མན་ངག་ཉམས་ཀྱི་ཡིག་ཆུང་། ངོ་སྤྲོད།

[ཟླ་ཚེས། 2013-06-27 23:08:26][རྩོམ་པ་པོ། རིན་སྤུངས་ཚུལ་བསྟན་གྱིས་སྒྲིག][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་སྟོན་པ་གཤེན་རབ་མི་བོ་ཆེའི་བཀའ། དཔྱད་བུ་ཁྲི་ཤེས་བསྡུས་པའི་
༼དཔྱད་ཐབས་འཕྲུལ་སྡེའི་ཡང་བཅུད་མན་ངག་ཉམས་ཀྱི་ཡིག་ཆུང་༽ཞེས་པའི་ངོ་སྤྲོད།

དབྲ་ཁྱུང་དགེ་བཤེས་སྐལ་བཟང་ནོར་བུ་ལགས་ནས་པར་སྒྲིག་དང་མཚམས་སྦྱོར་གནང་།
IMG_1569.JPG
IMG_1564.JPG
དཀར་ཆག
IMG_1566.JPG
IMG_1567.JPG
IMG_1568.JPG
མ་ཕྱི་དང་གློག་གཟུགས་མཉམ་དུ་པར་དུ་བསྐྲུན་ཡོད་པ།
གླེང་གཞི།

དབྲ་ཁྱུང་དགེ་བཤེས་སྐལ་བཟང་ནོར་བུ།

   འཛམ་གླིང་ཡང་རྩེར་ཆགས་པའི་རང་ཅག་ཁ་བ་གངས་ཅན་པའི་མི་རིགས་འདི་ཉིད་ལ་ལོ་རྒྱུས་ཡུན་རིང་ལྡན་ཞིང་མི་རིགས་རང་ཉིད་ཀྱི་ཡུལ་གོམས་དང་། བསམ་བློའི་རྨང་གཞིའི་ཐོག་རིག་པའི་གནས་ཆེ་བ་ལྔ་དང་། དེ་བྱིངས་ཀྱི་ཆུང་བ་ལྔ་བཅས་བཅུ་ཕྲག་རིག་པའི་གནས་ཞེས་རང་རྐྱ་འཕེར་བ་ཞིག་ཡོད་པར་བརྟེན། དེང་ཆར་འཛམ་གླིང་ཐོག་བོད་རིག་པ་ཞེས་པའི་ཞིབ་འཇུག་གི་རྨང་གཞི་བརྟན་པོ་ཞིག་འཛུགས་པའི་གོ་སྐབས་བྱུང་ཡོད་ལ། རང་རེའི་བོད་ཀྱི་སྤྱི་ཚོགས་སུའང་ཕལ་ཆེར་ཕྱོགས་ལྷུང་གི་ལྟ་བ་དང་བྲལ་བའི་ལོ་རྒྱུས་དངོས་ཀྱི་ཐོག ཞིབ་འཇུག་ཡང་དག་པར་རིགས་ལམ་གསར་པའི་མདུན་སྐྱོད་བྱེད་བཞིན་ཡོད་པ་མ་ཟད། ཕྱི་ནང་གི་རྒྱལ་ཁབ་ཁག་ཏུ་བོད་རིག་པའི་ཞིབ་འཇུག་ཚན་ཁག་ཆེད་དུ་བཙུགས་ནས་དོ་སྣང་དང་མཐོང་ཆེན་གནང་བཞིན་ཡོད་པའི་སྐལ་བཟང་འདིར། དགོས་མེད་ཕྱོགས་རིས་ཀྱིས་ཁ་ཕོ་ལ་རྒྱའི་ཞག་པ་རིང་དུ་དོར་ནས་རང་ཉིད་ཀུན་སློང་རྣམ་པར་དག་པའི་སྒོ་རུ་ཞུགས་ནས། ཆར་བ་ཆུ་གྲོགས་དང་། ཉི་མ་མེ་གྲོགས། ཞེས་པའི་དཔེ་ལྟར་དམིགས་ཏེ་ཞང་བོད་ཀྱི་ཤེས་རིག་དང་ལོ་རྒྱུས་ལ་དོ་སྣང་གནང་བའི་མཁས་དབང་རྣམས་དང་། ཁྱད་པར་དུ་ཞང་བོད་ཀྱི་གསོ་བ་རིག་པའི་སྐོར་ལ་ཐུགས་འདུན་ཟབ་པའི་ན་གཞོན་བློ་གྲོས་ཅན་རྣམས་ལ་ལེགས་སྐྱེས་སུ། སྨན་དཔེ་རྙིང་པ་འདི་ཉིད་མ་ཕྱི་དང་ལྷན་དུ་པར་སྐྲུན་དང་འབྲེལ《དཔྱད་ཐབས་འཕྲུལ་སྡེའི་ཡང་བཅུད་མན་ངག་ཉམས་ཀྱི་ཡིག་ཆུང་》ཞེས་པའི་དཔེ་རྙིང་འདི་ཉིད་ཇི་ལྟར་བྱུང་རིམ་སྐོར་གྱི་ངོ་སྤྲོད་ཐུང་ངུ་ཞིག་ཞུ་བར་སྤྲོ།
དེ་ཡང་ཐོག་མར་རང་ཅག་ཞང་བོད་ཁུལ་གྱི་གསོ་བ་རིག་པའི་མེས་པོ་སྟོན་པ་གཤེན་རབ་མི་བོ་ཆེ་དེ་ཉིད་ཡིན་ཞིང་། ཁོང་ཉིད་ཞང་བོད་ཀྱི་ཁུལ་དུ་ཇི་ལྟར་བྱོན་པའི་ཚུལ་དང་ལོ་རྒྱུས་ལོ་ཚིགས་ཁག་ལ་ཅུང་ཟད་མཐུན་མིན་བཤད་སྒྲོས་འདུག་ཀྱང་། དོན་དུ་བོན་གྱི་ལོ་རྒྱུས་དཔེ་རྙིང་ཁག་ལས་སྟོན་པ་གཤེན་རབ་མི་བོ་ཆེ་དེ་ཉིད་ཞང་ཞུང་ཕུག་པའི་ཡུལ་དུ་སྐུ་འཁྲུངས་ཤིང་རིམ་བཞིན་ཞང་བོད་ཀྱི་རིག་པའི་གནས་ཆེན་ལྔ་དང་། ཁྱད་པར་དུ་ནང་པ་གཤེན་རབ་པའི་བསྟན་པ་དེ་ཉིད་དར་ཞིང་རྒྱས་པར་མཛད་པ་མ་ཟད། ཁོང་ཉིད་ཀྱི་འཁོར་རམ་སློབ་བུ་བསྟན་པའི་སྣོད་དུ་རུང་བ་མང་དུ་ཡོད་པ་གཞིར་བཅས།
སྐབས་བབ་ཀྱིས་གསོ་བ་རིག་པའི་བསྟན་པ་འདི་ཉིད་ཀྱི་བདག་པོ་སྐུ་སྲས་དྲང་སྲོང་ཁྲི་འབར་ཚུལ་ཤེས་སམ་དཔྱད་བུ་ཁྲི་ཤེས་ལ་སྟོན་པ་ཉིད་ཀྱིས་བསླབ་ཅིང་ཞང་བོད་གསོ་བ་རིག་པའི་གཉེར་དཔོན་དུ་བསྐོས་པ་ཞིག་ཡིན་འདུག་ལ། དེ་ཡང་ལོ་ཚིགས་ཀྱི་ཐོག་སྟོན་པ་གཤེན་རབ་མི་བོ་ཆེའི་སྐུ་སྲས་དཔྱད་བུ་ཁྲི་ཤེས་ནི་ཧོས་བཟའ་རྒྱལ་མེད་མའི་སྲས་སུ་འཁྲུངས་ནས་ད་བར་མི་ལོ་ཆིག་ཁྲི་དྲུག་སྟོང་ལྷག་ཙམ་ཕྱིན་ཡོད་པར་བོན་གྱི་ལོ་རྒྱུས་དང་བསྟན་རྩིས་ཁག་ལས་བཤད། དེང་དུས་ཞིབ་འཇུག་བྱས་པར་བདེན་དཔང་ར་སྤྲོད་བྱུང་བར་གཞིགས་ནས། སྤྱི་ལོའི་སྔོན་གྱི་མི་ལོ་ཉིས་སྟོང་ཙམ་ནས་བྱོན་ཡོད་པར་ངོས་འཛིན་གནང་གི་ཡོད་ཀྱང་། གོང་ལྟར་ན་སྟོན་པ་གཤེན་རབ་མི་བོ་ཆེས་གསུངས་པའི་གསོ་བ་རིག་པའི་བོན་སྡེ་ཀུན་གྱི་བདག་པོ་དེ་ཉིད་རྒྱལ་སྲས་དཔྱད་བུ་ཁྲི་ཤེས་ཡིན་ཏེ། མདོ་ལས། དཔྱད་ལ་ཁྲི་སྡེ་དཔྱད་བུ་ཁྱེད་ལ་བསྟན། །ནད་ཀྱི་བར་དུ་གཅོད་པའི་སེམས་ཅན་ལ། །མ་ཡེངས་བརྩོན་པར་དཔྱད་བུ་ཁྱེད་ཀྱི་གྱིས། །ཞེས་དང་། དཔྱད་ཀྱི་རྒྱུད་སྡེ་ཆེན་པོའི་གཞུང་ལྔ། མདོ་སྡེ་དགུ་མན་ངག་ཡན་ལག་བརྒྱད། ཉིང་ལག་ཉིས་ཁྲི་ཆིག་སྟོང་བཅས་པ་རྒྱལ་སྲས་དཔྱད་བུ་ཁྲི་ཤེས་ལ་གཉེར་དུ་གཏད། ཞེས་གསུངས་པ་ལ་བརྟགས་ཚེ། དཔྱད་བུ་ཁོང་ཉིད་ནི་སྨན་དང་དཔྱད་བཅོས་གཉིས་ལ་མཁས་ཤིང་གྲུབ་པའི་མངའ་བདག ཞང་བོད་གསོ་དཔྱད་པ་བསྟན་པའི་ས་བོན་དར་སྤེལ་གནང་མཁན་གྱི་ཐོག་མའི་རིག་པ་སྨྲ་བ་བསམ་བློ་བའི་རླབས་ཆེན་གྱི་མེས་པོ་ཞིག་ཡིན་པ་ཤེས་ཐུབ་ལ། ཁྱད་པར་དུ་ཞང་བོད་ཀྱི་ཁུལ་འདིར་གསོ་བ་རིག་པའི་སྲོལ་གཏོད་ཀྱི་གཞུང་ལུགས་འཛིན་པའི་སྨན་པའམ་ལྷ་རྗེ་ཐོག་མ་དེ་ཉིད་ཡིན་ཞེས་མགྲིན་པ་གཟེངས་སུ་བསྟོད་ནས་སྨྲས་ན་ཆོག་པར་སེམས་སོ། །དེས་ན་ད་ལན་གྱི་སྐབས་འདིར་ཁོ་བོས་གསལ་བཤད་ཞུ་ཡས་གཙོ་བོ་ནི། སྟོན་པ་གཤེན་རབ་མི་བོ་ཆེས་གསུངས་ཏེ་སྨན་རྒྱལ་དཔྱད་བུ་ཁྲི་ཤེས་ལ་གཉེར་དུ་གཏད་པའི་སྐོར་ལས།
གསོ་དཔྱད་མདོ་དགུ་སོགས་སྨན་དཔེ་ཇི་སྙེད་ཤིག་ཡོད་ནའང་། དུས་རབས་ཀྱི་འཕོ་འགྱུར་དང་རྐྱེན་དབང་སྣ་ཚོགས་ཀྱི་དབང་གིས། ད་ལྟའི་ཆར་རང་རེའི་ཞང་བོད་ཁུལ་འདིར་དངོས་སུ་བཞུགས་པ་ནི། 《གསོ་རིག་འབུམ་བཞིའི་མདོ》དང་《དཔྱད་ཐབས་འཕྲུལ་སྡེའི་ཡང་བཅུད་མན་ངག་ཉམས་ཀྱི་ཡིག་ཆུང་》ཞེས་པའི་དཔེ་རྙིང་འདི་གཉིས་ལས་དེ་སྔོན་མཇལ་ཡུལ་དུ་གྱུར་མེད་པ་ཀུན་གྱིས་མཁྱེན་གསལ་ལྟར། 《གསོ་རིག་འབུམ་བཞིའི་མདོ》དེ་ནི་པར་ཁང་ཁག་གསུམ་ནས་དེབ་གཟུགས་སུ་དཔར་བསྐྲུན་བྱས་ཟིན་ནས་ཀུན་གྱི་མཇལ་ཡུལ་དུ་གྱུར་ཡོད་པའི་རྟེན་འབྲེལ་ལགས་ནའང་།《དཔྱད་ཐབས་འཕྲུལ་སྡེའི་ཡང་བཅུད་མན་ངག་ཉམས་ཀྱི་ཡིག་ཆུང་》འདི་ནི་དེ་སྔོན་བོན་གྱི་བཀའ་འགྱུར་རིན་པོ་ཆེའི་ཁོངས་སུ་པར་བསྐྲུན་བྱ་རྒྱུ་མ་བྱུང་ནས། ད་དབར་ལུང་ཁུག་བོན་པོའི་ལྷ་སྡེ་སྨན་པའི་ཁྱིམ་རྒྱུད་ཅིག་ཏུ་བཞུགས་བཞིན་པ་གཞན་གྱིས་མཐོང་ཡུལ་དུ་མ་གྱུར་ཀྱང་། ད་ཆར་རྟེན་འབྲེལ་བཟང་པོས་ཁོ་བོའི་ལག་ཏུ་འབྱོར་བ་ཡིན།
དེས་ན་རང་ཅག་ཁ་བ་རི་བའི་གསོ་རིག་གཞུང་འདི་ལ་ཇི་ལྟར་འཇུག་པའི་ཚུལ་ལ་ཡང་། མདོ་དྲི་མེད་ལས། འགྲོ་དྲུག་སེམས་ཅན་མ་རིག་པའི། །ཉོན་མོངས་ནད་ཀྱི་གདུང་བ་ལ། །ནད་ལ་དཔྱད་ཀྱི་ཕན་པའི་ཕྱིར། །སྨན་པ་བྱང་ཆུབ་སེམས་ལྡན་གྱིས། །ཚད་མེད་བཞི་ཡི་སེམས་བསྐྱེད་ནས། །རྒྱལ་བའི་ཚོགས་ལ་སྐྱབས་སུ་མཆིས། །དྲིན་ལེན་མཆོད་པ་མཎྚལ་འབུལ། །སངས་རྒྱས་སྨན་ལྷ་མཆེད་བརྒྱད་དང་། །བཻཌཱུརྱ་འོད་རྒྱལ་པོ་མཆོད། །ཞེས་དང་། ཡང་དེ་ཉིད་ལས། མཁས་ཁྱད་ལག་ལེན་ལྡན་པ་ཡིས། །རྒྱུ་རྐྱེན་ཐམས་ཅད་མཐོང་ལ་དཔྱད། །ནད་ངོས་འཛིན་པ་རྩ་ལ་དཔྱད། །ཕན་གནོད་ཐམས་ཅད་ཆུ་ལ་དཔྱད། །འཆི་གསོས་ཐམས་ཅད་ཁམས་ལ་དཔྱད། །ཞེས་དང་། དེ་ལྟར་ནད་ངོས་འཛིན་པ་དང་། ཚ་གྲང་བད་མཁྲིས་འདུས་པ་ལ། །བསིལ་དྲོད་སྙོམས་པའི་སྨན་སྦྱར་ནས། །ཕྱེ་མ་རིལ་བུ་སྡེ་གུ་དང་། །ཐང་དང་བྱུག་པ་སྨན་མར་བཅས། །གང་ལ་གང་སྨན་འགྲོ་བའི་ནད་དང་སྦྱར་ནས། །ཞེས་གསུངས་པ་འདི་དག་ནི་ཞང་བོད་གསོ་བ་རིག་པའི་ཐུན་མིན་གྱི་གྲུབ་ཆ་དང་ཇི་ལྟར་འཇུག་པ་པོའི་བསམ་བློའི་འཁྱེར་སོ། །དེ་ལྟར་ཞུགས་ནས་ནད་གཞི་ངོས་འཛིན་ཚུལ་ལ་ཁྱད་བོན་མི་འདྲ་བ་རྣམ་པ་བཞི་ཙམ་བསྟན་པ་མ་ཟད། གཞན་ཡང་ཕྱི་ནང་གསང་བ་ཡང་གསང་བཞིའི་སྒོ་ནས་བརྟག་ཐབས་བཤད་ཡོད་དེ། མདོ་ལས། ཕྱི་ལྟར་ཁམས་དང་སྐྱེ་མཆེད་དབང་པོ་དཔྱད། །ནང་ལྟར་ཤ་རུས་པགས་གསུམ་རྩ་ཡི་དཔྱད། །གསང་བ་དོན་སྣོད་རྣམས་ལྔ་ཆུ་ཡི་དཔྱད། །ཡང་གསང་མན་ངག་རིག་པ་མངོན་ཤེས་དཔྱད། །ཞེས་བརྟག་ཐབས་དེ་དག་གི་སྒོ་ནས་ཉམས་སུ་བླངས་ནས་འགྲོ་བའི་ཟུག་རྔུའི་སྡུག་བསྔལ་ལས་སྐྱོབ་ཐུབ་པར་བྱ་བ། ཐང་ཕྱེ་སྡེ་གུ་སྨན་མར་བྱུག་པ་དང་དཔྱད་བཅོས་སོགས་ཀྱིས་ཟུག་རྔུའི་ནད་རིགས་སེལ་ཐུབ་པའི་ཁྱད་བོན་ལྡན་ཡོད་པ་འདི་ནི་མེས་པོས་ཤུལ་བཞག་ཁ་བ་རི་བའི་རིག་རྩལ་ལས་ཐོན་པའི་སྙིང་ནོར་ཞིག་ཏུ་ངེས་སོ། །

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།