སྔ་རྗེས་དུས་སུ་དྲན་པའི་གདུང་དབྱངས།

[ཟླ་ཚེས། 2017-09-28 11:07:00][རྩོམ་པ་པོ། གཡུང་དྲུང་ལྷ་མགོན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]


1506568149115041.jpg
གངས་ཅན་ཁ་བའི་ལྗོངས་སུ་སྐུ་མཆོག་མངོན་པར་བལྟམས། །

གླིང་བཞིའི་མུན་པ་སེལ་བའི་འཛམ་གླིང་འོད་པོ་ཆེ། ། 

དུས་སྙིཊ་བསྐལ་པའི་ཁྲོད་ནས་གདུལ་བྱ་གཞན་ཕེབས་པས། ། 

དམ་པའི་དགོངས་སྤྱོད་བློ་ཡིས་ཟབ་སར་ལྷུང་ནས་ཡོད། །


གྱེར་བསྟན་བོན་གྱི་རིང་ལུགས་ཕྱོགས་བཅུར་རྒྱན་དར་བཞིན། །

མི་ནུབ་སྲིད་རྩེར་བསྒྲེངས་བཞིན་ཟོལ་མེད་སྙིང་གི་ཟླ། །

སུམ་རྩེན་གནས་ནས་ཕེབས་པའི་ལྷ་ཡི་ཁྱེའུ་རྫོགས་སྐུ། །

འཇིག་རྟེན་མུན་སེལ་ཟླ་གཞོན་ནུབ་པ་སྔ་ནས་སོང་། །


སྤྱི་ལོ་ཉིས་སྟོང་བཅུ་བདུན་དགུ་པའི་བཅུ་བཞིའི་དྲོར། །

སྒྲ་འཛིན་རྣ་བའི་གཟན་དུ་མགོན་ཁྱེད་གཤེགས་སོང་ཟེར། །

དེའི་སྐབས་བདག་གི་མགོ་བོ་བྲང་གཞུང་དུད་པས་ན། །

བྱ་ཐབས་དད་པའི་ཐལ་མོ་ལས་སམ་གསོལ་བཏབ་མཆིས། །


གངས་ཅན་རི་བོ་ཧི་མ་ལ་ཡི་དཀྱིལ་ཆར་ན། །

སྐར་ཚོགས་ཐང་དུ་བཀྲ་འདྲའི་འོད་ཆེམ་གསལ་ལྷང་ལྷང་། །

བུང་བ་རྩི་ལ་འཁོར་བཞིན་སློབ་པའི་ཉེར་གཞོན་འདུས། །

བསྟན་པའི་སྲོག་ཤིང་འཛིན་པའི་ཁྲི་འཛིན་སོ་གསུམ་པ། །



ཀུན་གྱི་མགོན་སྐྱབས་ལྷག་དོན་བོན་འབངས་ཡོངས་ཀྱི་བླ༵། །

བུ་ལྟར་སྐྱེས་ཞིང་གོང་གིས་རྗེས་འཇུག་རྣམས་ཀྱི་མ༵། །

རྣམ་མཁྱེན་སངས་རྒྱས་མངོན་བྱོན་རྗེ་ཉིད་སྨན་རི་མཁྱེན༵། །

མཛད་པ་འཕྲིན་ལས་དཀྱིལ་ཡོངས་ནམ་མཁས་འགྲན་མི་ནུས། །     



གཟུགས་སྐུའི་བཀོད་པ་བོན་དབྱིངས་ཀློང་ནས་བསྡུས་པའི་ཚེ། །

ཐུགས་རྗེས་ཉེ་རིང་མེད་པ་གང་ལ་མོས་བྱས་བཞུགས། །

གཞལ་ཡས་ལྷ་ཡི་ཕོ་བྲང་མཛེས་པའི་དངར་ལྗོངས་སུ། །

མགོན་པོ་གང་ཉིད་སྐུ་པར་མདུན་ནས་གདུང་མཆོད་ཕུལ། 


ཤུལ་ལུས་སློབ་འབངས་འདུས་སྡེའི་ཀ་ཆེན་འདི་ལོར་འགྱེལ། །

མི་རིགས་ཤིག་གིས་བློ་སྒྲོམ་སྒོ་འབྱེད་ལྡེ་མིག་བོར། །

སྐྱབས་གནས་ཡུལ་མཆོག་གནས་བཞིའི་ནུས་རྩལ་གྱིས། །

ཞྭ་དཀར་གཡུང་དྲུང་བོན་བསྟན་རྒྱས་གྱུར་ཅིག་ཆར་མཛོད། །


ཅེས་སྒོ་གསུམ་དད་མོས་ཀྱིས་བློ་རྩེ་ཅིག་ཏུ་བསྡུས་ནས་རྗེ་སྨན་རི་བའི་བཀའ་དྲིན་དྲན་བྱེད་དུ་གར་ཚ་གཡུང་དྲུང་ལྷ་མགོན་འབོད་པ་དེས་མགོན་པོ་གང་ཉིད་སྐུ་ཞི་བར་གཤེགས་ནས་བདུན་ཕྲག་གཉིས་ཙམ་སོང་བ་སྐབས་འཁེལ་དུ་བྲིས་པའོ། །

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།