མི་ལོ་བཅུ་དྲུག་རྗེས་ཀྱི་ཆག་སྒོ།

[ཟླ་ཚེས། 2018-11-12 22:30:19][རྩོམ་པ་པོ། ​སྨན་རིའི་དགེ་བཤེས་དཔོན་རྒོད་གཡུང་དྲུང་སྐལ་བཟང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

IMG_20181111_154835.jpg
(བདག་གི་༸དྲིན་ཆེན་གྱི་སློབ་དཔོན་དམ་པ་སྤུ་བླ་དགོན་གྱི་ཡོངས་འཛིན་སློབ་དཔོན་རིན་པོ་ཆེ་མཆོག་གི་གསེར་ཞལ་མཇལ་བར་མི་ལོ་བཅུ་དྲུག་རིང་ངང་སྒུག་བྱས་པའི་མཐར་དགོངས་པ་གཞན་དོན་དུ་གཏད་པར་མྱ་ངན་གྱི་གདུང་འབོད།)

སྨན་རིའི་དགེ་བཤེས་དཔོན་རྒོད་གཡུང་དྲུང་སྐལ་བཟང་།

བསྟན་པའི་གཙུག་རྒྱན་རྒྱལ་བ་སྨན་རི་བ། །
གང་གི་བུ་ཆེན་སློབ་དཔོན་དྲང་སྲོང་མཚན། །
དེ་ཡི་ཐུགས་སྲས་མཚན་ལྡན་བླ་མ་རྗེ། །
ཡབ་སྲས་བརྒྱུད་པའི་བཀའ་དྲིན་དྲན་བཞིན་དད། །

དོན་མང་ཞིག་ལ་བསམ་བློ་སྐོར་བཞིན་དུ། །
དཔེ་མང་ཁྲོད་དུ་མགོ་བོ་འཁོར་སྐབས་ཤིག །
ཕ་གཅིག་བླ་མ་དག་ཞིང་ཕེབས་སོང་ཞེས། །
ལན་གཅིག་བརྒྱལ་བར་བྱེད་པའི་གཏམ་འདི་ཐོས། །

སྔ་ལོར་ད་ཚོད་སྲིད་པའི་སྒྲོན་མེ་ནུབ། །
ད་ལོ་འདི་དུས་ཟླ་བ་གཟའ་ཡིས་བཟུང་། །
སྡུག་བསྔལ་གངས་འཁྱག་སྟེང་གི་བ་མོ་འདི། །
ལས་ཀྱིས་བཀལ་བའི་ཆད་པ་ཡིན་ནམ་ཅི། །

བླ་མས་སློབ་མ་སྐྱུར་ནས་གཤེགས་པའི་དུས། །
བླ་ཡིད་སེམས་གསུམ་ཁྱེར་བའི་ངང་ཚུལ་གྱིས། །
བརྗོད་པའི་ངག་ལྐུགས་དྲན་པའི་སེམས་མི་གསལ། །
བརྗོད་བྲལ་ཚིག་ལས་འདས་པར་ཧད་དེ་ལུས། །

མགོན་ཁྱོད་བཞུད་པའི་གདུང་བ་རེ་རེའི་མཇུག །
མི་ལོ་བཅུ་དྲུག་སྔོན་གྱི་དགྱེས་བརྩེའི་ཞལ། །
མདུན་དུ་མངོན་སུམ་བྱོན་པ་ལྟ་བུའི་ཚུལ། །
ཤར་བའི་མོད་ལ་མིག་ཆུས་ངོ་གདོང་བརླན། །

དཀའ་སྡུག་རྒྱ་མཚོ་བརྒལ་བའི་ཕ་མཐའ་ནས། །
དོན་གཉེར་ནོར་བུ་ལོན་པའི་དུས་རྟིང་དེར། །
གསེར་ཞལ་ཉི་མ་ལྡེ་བར་སྒུག་བཞིན་དུ། །
གཏན་དུ་གྱེས་ཕྱག་གནང་འདི་ཅི་ཡིས་ཉེས། །

མིང་ཐོབ་རྩ་བཞིན་དོར་བའི་རྣལ་འབྱོར་བ། །
ཁྱེད་ལ་མཚོན་ན་ཡོངས་འཛིན་གསེར་གྱི་ཁྲི། །
ཁབ་དང་སྐུད་པའི་རིན་ཐང་མེད་ན་ཡང་། །
སྟོང་པར་གྱུར་པ་བདག་ཅག་བློས་མི་བཟོད། །

ལྷ་ཆོས་བོན་ཁྲིད་མཛད་པའི་རིམ་པ་དང་། །
མི་ཆོས་བསླབ་བྱ་གནང་བའི་གདམས་པ་དག །
སེམས་ནས་དྲན་ཞིང་ཡིད་ལ་ཝ་ལེར་ཤར། །
སངས་རྒྱས་ལས་ཀྱང་ལྷག་པའི་བཀའ་དྲིན་དྲན། །

འཆད་ཉན་སློབ་ཚོགས་སྐྱོང་བའི་སློབ་དཔོན་ནི། །
ང་ཡིན་ཁོ་མཁས་བཏགས་པ་མང་ན་ཡང་། །
བླ་སློབ་དད་དམ་གཙང་བའི་བཤེས་གཉེན་ནི། །
མགོན་ཁྱོད་ཙམ་ལས་དཀོན་པའི་ཚད་དུ་ངེས། །

རྒྱུ་དང་དཔལ་འབྱོར་བྲིན་པའི་དུས་རབས་ན། །
གཟུགས་དང་ལང་ཚོ་ལྟ་བའི་འཇིག་རྟེན་ན། །
ཉམས་ཆུང་མི་སེར་སྟོང་གི་སྐྱབས་མགོན་ཁྱེད། །
འདམ་གྱི་དབུས་ནས་པད་མོ་ཇི་བཞིན་བརྗིད། །

ང་ནི་སྐྱབས་རྗེ་ཁོང་ནི་མཁན་ཆེན་སོགས། །
བདག་ཉིད་བདག་གིས་འདེགས་པའི་དུས་མཐའ་ན། །
སྦས་པའི་ཚུལ་གྱིས་བསྟན་དོན་མཛད་པ་ཁྱེད། །
དུས་གསུམ་རྒྱལ་བ་དགྱེས་པའི་རྒྱས་སྲས་ཡིན། །

ཚད་ལྡན་མཁས་པ་དུ་མར་གཏུགས་ནས་སུ། །
འཚོ་ཐབས་མེད་པའི་ཉེན་བརྡ་བྱིན་ན་ཡང་། །
སྙུང་ཟུག་གྲོགས་སུ་འཁྱེར་བའི་གདམས་ངག་གླུས། །
ན་དགའ་ཤི་སྐྱིད་མཛད་པ་ཨེ་མ་མཚར། །

ཁྱེད་དང་མཚུངས་པའི་སྐྱེས་ཆེན་དམ་པ་རྣམས། །
བོན་བརྒྱད་ཁམ་གྱི་གསོལ་བ་ཡོངས་སྤངས་ཏེ། །
སྦས་པའི་ཚུལ་གྱིས་ཏིང་འཛིན་བདུད་རྩིས་འཚོ། །
མཚན་སྙན་བཞུགས་ཚེ་མི་ཐོས་གཤེགས་ནས་གྲགས། །

སྡེ་འབངས་ཁྲལ་བསྡུ་བྱེད་པའི་གྲོས་རར་མེད། །
གསེར་ཁྲི་ཧབ་ཐོབ་བྱེད་པའི་སེར་གྲལ་མེད། །
རིགས་རུས་དབྱེ་འབྱེད་བྱེད་པའི་བླ་གྲལ་མེད། །
མེད་པ་གསུམ་གྱི་དགེ་བྱེད་ཉམ་ཆུང་ཞིག  །

ང་རྒྱལ་གཡུ་རལ་གསིག་པའི་སེང་ཆེན་མིན། །
འདོད་ཆགས་གྲ་ལོ་རྒྱས་པའི་སྟག་རྒོད་མིན། །
འཕྲག་དོག་རྨིག་བཞི་བརྡར་བའི་རྟ་མཆོག་མིན། །
ཡིན་པ་དངོས་ནི་སྒོམ་ཆེན་བསེ་རུ་ཞིག །

ཞི་ཞིང་དུལ་བའི་ཐུགས་གཤིས་འགྱུར་མེད་གཅིག །
རྒྱུད་ལ་འབྱར་བའི་བྱམས་བརྩེའི་སྤྱོད་པ་གཉིས། །
ཕྱོགས་དང་བྲལ་བའི་བྱང་སེམས་ནོར་བུ་གསུམ། །
ཁྱེད་ལ་མངའ་བའི་འཕགས་ནོར་རྣམ་གསུམ་ཡིན། །

བཤད་སྒྲུབ་འཆད་ཉན་མཛད་པའི་རྣམ་ཐར་གཅིག །
སྡོམ་དམ་སེལ་ལྷད་མེད་པའི་བྱིན་རླབས་གཉིས། །
སྐུ་ཚེ་ལྟ་སྒོམ་བསྐྱངས་པའི་ཉམས་ལེན་གསུམ། །
ཁྱེད་ལ་དད་པའི་རྒྱུ་མཚན་རྣམ་གསུམ་ཡིན། །

ཉིན་མཚན་དུས་དྲུག་ཁྱེད་དང་འབྲལ་མེད་པའི། །
སྐྱབས་འོག་དད་འབངས་སྐྱ་སེར་ཁྲི་སྟོང་གིས། །
མིག་ཆུས་རྒྱ་མཚོ་བསྐྱིལ་བའི་སྡུག་ཡུས་འདི། །
ཤེས་ནས་དད་གུས་ཐོབ་པའི་དཔང་རྟགས་ཡིན། །

འདའ་ཁའི་ཞལ་ཆེམས་ཇི་ལྟར་གདམས་པ་ཡང་། །
རྟོགས་པའི་སྟོང་སྐད་སྒྲོག་པ་མ་ལགས་ཏེ། །
ཐུགས་དམ་གཡོ་མེད་བོན་གྱི་སྐུར་ཐིམས་ནས། །
ཉིན་ཞག་ཕྲུག་གསུམ་བཞུགས་པ་འདིས་ཀྱང་རྟོགས། །

ཤུལ་དུ་ལུས་པའི་བསགས་པའི་ཟས་ནོར་མེད། །
རྗེས་སུ་སྙེགས་པའི་ཁ་མཆུ་བུ་ལོན་མེད། །
ཕུང་པོའི་སྒང་རྒྱ་རལ་ནས་བདེ་ཆེན་མཁར། །
ཐོགས་མེད་བསྐྱོད་པའི་དོན་གྱི་ཁྱུང་ཆེན་ཞིག །

རིང་ནས་གསུང་གི་བདུད་རྩིས་སྐྱོང་པ་ཡི། །
གམ་ན་འཚོ་བའི་སྐྱ་སེར་དད་འབངས་དང་། །
རྒྱང་དུ་གནས་པའི་བླ་གྲྭ་དགེ་བཤེས་ཀུན། །
དེང་འདིར་གདུང་བའི་ཀློང་ནས་ཁྱོད་ཉིད་གླེང་། །

སྣང་བཞི་ཟད་སར་བསྐྱལ་བའི་སྐྱེས་མཆོག་ཅིག །
གཞོན་ནུ་བུམ་སྐུའི་དཀྱིལ་འཁོར་མངོན་བྱས་པར། །
དགེ་བའི་སྡོང་འདེབས་མི་དགོས་ལྟོས་བཅས་ཀྱིས། །
རྣམ་དཀར་འབད་པ་ཚོགས་གསོག་བསྐལ་བཟང་ཡིན། །

རྒྱལ་བསྟན་འཇིག་པར་གླེང་བར་མི་རུང་ནའང་། །
རྒྱས་སྲས་མཐའ་དག་རིམ་གྱིས་བཞུད་པ་འདི། །
རྟགས་དང་མཚན་མ་ངན་པ་དགུ་བརྩེགས་ཡིན། །
ཐབས་དང་ཐུགས་རྗེ་ཅན་གྱིས་དགོངས་སུ་གསོལ། །

ལས་མཐུ་བཙན་པོ་བཟློག་པར་མ་གྱུར་ཡང་། །
འགལ་རྐྱེན་ངན་པ་ཞི་ཐབས་ཡོད་པར་གསུངས། །
སྤྱིར་ན་བསྟན་འགྲོ་ཡོངས་ཀྱི་གེགས་བར་དང་། །
ལྷག་ཏུ་རང་བཞིན་འབྱུང་བའི་འཇིག་པ་ཟློག །

ཕ་རྒོད་བླ་མ་སྐྱབས་རྗེ་སྨན་རི་བ། །
བཀའ་དྲིན་མཚུངས་མེད་དྲིན་ཆེན་སློབ་དཔོན་རྗེ། །
སྔ་རྗེས་གཤེགས་པ་འགྲོ་དོན་ཡིན་མོད་ཀྱང་། །
མྱ་ངམ་ཐང་གི་བདག་ཅག་གཟིགས་ཤིག་ཀྱཻ། །

   ཞེས་དྲིན་ཆེན་གྱི་སློབ་དཔོན་དམ་པ་སྤུ་བླ་ཁྱུང་ནག་དགོན་གྱི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་རོལ་པོ་ཆེ་མཆོག་ཐུན་མོང་གདུལ་བྱའི་བསོད་ནམས་ཀྱིས་མ་ཐེག་པར་ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༧ ཉིན་སྟེ་དགུང་གྲངས་ ༤༧ ཐོག་དགོངས་པ་གཞན་དོན་དུ་གཏད་ཤོར་བར་བློ་ཕམ་དང་སྡུག་བསྔལ་ཚད་མེད་པའི་ངང་ནས། དགོངས་རྫོགས་ཞག་གསུམ་ཉིན་ཞིང་གཤེགས་དམ་པ་གོང་གི་སྐྱབས་འོག་ཏུ་མི་ལོ་དྲུག་ལྷག་རིང་ཐོས་བསམ་གྱི་འཚོ་བ་ལོངས་སུ་སྤྱོད་པའི་སྐལ་བཟང་ཐོབ་པའི་༸གདན་ས་སྨན་རིའི་དགེ་མིང་པ་དཔོན་རྒོད་གཡུང་དྲུང་སྐལ་བཟང་དུ་འབོད་པས་སློབ་དཔོན་དམ་པར་གསོལ་བ་རྩེ་གཅིག་ཏུ་བཏབ་ཏེ་ཕུལ་བའི་དགེ་བས་བྱིན་རླབས་རྒྱུད་ལ་འཇུག་ཅིང་ཚེ་རབས་ཀུན་ཏུ་འབྲལ་མེད་རྗེས་སུ་བཟུང་བའི་རྒྱུ་རུ་གྱུར་ཅིག་གུ། །

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།