང་བཀའ་རྟགས་རང་བྱོན་དང་སྒྲུབ་ཕུག་གཏེར་གནས་སོགས་གཙོར་འདོན་ཐོག་པར་རིས་དང་སྦྲག་སྟེ་བཀོད་པ་ལས། འདི་ཕྱོགས་སུ་ཡོད་པའི་དགོན་སྡེ་དང་བླ་སྤྲུལ་རྣམས་ངོ་སྤྲོད་ཙམ་ལས། ལོ་རྒྱུས་རྒྱས་པ་འདིར་འགོད་ཐུབ་མ་སོང་བས། འབྲེལ་ཡོད་གཟིགས་པ་པོས་ཐུགས་གཡོ་མི་འཚལ་བ་ཞུ་རྒྱུ་མ་ཟད། ད་དུང་འདིར་འཁོད་མ་ཐུབ་པའི་ལོ་རྒྱུས་དང་པར་རིས་ཇི་སྙེད་ཅིག་ཡོད་སྲིད་ལ། འདིར་འཁོད་པ་དག་ཀྱང་ཀུན་གྱི་ཐུགས་འདུན་དང་མཐུན་མིན་འབྱུང་སྲིད་པ་དངོས་གཤིས་སུ་ལགས་པས། ཁོ་བོས་བཟོད་གསོལ་ཞུ་བ་དང་ཆབས་ཅིག་དངོས་སྨིན་གྱི་བཀའ་ཆབ་ལྷུག་པོར་སྩོལ་པའི་རེ་བ་ཡོད། དེས་ན་འདི་ཉིད་པར་དུ་བསྐྲུན་པའི་འགྲོ་སོང་ཆ་ཚང་མཆོག་སྤྲུལ་ལི་ཤུ་གཤེན་རྒྱལ་བསྟན་འཛིན་ལགས་ཀྱིས་གནང་བས་བཀའ་དྲིན་ཆེ་ཞུ་བ་མ་ཟད། ད་དུང་དཔེ་དེབ་འདི་ཡི་རྒྱུད་རིམ་ལས་ཀའི་ཐོག་རམ་འདེགས་གནང་མཁན་སེར་སྐྱ་ཇི་སྙེད་ཅིག་ཡོད་པ་ཀུན་ལ་ཐུགས་རྗེ་ཆེ་ཞུ་བ་དང་བཅས།

དབྲ་ཁྱུང་དགེ་མིང་པས་སྤྱི་ལོ་༢༠༡༣ཟླ༤ཚེས༢༣ཉིན་ནུབ་ཕྱོགས་དབྱིན་ཡུལ་སློབ་ཆེན་ཨོ་སི་ཕུར་དུ་སྦྱར་བའོ། ། བཀྲ་ཤིས།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།