འབྲུག་མོ་སྐྱིད་ཀྱི་དེབ་གསར་པར་དུ་བསྐྲུན་པ།

[ཟླ་ཚེས། 2014-02-14 11:41:35][རྩོམ་པ་པོ། རིན་སྤུངས་ཚུལ་བསྟན་གྱིས་སྒྲིག][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

འབྲུག་མོ་སྐྱིད་ལགས་ཀྱི་བོན་དང་འབྲེལ་བའི་དཔྱད་དེབ་༼བོན་གྱི་རིག་གནས་དང་བོད་སྤྱི་ཚོགས་ཀྱི་འཆམ་མཐུན༽ཞེས་པ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་པ།
99-(4).jpg
དེབ་ཀྱི་མདུན་ངོས།
99-(1).jpg
99-(2).jpg
དཀར་ཆག
མགོ་བརྗོད།

   དེང་སྐབས་འཛམ་གླིང་ཡོངས་སུ་ཆོས་ལུགས་འདྲ་མིན་སྣ་ཚོགས་ཡོད་ལ། ཆོས་ལུགས་དེ་དག་གང་ཡིན་ན་ཡང་། དེ་ཐམས་ཅད་ནི་དེར་གཏོགས་ཀྱི་མི་རིགས་དེའི་ཤེས་རབ་ཀྱི་རྩལ་དང་རྣམ་དཔྱོད་ཀྱི་བློ་ལས་བྱུང་བ་ཡིན་ཞིང་། ཁོ་ཚོའི་ཕ་མེས་ཡང་མེས་རྣམས་ཀྱིས་སྣོད་ཀྱི་འཇིག་རྟེན་དང་བཅུད་ཀྱི་སེམས་ཅན་རྣམས་ལ་ཞིབ་དཔྱོད་དང་མནོ་བསམ་གང་ལེགས་བཏང་གནང་བའི་ཤེས་བྱའི་བང་མཛོད་ཡིན། ནང་སྒོས་སུ་ལོ་ངོ་སྟོང་ཕྲག་ཁ་ཤས་རིང་ལ་འཇིག་རྟེན་ཕམ་ཉེས་དང་ལེགས་ཉེས་ཀྱི་བླང་དོར་སྟོན་ཐུབ་པའི་ཤེས་རིག་གི་ཉིང་བཅུད་དེ་ཆོས་ལུགས་སུ་མཚོན་བཞིན་ཡོད་པས། ཆོས་ལུགས་རིག་གནས་ཀྱི་མཁས་པ་དང་གྲུབ་པ་ཐམས་ཅད་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ནང་དུ་མི་རིགས་རེ་རེའི་ལམ་སྟོན་གྱི་སྒྲོན་མེར་གྱུར་ཡོད་པའི་རྒྱུ་མཚན་ཡང་དེ་ལ་ཐུག འཛམ་བུ་གླིང་གི་བགྲང་དུ་མེད་པའི་ཆོས་ལུགས་དེ་དག་གི་ནང་དུ། ཁ་བ་རི་བོས་དད་ཅིང་མོས་པའི་ནང་བསྟན་ནི་གཞུང་ལུགས་ཀྱི་རྒྱ་ཆེ་ཞིང་གོ་དོན་གཏིང་ཟབ་པའི་ཁྱད་ཆོས་ཀྱིས་ཀུན་ལས་འཕགས་པའི་ཤེས་རིག་རྨད་དུ་བྱུང་བ་ཞིག་ཡིན་པ་གོར་མ་ཆག དེ་ཡང་དམ་པའི་ཆོས་དང་གཡུང་དྲུང་བོན་གཉིས་སུ་ཕྱེས་པའི་ཕྱི་མ་ནི། རྒྱུའི་བོན་ལ་གཏོགས་པའི་ཐེག་པ་ཞོལ་མ་རྣམས་ཀྱིས་ལྷ་འདྲེའི་གནོད་པ་བཀག་ཅིང་མི་ཚེའི་བར་ཆད་སེལ་ནས་འཇིག་རྟེན་གྱི་ཕན་བདེ་བསྒྲུབ་རྒྱུ་གཙོ་བྱས་ཏེ་དགེ་བའི་ཚོགས་བསགས་པ་དང་། འབྲས་བུའི་བོན་ལ་གཏོགས་པའི་ཐེག་པ་གོང་མ་རྣམས་ཀྱིས་བྱང་ཆུབ་མཆོག་གི་སེམས་བསྐྱེད་ནས་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་དོན་བསྒྲུབ་རྒྱུ་གཙོ་བོ་བྱས་ཏེ་མཐར་ཐུག་རྫོགས་པའི་སངས་རྒྱས་ཀྱི་འབྲས་བུ་ལ་སྙེག་བཞིན་པ་དེ་ཡིན་ནོ། །དེང་དུས་རྒྱལ་ཁབ་ཀྱིས་འཆམ་མཐུན་གྱི་སྤྱི་ཚོགས་འཛུགས་སྐྲུན་བྱེད་བཞིན་པའི་སྒང་འདིར། བོད་ཀྱི་སྲོལ་རྒྱུན་རིག་གནས་ནང་གི་མི་རིགས་ཀྱི་མཐུན་སྒྲིལ་དང་སྤྱི་ཚོགས་ཀྱི་འཆམ་མཐུན་སྐོར་ནས་རིགས་སུ་མཐུན་པའི་ནང་དོན་ལ་ཞིབ་འཇུག་གང་ལེགས་བྱེད་ཐུབ་ན། ང་ཚོའི་སྲོལ་རྒྱུན་ཤེས་རིག་གི་ཉིང་བཅུད་དེ་དག་རྒྱུད་འཛིན་བྱེད་ཐུབ་པར་མ་ཟད། དེས་དེང་རབས་ཀྱི་མི་རིགས་འཆམ་མཐུན་དང་སྤྱི་ཚོགས་ཀྱི་གོང་འཕེལ་ལ་ཡང་ཕན་རྒྱ་ཆེན་པོ་ཐོགས་ཐུབ་པ་ཀུན་གྱིས་མཁྱེན་གསལ་ལྟར་རེད།
དགེ་རྒན་ཆེན་མོ་འབྲུག་མོ་སྐྱིད་ལགས་ནས་བརྩམས་པའི་བོན་གྱི་རིག་གནས་དང་བོད་སྤྱི་ཚོགས་ཀྱི་འཆམ་མཐུན་ཞེས་པ་འདིར་ཐོག་མར་གཡུང་དྲུང་བོན་གྱི་རིག་གནས་ཀྱི་བྱུང་འཕེལ་དང་འབྲེལ་ནས་ལོ་རྒྱུས་ཀྱི་གཞུང་ཐག་གིས་དམ་དུ་བཅིངས་ཏེ་ངོ་སྤྲོད་དང་འགྲེལ་བཤད་ཅུང་ཟད་ཆ་ཚང་བ་ཞིག་བྱས་ཡོད་པ་གནད་དུ་ཁེལ་ཞིང་། གཙོ་བོ་བོན་རང་ལུགས་ལྟར་ཞིབ་རྒྱས་སུ་སྤྲོས་ཡོད་པས་བོན་གྱི་ལྟ་བ་ཡང་དག་ཏུ་མཚོན་ཞིང་ལོ་རྒྱུས་ཀྱི་ཁུངས་བཙན་པའི་ཁྱད་ཆོས་ལྡན།
གཉིས་པ། བོན་གྱི་རིག་གནས་སྤྱིའི་སྒོ་ནས་དཔྱད་པ་བཏང་སྟེ་གཡུང་དྲུང་བོན་གྱི་རྒྱུའི་ཐེག་པ་བཞི་དང་འབྲས་བུའི་ཐེག་པ་ལྔ་ཞེས་ཐེག་པ་རིམ་དགུ་རེ་རེས་ལྟ་སྒོམ་སྤྱོད་གསུམ་ཐད་ནས་མཚོན་པའི་འཆམ་མཐུན་གྱི་བསམ་བློ་གང་ཞིག་ལྡན་པ་དང་བྱ་དངོས་ཕན་ཚུན་བར་འགལ་རྐྱེན་མེད་པར་ནང་མཐུན་ཡོང་བ་སྟེ་གཞི་གྲུབ་ཀྱི་ཕྱོགས་གཉིས་ཆ་རྐྱེན་ངེས་ཅན་གྱིས་འདྲ་མཉམ་ཡོང་བར། སྟོན་པ་གཤེན་རབ་མི་བོ་ཆེའི་མཉམ་པ་ཉིད་ཀྱི་དོན་ལ་བཞག་པ་བཅུ་བདུན་སོགས་གསུངས་པ་ལུང་རིགས་རྣམ་པར་དག་པས་ཞིབ་ཏུ་བཀྲལ་བ་དགེ་མཚན་ཆེན་པོ་ལྡན་སྙམ།
གསུམ་པ། བོད་ཀྱི་སྤྱི་ཚོགས་འཚོ་བ་དངོས་དང་འབྲེལ་ནས་གཡུང་དྲུང་བོན་གྱི་འཆམ་མཐུན་བསམ་བློའི་ནུས་ཤུགས་ལ་དཔྱད་པ་དེས་སྤྱི་ཚོགས་དཔལ་ཡོན་གྱི་འཕེལ་རྒྱས་དང་མི་དམངས་བདེ་སྐྱིད་ཀྱི་འཚོ་བ་ཕུན་ཚོགས་སུ་གཏོང་བའི་ཐད་ལ་གཞུང་ལུགས་ཀྱི་རྒྱབ་རྟེན་དུ་གྱུར་ཅིང་བོད་ཀྱི་སྤྱི་ཚོགས་འཆམ་མཐུན་དུ་སྤེལ་བར་ཟུར་ལྟའི་རིན་ཐང་ལྡན་ཞིང་ཕན་ཡོན་ཆེ་བར་སྙམ།
བཞི་པ། དཔེ་དེབ་འདིར་ཐོག་མཐའ་བར་གསུམ་དུ་གཡུང་དྲུང་བོན་གྱི་བསྟན་བཅོས་གྲགས་ཆེན་མང་པོར་ཟུར་ལྟ་བྱས་ནས་ལུང་ཁུངས་མང་དུ་དྲངས་ཏེ་རང་ཉིད་ཀྱི་ལྟ་བ་བསྒྲུབས་ཡོད་པས་ལུང་གི་རྒྱབ་རྟེན་བཙན་ཞིང་དེས་སྤྱི་ཚོགས་ཀྱི་ཕན་ནུས་གསར་བ་བསྟན་ཡོད་པ་ལ་ཡང་དགེ་མཚན་ཆེ།
བོན་གྱི་བསྟན་པ་དང་དེར་གཏོགས་ཀྱི་རིག་གནས་ནི་གདོང་དམར་བོད་ཀྱིས་མདོ་དབུས་མཐོ་སྒང་དུ་ཁྱད་དུ་བསྐྲུན་པའི་ས་སྐྱེས་རྡོ་སྐྱེས་ཀྱི་རིག་གནས་ཤིག་ཡིན་པར་མ་ཟད། དེ་ནི་བོད་མི་རིགས་ཀྱིས་འཛམ་གླིང་རིག་གནས་ཀྱི་བང་མཛོད་ཁྲོད་ཕུལ་བའི་རིན་ཐང་གཞལ་དུ་མེད་པའི་ཁྱད་ནོར་ཞིག་ཀྱང་ཡིན། དེའི་རིག་གནས་ཀྱི་རིན་ཐང་ནི་དེང་སང་བོད་ཀྱི་བན་བོན་གཉིས་ཀས་བེད་སྤྱོད་བྱེད་བཞིན་ཡོད་པའི་སེལ་དང་། བསང་དང་། གཡང་དང་། མདོས་དང་། འདུར་དང་། གླུད་དང་བཅས་པའི་བོད་མི་ཀུན་གྱི་ནམ་རྒྱུན་གྱི་འཚོ་བ་དང་འབྲལ་ཐབས་མེད་པའི་ཆོ་ག་དག་ཙམ་མ་ཡིན་པར། དེའི་བྱམས་དང་སྙིང་རྗེ་རྩ་བར་གྱུར་པའི་གཞུང་ལུགས་ནི་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་འཆམ་མཐུན་གྱི་ལྟ་བ་དང་ཡོངས་སུ་མཐུན་པའི་ལྟ་གྲུབ་འབའ་ཞིག་ཡིན་པར་མ་ཟད། འཛམ་བུ་གླིང་ཡོངས་ཀྱིས་ཁས་འཆེས་པའི་བྱམས་བརྩེ་དང་ཞི་བདེ་དང་ཡང་ཡོངས་སུ་མཐུན་པ་ཀུན་གྱིས་མཁྱེན་གསལ་ལྟར་རེད། དེས་ཀྱང་གཡུང་དྲུང་བོན་གྱི་རིག་གནས་ཀྱི་རིན་ཐང་གསལ་བོར་བསྟན་ཡོད། དེ་བས་འབྲུག་མོ་སྐྱིད་ལགས་ཀྱི་ལྗགས་རྩོམ་འདིས་བོད་ཀྱི་སྲོལ་རྒྱུན་རིག་གནས་དང་ལྷག་པར་དུ་དེའི་ནང་གི་དགེ་མཚན་ཐམས་ཅད་ཡར་རྒྱས་གོང་འཕེལ་དུ་གཏོང་རྒྱུ་དང་། སྤྱི་ཚོགས་འཆམ་མཐུན་དང་རིག་གནས་ཀྱི་དཔལ་ཡོན་གསར་བ་ཞིག་འཆར་བར་ནུས་པ་གང་བཟང་འདོན་ཐུབ་པའི་རེ་བ་བཅངས་ཡོད། ཅེས་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་སློབ་གླིང་གི་དགེ་མིང་འཛིན་པ་སྟོང་སྐོར་ཚེ་རིང་ཐར་གྱིས་སྤྱི་ལོ་༢༠༡༠ལོའི་ཟླ་༡༢པའི་ཚེས་༡༥ཉིན་པེ་ཅིན་དུ་སྦྱར་བ་དགེའོ། །

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།