གསེར་ནག་གིས་བཞེངས་པའི་གཙུག་ལག་གི་རིག་མཛོད་ཆེན་མོ།

[ཟླ་ཚེས། 2018-08-26 15:06:11][རྩོམ་པ་པོ། རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

1534880411979403.jpg
མིའི་རིགས་ཀྱི་བསམ་བློ་བ་རླབས་པོ་ཆེ་དང་། བོད་བརྒྱུད་ནང་བསྟན་གྱི་མཁས་པ་གྲགས་ཅན། ཡུལ་མདོ་སྨད་བྱང་རྒྱུད་ཀྱི་རྒྱལ་གཤེན་བསྟན་པའི་བདག་ཉིད་ཆེན་པོ ༧ མཁས་གྲུབ་ཟླ་མེད་སྐྱབས་རྗེ་བླ་མ་བོན་བརྒྱ་བ་ཐམས་ཅད་མཁྱེན་པ་རིན་པོ་ཆེ་ང་ཚོའི་སེམས་ནང་ཇི་སྲིད་བར་གནས་ངེས་ཡིན།
1535267934341930.jpeg

དགེ་ལེགས་མཚན་དཔེ་འབར་བའི་སྐུ་མཆོག་བརྗིད། །
ལྷུན་གྲུབ་ཚངས་ཆེན་རོལ་མོའི་གསུང་དབྱངས་སྙན། །
ཟབ་གསལ་ཡོན་ཏན་རྒྱ་མཚོའི་ཐུགས་དགོངས་བརླིང་། །
འཛམ་གླིང་མཁས་ཆེན་བླ་མ་བོན་བརྒྱ་བ། །
 
འཆད་རྩོད་རྩོམ་པས་རྒྱལ་བསྟན་འཛིན་མཁན་ཡིན། །
མཁས་བཙུན་བཟང་པོས་འགྲོ་ཀུན་སྐྱོང་མཁན་ཡིན། །
ལྟ་སྒོམ་སྤྱོད་པས་གཞན་རྒྱུད་འགྲོལ་མཁན་ཡིན། །
འཁོར་ལོ་གསུམ་གྱིས་སྐུ་ཚེ་བརྗིད་པར་མཛད། །
 
གནས་ལྔ་རིག་པའི་འོད་རླབས་མཁའ་རུ་བྲེས། །
འཆད་ཉན་འབྲུག་སྒྲས་ས་ཆེན་འདར་བར་བྱས། །
སྒྲུབ་བརྒྱུད་བསྟན་པའི་དར་ཆེན་སྲིད་རྩེར་བསྒྲེངས། །
མཛད་བཟང་རྣམ་ཐར་འཛིན་མར་ཤོང་ནུས་མིན། །
 
སྒོ་བཞི་ཐེག་དགུ་ཕྱི་ནང་གསང་གསུམ་གཙོས། །
རིག་པའི་གནས་ཆེན་མཐའ་དག་གསལ་མཛད་པའི། །
འགྲེལ་དང་ཆ་ལག་གསུང་རྩོམ་ནོར་བུའི་མཛོད། །
མང་ཐོས་དབུལ་བ་སེལ་བའི་རྒྱན་དུ་སྤེལ། །

རྒྱལ་བསྟན་རིན་ཆེན་སྤེལ་བའི་མཐུན་རྐྱེན་དུ། །
དགོན་སྡེ་གསར་བསྐྲུན་གསས་ཁང་བཞེངས་པ་སོགས། །
སྐུ་གསུང་ཐུགས་རྟེན་བྱུར་བུར་སྤུངས་པའི་དཔལ། །
འཛམ་གླིང་གཡས་བཞག་ནོར་འཛིན་རྒྱན་དུ་འབར། །
 
དལ་འབྱོར་དགེ་བའི་ཚོགས་གཉིས་དཔག་བསམ་རྩེར། །
ངེས་ལེགས་སྐུ་བཞིའི་འབྲས་བཟང་ལྷུན་གྲུབ་པས། །
དཀྱིལ་འཁོར་རིགས་བརྒྱ་འདུས་པའི་ལྷ་ཡི་ལྷ། །
གདུལ་བྱ་རྒྱ་མཚོའི་དཔལ་མཆོག་སྤྱི་བོས་མཆོད། །
 
ཁྱེད་ནི་རྨོངས་མུན་འཇོམས་པའི་རལ་གྲི་དང་། །
བརྩེ་ཆེན་འོད་ཞགས་འབར་བའི་ཉིན་བྱེད་དེ། །
གྱེར་བསྟན་རྨང་ནས་འདེགས་པའི་ཀ་བ་རུ། །
ས་ཆེན་མཛེས་པའི་ཕྱག་རྗེས་འགྲན་ཟླ་དབེན། །
 
སྙིགས་མའི་དུས་ན་ངན་གོམས་སྐྱེ་བོ་འགས། །
རིགས་མཐུན་ཚོགས་རྣམས་རིས་སུ་བོར་བའི་ཚེ། །
འགྲོ་ཀུན་རིས་མེད་ཞི་བདེར་འཁྲིད་པའི་སླད། །
གཞན་དོན་སྲོག་ཏུ་འཛིན་པའི་རྒྱལ་སྲས་ཡིན། །
 
སྤངས་ལམ་མདོ་ཡི་ཀླུང་བཟང་བསྐྱིལ་བའི་འཇིངས། །
བསྒྱུར་ལམ་སྔགས་ཀྱི་ནོར་བུས་ཡོངས་གང་ཞིང་། །
གྲོལ་ལམ་རྫོགས་ཆེན་རླབས་ཕྲེང་མངོན་མཐོ་བའི། །
ཐེག་གསུམ་བསྟན་པའི་མཚོ་ཆེན་བོན་བརྒྱ་བ། །
 
ངེས་པའི་དོན་དུ་སྐུ་གསུམ་མངོན་གྱུར་པས། །
འཁོར་འདས་རང་དབང་བསྒྱུར་ལ་ཐོགས་མེད་ཀྱང་། །
འདིར་སྣང་བདེན་པས་བསླུས་པའི་ཚུར་མཐོང་ངོར། །
སྐུ་མཆོག་ཉི་ཟླའི་གུར་ཁང་ནུབ་པས་སྐྱོ། །
 
སྟོན་ཟླས་འཕེལ་མིན་མིག་ཆུའི་རྒྱ་མཚོ་འཕྱུར། །
སེར་བས་མ་རྡུང་འཛུམ་དཀར་མེ་ཏོག་འཐོར། །
ཇག་པས་འཕྲོགས་མིན་ཡོད་ཚད་སྟོང་བར་ཤར། །
བསམ་ཞིང་བསམ་ན་བློ་ཕམ་བཟོད་ནུས་མིན། །
 
ཀྱེ་མ་རང་སེམས་གདུང་བ་སེལ་ཕྱིར་དང་། །
བླ་མའི་བྱིན་རླབས་སྙིང་ལ་འཇུག་སླད་དུ། །
མཁའ་ལས་ཆར་བབས་རྒྱ་མཚོའི་རུ་མ་ལྟར། །
དགེ་བའི་དངོས་པོ་ཅུང་ཙམ་སྒྲུབ་ལ་ཕྱོགས། །
 
སྟོང་གསུམ་འཇིག་རྟེན་མཚན་མ་རྫས་ཀྱི་དབྱུག །
ཕུང་པོ་ཁམས་ལྔ་སྒྱུ་ལུས་མདངས་ཀྱི་བཅུད། །
གང་ཤར་དྲན་རྟོག་དབྱིངས་རིག་གདལ་བའི་ཀློང་། །
བསོད་ནམས་ཚོགས་མཆོད་བླ་མའི་ཞིང་དུ་བཏེགས། །

སྙིང་རྗེ་མངའ་བདག་དྲིན་ཅན་དཔོན་གསས་རྗེ།
ཟབ་དོན་གནད་ཀྱི་མན་ངག་སྟོང་གི་བཅུད། །
སྐུ་གསུམ་དགོངས་པ་རང་རིག་རྗེན་པའི་དོན། །
བརྒྱུད་པ་ཐོག་བབ་གདམས་པས་བདག་སྐྱོངས་ཤིག །
 
མཆོག་གསུམ་རྩ་གསུམ་སྲུང་མའི་ཐུགས་རྗེས་དང་། །
རྟེན་འབྱུང་བསླུ་བ་མེད་པའི་བདེན་སྟོབས་ཀྱིས། །
གྱེར་བསྟན་འདོད་འབྱུང་ནོར་བུའི་ཞིང་མཆོག་ཏུ། །
འགྲོ་ཀུན་བྱང་ཆེན་གཏེར་གྱིས་བརྗིད་པར་ཤོག །

1535267867646337.jpeg

   ཅེས་མཁས་དང་གྲུབ་པའི་དབང་ཕྱུག་མཚུངས་ཟླ་མ་མཆིས་པ། ༧ སྙིགས་མའི་འདྲེན་སྟོན་ཆེན་པོ་བླ་མ་བོན་བརྒྱ་བ་ཞེས་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་སྙན་གྲགས་ཀྱི་བ་དན་དཀར་པོ་བླ་ན་མཐོ་བ་མཆོག་ཉིད། བསྟན་དོན་དུ་སྐུ་སྐྱེ་བ་བཞེས་ཏེ་རྒྱལ་བའི་བསྟན་པ་ལ་སྟོན་པ་གཉིས་པ་ལྟ་བུའི་མཛད་བཟང་རླབས་ཆེན་མུ་ནས་མུ་རུ་བསྐྱངས་མཐར། དགུང་གྲངས་བརྒྱད་ཅུ་གྱ་བཞི་བཞེས་པའི་བོད་ས་ཁྱི་སྟེ། སྤྱི་ལོ ༢༠༡༨ ལོའི་ཧོར་ཟླ ༧ ཚེས ༦ དགོང་མོའི་ཆུ་ཚོད ༡༡ སྟེང་གདུལ་བྱ་རྟག་འཛིན་ཅན་རྣམས་དགེ་བའི་ལས་ལ་བསྐུལ་སླད་རེ་ཞིག་གཟུགས་སྐུའི་བཀོད་པ་བོན་དབྱིངས་སུ་བསྡུས་པའི་ཚུལ་བསྟན་པར་གདུང་སེམས་མཉམ་བསྐྱེད་བྱེད་ཅིང་། དཔལ་ལྡན་བླ་མའི་བཀའ་དྲིན་རྗེས་སུ་དྲན་པ་མཚོན་ཕྱིར་དུ་མདོ་ཁམས་ཞིག་ཆེན་གྲུབ་རྒྱུད་ཀྱི་གདན་ས་མཆོག་གྱུར། དཔལ་གཤེན་བསྟན་རྩེ་ཞིག་དགོན་གྱི་འདུས་སྤྱི་ཡོངས་ནས་ཀྱང་ནན་ཏན་ཆེན་པོས་རང་རྒྱུད་བོན་དང་འདྲེས་པར་འབད་དེ། ཉིན་གསུམ་གྱི་རིང་དུ་རྗེ་བླ་མ་མཆོག་ལ་ཚོགས་འབུལ་གདུང་འདེབས་ཅི་འཇོན་གང་ནུས་ཞུས་པའི་དགེ་འབྲས་མཆིས་སོ་ཅོག་ཚོགས་གཉིས་ཀྱི་ཞིང་ས་དམ་པར་བསྔོ་སྨོན་གྱི་མཚམས་སྦྱོར་བྱ་བ་དང་སྟབས་བསྟུན། གསེར་ནག་གིས་བཞེངས་པའི་གཙུག་ལག་གི་རིག་མཛོད་ཆེན་མོ་ཞེས་པའི་གྱེར་ཆེན་རིག་འཛིན་དཔའ་བོའི་རྗེས་དྲན་རྩོམ་ཐུང་འདི་ཡང་། འདྲེན་པ་གང་གི་སློབ་འབངས་ཡོངས་ཀྱི་གྲལ་མཐའ་བ་རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བར་འབོད་པའི་སྙོམས་ལས་པ་དེས། རྗེ་བླ་མ་མཆོག་དང་ཐུགས་དམ་གཅིག་ཏུ་བསྲེ་བའི་དད་གུས་བླ་མེད་ངང ༢༠༡༨ ལོའི་ཟླ ༧ ཚེས ༡༥ ཉིན་ལ་བགྱིས་པ་ཡིན་པས་དོན་དེ་ཡིད་བཞིན་དུ་འགྲུབ་པའི་རྒྱུ་རུ་གྱུར་ཅིག་གུ།

1535267867957026.jpeg

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།