སེམས་དཔའ་དྲན་པའི་གདུང་བ།

[ཟླ་ཚེས། 2017-09-29 13:45:44][རྩོམ་པ་པོ། ཞུ་འཛིན་ལྷུན་གྲུབ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

1506663986588889.jpg


ཨ་སྔོན་དགུང་གི་མུན་སེལ་སྒྲོན་མེ་མཆོག །

མི་སྡུག་ཆུ་འཛིན་དྲག་པོའི་ཡོལ་བས་བཀབ། ། 

སྒེག་མོར་འཚོ་བའི་སྲོག་ལྡན་ཡོད་རྒུ་ཡང་། ། 

མི་སྡུག་སྡུག་བསྔལ་གྲང་རེག་ཀློང་དུ་ཚུད། ། 


མགོ་ནག་བོན་འབངས་ཡོངས་ཀྱི་སྐྱབས་གཅིག་པུ། ། 

རྒྱལ་བ་བྲུ་ཡི་དྲི་མེད་ལུང་འཛིན་པ། ། 

༧རྒྱལ་བ་སྨན་རིའི་ཁྲི་འཛིན་སྐྱབས་གཅིག་པུ། ། 

མགོ་ནག་བསོད་ནམས་ཟད་པས་ཞིང་གཞན་གཤེགས། ། 


གཡུང་དྲུང་སེམས་དཔར་སྐྱེ་འཆིའི་དབང་ཐོབ་ཀྱང་། ། 

དུར་ཁར་ཚུད་པའི་རྟག་འཛིན་སེམས་ཅན་ལ། ། 

མི་རྟག་སུན་དུ་ཕྱུང་ཕྱིར་ཐ་མལ་པར། ། 

མི་རྟག་མངོན་སུམ་སྟོན་པ་ཨེ་མ་མཚར། ། 


ཕ་ཆོས་ཡིད་བཞིན་གསེར་གྱི་ནོར་བུ་འདི། ། 

རྩོད་ལྡན་བསོད་ཟད་དུས་ངན་སྙིགས་མ་འདིར། ། 

དགུན་གྱི་ཆུ་བཞིན་བྲི་བར་གྱུར་དུས་སུ། ། 

གཡུང་དྲུང་སེམས་དཔས་བསྟན་པའི་སྒྲོན་མེ་སྤར། ། 


དུག་གསུམ་མནར་བའི་རྩོད་ལྡན་འགྲོ་བ་ཚོར། ། 

ཕ་ཆོས་ཡིད་བཞིན་ནོར་གྱི་བདུད་རྩི་ཡིས། ། 

དུག་གསུམ་ཕུང་པོ་གཙང་མར་བཀྲུ་སླད་དུ། ། 

ཕ་ཆོས་ནོར་བུའི་བདུད་རྩི་གླིང་འདིར་བཞུར། ། 


གངས་ཅན་བོད་ཀྱི་ཕ་ཆོས་ནོར་ཡིད་བཞིན། །

དུས་འགྱུར་རྡུལ་རླུང་དྲག་པོས་གཟིམས་ཉེ་དུས། ། 

གཡུང་དྲུང་སེམས་དཔས་ཕ་ས་རྒྱབ་བསྐྱུར་ཏེ། །

གླིང་འདིར་སྒྲོན་མེ་བསྒྲོན་མཛད་འདི་རྨད་བྱུང་། ། 


སེམས་ཅན་བསོད་ནམས་ཟད་པོའི་ལས་དབང་གིས་རྐྱེན་བྱས། ། 

ང་འཛིན་རྟག་འཛིན་ཞེན་པའི་དུས་ངན་གྱི་འགྲོ་བར། ། 

མི་རྟག་བདག་མེད་ཕྱུངས་ཕྱིར་ཞིང་གཞན་དེ་འགྲིམས་ན། ། 

ཡང་སྲིད་གཞོན་ནུར་ཕེབས་ནས་མགོན་མེད་དག་སྐྱོབས་རོགས། ། 


མགོན་མེད་སེམས་ཅན་རྣམས་ཀྱི་སྐྱབས་ཀྱི་དཔའ་བོ། །

ཕ་ཆོས་གཡུང་དྲུང་བོན་གྱི་ཡང་དག་སློབ་དཔོན། ། 

ལྷོ་ཡི་འཛམ་བུའི་གླིང་གི་བསྟན་པའི་བདག་པོ། ། 

རྨོངས་བུ་བདག་གི་དྲིན་ཆེན་རྩ་བའི་བླ་མ། ། 


མཐོང་བ་རང་གྲོལ་བྱིན་ཅན་སྐུ་པར་དེ་མཇལ་བཞིན། ། 

མཁའ་མཉམ་མཐའ་ཡས་མཛད་འཕྲིན་སྒོ་གསུམ་གྱིས་སྒོམ་གྱིན། ། 

འཇིགས་མེད་གསེར་ཁྲིའི་མི་འཇིགས་སློབ་དཔོན་ཁོང་བྱོན་པར། ། 

ལུས་ངག་ཡིད་ཀྱིས་གུས་ཕྱག་དུས་གསུམ་དུ་འབུལ་ལོ། ། 


ཞུ་འཛིན་ལྷུན་གྲུབ་ཀྱིས། 

༢༠༡༧ལོའི་ཟླ་བ༩པའི་ཚེས་༢༡ཉིན། 

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།