མྱ་ངན་སྐྱོ་འབོད་ཞུ་ཚིག

[ཟླ་ཚེས། 2017-09-29 10:11:49][རྩོམ་པ་པོ། དུང་རི་བ་མདོ་སྔགས་བཤད་སྒྲུབ་རྒྱལ་མཚན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

༧  ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་༣༣པ་མཚན་བརྗོད་པ་དཀའ་བ་དཔལ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་དགོངས་པ་བོན་དབྱིངས་སུ་བསྡུས་པ་མྱ་ངན་སྐྱོ་འབོད་ཞུ་ཚིག

 微信图片_20170929102246.jpg

ཀ་དག་ཀུན་བཟང་ཀློང་ནས་མ་གཡོས་ཀྱང་། །

ཁ་བ་ཨ་དཀར་ཡུལ་དུ་མཚན་དཔེ་བཞད།  །

ག་འདུལ་གདུལ་བྱ་ཐབས་མཁས་ཡང་སྤྲུལ་སྐུ།  །

ང་ཚོ་བསོད་ནམས་ལས་ཀྱི་བྱོན་པ་མངོན།  ། 

ཅ་ཅོ་འདུ་འཛི་རབ་སྤངས་འབྲི་ཀློག་སྦྱངས།  །

ཆ་ལུགས་ངུར་སྨྲིག་སྡེ་ལ་རབ་དད་ནས།  །

ཇ་ཆང་ཟང་ཟིང་ལོངས་སྤྱོད་མཆུ་ཐལ་བཞིན།  །

ཉ་གང་ཟླ་བ་ཡོན་ཏན་ཀུན་རྫོགས་དཔལ།  །

ཏ་ཐ་ག་ཏཱ་སྔ་རབས་བདེར་གཤེགས་བཞིན།  །

ཐ་མ་སེམས་ཅན་དུག་གསུམ་རབ་རྒྱས་དུས།  །

ད་ལྟའི་སངས་རྒྱས་མི་གཟུགས་བླ་མ་ཁྱེད།  །

ན་ནིང་ད་ལོ་ཉིན་མོའི་རྒྱུ་སྐར་ཙམ།  ། 

པ་སངས་ལས་ལྷག་བྱམས་སེམས་ཐུགས་སྟོབས་ཀྱིས།  །

ཕ་རོལ་ཉམ་ཆུང་དྭ་ཕྲུག་སྟོང་ཕྲག་དང་།  །

བ་གླང་འདྲ་བའི་ང་དང་ང་མིན་རྣམས།  །

མ་ལྟར་བྱམས་ཞིང་སེམས་ཅན་ཁྲི་ཁྲག་འབུམ།  ། 

ཙཀྲ་བོན་འཁོར་བསྐོར་ཞིང་ཐར་ལམ་སྟོན།  །

ཚ་ཟེར་བྱིན་རློབས་རིས་མེད་ཀུན་ལ་སྦྱིན།  །

ཛ་ཡན་བསྟན་ལ་ཁྱེད་འདྲའི་བླ་མ་ནི།  །

ཝ་ལེ་བསམ་ཚེ་འཇིག་རྟེན་འདི་ན་དཀོན།  ། 

ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་བདག་མཆོག །

ཟ་འོག་འཇའ་ལམ་དང་བཅས་གཤེགས་པ་འདིས།  །

འ་འུ་བོན་འབངས་སྤྱི་དང་བོད་ཁམས་ཡོངས།  །

ཡ་ང་མྱ་ངན་སྐྱོ་གདུང་ངུ་འབོད་ཁྱབ།  ། 

ར་བ་གངས་ཅན་ཞིང་གི་སེམས་ཅན་རྣམས།  །

ལ་ལུང་བརྒྱ་ཕྲག་མང་པོ་ཕ་རོལ་ན།  །

ཤ་ཚ་སྙིང་རྗེ་ངང་ནས་ཁྱེད་འབོད་ཅིང་།  །

ས་སྟེང་འདི་ན་ཁྱེད་འདྲའི་དཔོན་གསས་བླ།  ། 

ཧ་ཅང་དཀོན་ལ་ང་ཚོ་ཁྱེད་ལ་ནི།  །

ཧ་ཅང་དྲན་ཞིང་བླ་མ་རིན་པོ་ཆེ།  །

ཨ་དཀར་ཀུན་བཟང་ཐུགས་དམ་གཡོ་མེད་ངང་།  །

ཨ་དཀར་བོན་དབྱིངས་མངོན་སངས་རྒྱས་ལ་བསྟོད།  །

ཞེས་དུང་རི་བ་མདོ་སྔགས་བཤད་སྒྲུབ་རྒྱལ་མཚན་གསོལ་བ་ཕུར་ཚུགས་དང་བཅས།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།