«བོན་བརྒྱ་ཡབ་སྲས་ཀྱི་གསུང་འབུམ»ཁག་པར་སྐྲུན་ལེགས་གྲུབ་བྱུང་བ།

[ཟླ་ཚེས། 2013-07-13 17:35:56][རྩོམ་པ་པོ། ཁྲི་བསོད་བསྟན་གྱིས་བསྒྲིགས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

00.jpg
གླེང་གཞི།

      མིའི་རིགས་ཀྱི་རིག་གནས་ནི་རིན་ཆེན་གསེར་གྱི་དོ་ཟླར་མི་ནུས་པའི་ནོར་བུ་རྩ་ཆེན་ཞིག་ཡིན་ལ། རང་རེའི་སྔོན་བྱོན་མེས་པོ་བཀའ་དྲིན་ཅན་རྣམས་ཀྱིས་སྲེག་བཅད་བརྡར་བའི་སྙིང་བོ་ལས་གྲུབ་པའི་ནོར་བུ་འགངས་ཆེན་ཞིག་དང་། བོད་ཕྱི་རབས་པ་རྣམས་ཀྱི་བགོ་སྐལ་ཏུ་གནང་བའི་ཤུལ་བཞག་རིག་གནས་འོད་སྟོང་འབར་བ་ཞིག་ཀྱང་ཡིན། ལྷག་པར་དུ་ཞང་ཞུང་རིག་གནས་ནི་ལོ་ངོ་བཞི་སྟོང་ཡར་སྔོན་གྱི་དུས་ཡུན་ནས་མི་ལོ་ཆིག་ཁྲི་བརྒྱད་སྟོང་ལྷག་གི་ལོ་རྒྱུས་ལྡན་པ་མ་ཟད། ཁྱབ་ཁོངས་ཀྱི་ནང་དོན་ཕུན་སུམ་ཚོགས་པ། འཛམ་གླིང་ལ་ཁ་ཕྱོགས་ཤིང་སྙན་གྲགས་ཀྱི་བ་དན་སྲིད་པ་གསུམ་ན་གཡོ་བཞིན་པའི་བོད་ཀྱི་བཅུ་ཕྲག་རིག་གནས་ཀྱི་རྩ་བའི་འབྱུང་ཁུངས་དང་། སྲིད་འབྱོར་རིག་གསུམ་གྱིས་མཚོན་པའི་ཤེས་བྱ་ཐམས་ཅད་ཀྱི་གྲུབ་ཆ་གཙོ་བོ་ཞིག་ཡིན།

第二页44-1.jpg第二页44-2.jpg第二页44-3.jpg 

      ལོ་ངོ་ཆིག་ཁྲི་འདས་པའི་སྔ་རོལ་ཏུ་དཔལ་འཛོམས་གཡང་གིས་འཁྱུད་པའི་གངས་ལྗོངས་གཡང་གི་རྭ་བ་འདིར། སངས་རྒྱས་བསྟན་པའི་གཙོ་བོ་རྣམ་འདྲེན་བརྒྱད་པ་གཤེན་རབ་མི་བོ་ཆེ་སྐུ་མཚན་དཔེ་འབར་བའི་དཀྱིལ་འཁོར་མངོན་པར་བསྟན་ཏེ་ཞབས་སེན་གྱི་འཁོར་ལོའི་རི་མོ་གསལ་བར་བཀོད་པ་དང་། ཐུགས་ཉིད་ཡེ་ཤེས་ཀྱི་གསང་བའི་དབྱིངས་རུམ་ནས། ཁྲི་རྗེ་ལུང་བསྟན་གྱི་མདོ་ལ་སོགས་བཀའ་རྒྱ་ཆེ་ཞིང་ལུང་གྲངས་མང་བའི་བོན་སྒོ་མ་ལུས་ཞང་བོད་མི་རིགས་ཀྱི་བགོ་སྐལ་ཏུ་བསྩལ་བས་ན། གངས་རིའི་ཕྲེང་བས་བསྐོར་བའི་ཞང་ཞུང་དང་བོད་ཆེན་པོའི་ཡུལ་ལྗོངས་འདི་ཡང་། བསྐལ་བ་བརྒྱ་ཕྲག་རེ་ལའང་འཕྲད་པར་དཀའ་བ་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་ཞིང་ཁམས་འབའ་ཞིག་ཏུ་གྱུར།

 0000.gif

      ལྷག་དོན་དུ་རྒྱལ་བ་གཤེན་གྱི་རིང་ལུགས་འཛིན་པའི་སྒོམ་ཆེན་གངས་ཀྱི་སེང་གེ་མཐུར་མེད་མཁའ་ལ་འཕྱོ་བའི་བྱེད་པོ་གསང་བདག་རང་ཤར་རིག་གྲོལ་རྩལ་དང་། ངེས་པ་དོན་གྱི་བྱང་ཆུབ་སེམས་དཔའ་ཆེན་པོ་གཡུང་དྲུང་ཕུན་ཚོགས་མཁས་གྲུབ་འཇིགས་མེད་དཔལ་བཟང་པོ། ཨ་མདོའི་རིག་འཛིན་ཆེན་པོའི་ཡང་སྤྲུལ་སྲིད་གསུམ་འཁོར་ལོས་བསྒྱུར་བ་གྲུབ་དབང་ནམ་མཁའ་རྒྱལ་མཚན་མཆོག་གི་ཞབས། འཛམ་གླིང་མཁས་གྲུབ་བྱེ་བའི་གཙུག་རྒྱན་ཐམས་ཅད་མཁྱེན་པའི་དབང་བོ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་དཔལ་གྱི་སྡེ། བསླབ་གསུམ་ནོར་བུའི་ཏོག་ལྟར་འཆང་བའི་ཡོངས་ཀྱི་བཤེས་གཉེན་གཡུང་དྲུང་ལྷུན་གྲུབ་བསྟན་པ་འབྲུག་གྲགས་རིན་པོ་ཆེ་སོགས་ཀྱི་གསུང་གི་བདུད་རྩིའི་སྙིང་བོ་གཅིག་ཏུ་བསྡུས་ཏེ«བོན་བརྒྱ་ཡབ་སྲས་ཀྱི་གསུང་འབུམ»ཞེས་པ་པར་དུ་བསྐྲུན་པ་ལ། རྗེ་བོན་བརྒྱ་ཐམས་ཅད་མཁྱེན་པ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོའི་གསུང་རྩོམ་ཁག་ཅིག་ཉེ་ཆར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་ཟིན་ཀྱང་། ད་དུང་གསུང་རྩོམ་རེ་འགའ་པར་དུ་སྐྲུན་རྩིས་ཀྱི་ལྟ་གོན་ལ་ཞུགས་བཞིན་པའི་སྐབས་ལགས་པས་དཔེ་ཚོགས་འདིར་མ་བཀོད་ལ། དེ་ལས་མཁས་དབང་གཞན་དག་གི་གསུང་རྩོམ་རྣམས་ལག་ལ་གང་ཐོན་བསྡུ་སྒྲིག་བྱས་ཏེ་སོ་སོར་ཕྱེས་ན་གླེགས་བམ་བདུན་དུ་གྲུབ་པ་ཡིན།

 22222.gif

       གླེགས་བམ་འདི་དག་གི་ངེས་བསྟན་ནས་བཤད་ན། གདུལ་བྱ་མཆོག་དམན་བར་མའི་བློ་དང་འཚམས་པའི་ཁྱད་བོན་དང་ལྡན་པ་སྟེ། བརྗོད་བྱ་དོན་དངོས་དང་འབྲེལ་ནས་རོ་བཅུད་མཆོག་ཏུ་མངར་བ་དང་། རྗོད་བྱེད་ཚིག་གི་རི་མོས་སྡེབ་ལེགས་འོས་སྦྱོར་གྱི་རྣམ་པ་བསིལ་བ། ཕྱོགས་རིས་ཆགས་སྡང་གི་ལྟ་བ་དོར་བས་རང་བཞིན་འཇམ་པ། ལུགས་གཉིས་ཀྱི་དགོངས་པ་དང་མི་འགལ་བར་ཤེས་བྱ་ཀུན་གྱི་སྤྱི་ཁོག་ཡངས་པ། ལྷད་སྐྱོན་གྱིས་མ་གོས་པར་ཚད་གསུམ་གྱི་འགྲོས་དང་མཐུན་པས་དྭངས་པ། སྒྲོ་སྐུར་གྱི་ཆ་སྤངས་ཤིང་རྩོམ་ལུགས་ཀྱི་སྤུས་ཀ་དག་ཅིང་གཙང་བ། ཚིག་སྦྱོར་བརྡ་སྤྲོད་དང་མཐུན་པར་ལྷོད་ཡངས་ངང་གིས་མགྲིན་པར་མི་གནོད་པ། ཆེ་ཆུང་བར་མའི་བློ་དང་རན་པས་གསོ་བསྐྱེད་ནུས་པས་ལྟོ་བར་ཕན་པ་སྟེ། མདོར་ན་མཁས་པའི་གསུང་རབ་ནི་ཆུ་བོ་ཡན་ལག་བརྒྱད་ལྡན་གྱི་ནུས་པ་ཇི་བཞིན་ཀུན་ལ་བདུད་རྩི་སྨན་གྱི་དངོས་གྲུབ་ཏུ་འབེབས་པ་ཡིན་ནོ། །

 33333.gif

      སྤྱིར་ཤེས་བྱ་རིག་པའི་གཞུང་ལུགས་འདི་དག་ནམ་མཁའི་མཐོངས་ལྟར་དཀྱེལ་ཆེ་ཞིང་རྒྱ་མཚོའི་འཇིངས་བཞིན་གཏིང་ཟབ་པས་ཁར། རིན་ཆེན་རིགས་ཀྱིས་མཚོན་དུ་མེད་པའི་དངོས་པོ་མིན་པའི་ཤུལ་བཞག་རྩ་ཆེན་ཞིག་ཡིན་ལ། སྔོན་བྱོན་མེས་པོ་རྣམས་ཀྱི་བློ་གྲོས་ཀྱི་རྩལ་ལས་ཐོན་ཅིང་ཕ་ནོར་བུ་ལ་བཞག་པའི་གསེར་སྦྱང་ཞུན་མའི་ཐིགས་པ་ཞིག་ཀྱང་ཡིན་པས། གནས་ཚུལ་དེ་དག་ལ་བརྟེན་ནས་ཤེས་རབ་ནོར་གྱིས་ཕྱུག་པའི་སྔགས་འཆང་རྒན་ཚེ་སྒྲུབ་རྒྱལ་ལགས་ཀྱིས་ལོ་ངོ་དུ་མའི་རིང་ལ། དཀའ་བའི་ཚེགས་དང་དཀོན་པའི་ནོར་ལ་མ་ལྟོས་པར་དཀའ་སྤྱད་འབད་བརྩོན་གྱི་ངལ་བ་ལྷུ་རུ་བླངས་ཏེ། གནའ་རབས་ཞང་བོད་ཀྱི་དཔེ་རྙིང་ཇི་སྙེད་ཅིག་བསྡུ་རུབ་དང་། མྱུར་སྐྱོབ། ཉར་ཚགས། ལེགས་སྒྲིག་བཅས་ཀྱི་བྱ་བ་མཐོང་ཆེན་བགྱིས་ཏེ། རང་མི་རིགས་ཀྱི་ཕུལ་དུ་བྱུང་བའི་རིག་གནས་འདི་དག་ཉམས་པ་སླར་གསོ་དང་། མ་ཉམས་གོང་འཕེལ་དུ་གཏོང་བའི་ནུས་པ་ཆེར་བསྐྱེད་ཀྱིས་རྩལ་རྒུ་བཏོན་ཏེ་པར་དུ་བསྐྲུན་པ་ལགས།

 55.jpg

       དེ་བས་ཡིད་བཞིན་ནོར་བུའི་དཔེ་ཚོགས་སུ་བསྡུ་སྒྲིག་བྱས་པའི«བོན་བརྒྱ་ཡབ་སྲས་ཀྱི་གསུང་འབུམ»འདི་ལ་པར་བསྐྲུན་གྱི་དགོས་ངེས་གསུམ་དང་ལྡན་པ་ཡིན་ཏེ། གཅིག་ན་མདོ་སྔགས་གཡུང་དྲུང་བོན་གྱི་གསུང་རབ་ཐ་དག་གཅེས་འཛིན་དང་དར་སྤེལ་གྱི་ནུས་པ་མཐོར་འདེགས་སུ་གཏོང་རྒྱུ་དང་། གཉིས་སུ་བཤད་པ་དང་སྒྲུབ་པའི་རྒྱལ་མཚན་རྩེ་མོར་འདེགས་མཁན་རྣམས་ཀྱི་ཐར་ལམ་གསལ་བའི་མཐུན་རྐྱེན་དུ་འགྱུར་བ་དང་། གསུམ་དུ་ན་རིས་མེད་ཀྱི་མཁས་པ་དང་ཞིབ་འཇུག་པ་རྣམས་ལ་ལོ་རྒྱུས་བྱུང་རབས་དང་དངོས་ཡོད་བདེན་འཚོལ་སྟོན་པའི་དཔྱད་གཞིའི་ཡིག་ཆར་མཁོ་འདོན་བྱས་པ་ཡིན་ཏེ། ཆེད་དམིགས་ཀྱི་དགེ་འབྲས་འདི་དག་གི་མཐུ་ལ་བརྟེན་ནས་གངས་ལྗོངས་རིག་གནས་ཀྱི་སྐྱེད་ཚལ་སྔར་ལས་རྒྱས་ཤིང་བསྐལ་བའི་མཐའ་རུ་བརྟན་པ་དང་། བློ་གསལ་བུང་བའི་ཚོགས་ཀྱིས་ཤེས་བྱ་རིག་པའི་མཁའ་དབྱིངས་སུ་དུས་རྣམ་ཀུན་ཏུ་འཕུར་ལྡིང་གི་དཔལ་ལ་རོལ་བར་གྱུར་ཅིག །

      ཅེས་པ་འདི་ཡང་རྒྱལ་བའི་གསུང་རབ་ལ་དག་སྣང་ཐོབ་པའི་སྔགས་འཆང་ཚེ་སྒྲུབ་རྒྱལ་ནས་བཀྲ་ཤིས་པའི་ལྷ་དར་བཅས་བསྐུལ་ངོར། གཤེན་གྱི་དགེ་སྦྱོང་བ་ཚུལ་ཁྲིམས་བསྟན་པ་འབྲུག་གྲགས་ཀྱིས་བྲིས་པའོ། ། 

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།