དྲན་པ་སྐྱོ་གདུང་གི་མིག་ཆུ།

[ཟླ་ཚེས། 2017-09-28 11:01:18][རྩོམ་པ་པོ། བློ་གྲོས་འོད་གསལ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

༧ སྐྱབས་རྗེ་རྒྱལ་བ་སྨན་རི་བ་ལུང་རྟོགས་བསྟན་པའི་ཉིན་མ་རིན་པོ་ཆེ་མཆོག་རྗེས་སུ་དྲན་པ་སྐྱོ་གདུང་གི་མིག་ཆུ།

          1506567735410178.jpg

ཀ་དག་རྫོགས་པ་ཆེན་པོའི་གཞི་དབྱིངས་ལས།།

ཁ་དོག་མཚན་དཔེ་་ཤར་བའི་བརྩེ་ཆེན་ལྷ།།

ག་པུར་སྨན་ལྟར་སྐྱེ་དགུའི་ནད་སེལ་མཁན།།

ང་ཡི་བླ་མ་བསྟན་པའི་ཉི་མ་དྲན།།


མཚན་བཅས་འགྲོ་ངོར་རོལ་པའི་སྒྱུར་འཕྲུལ་གར།།

མཚན་མེད་བོན་སྐུའི་ཀློང་དུ་བསྡུས་སོ་ཞེས།།

སྒྲ་འཛིན་རྣ་བའི་ལམ་དུ་ལྷུང་མ་ཐག །

སྡུག་གི་བུ་ཆུང་མུན་པའི་གཟེར་དུ་ཆུད།།


ཁྱེད་ནི་སྒོ་བཞི་མཛོད་ལྔའི་བསྟན་བདག་ཡིན།།

འཛམ་གླིང་ཞི་བདེ་གསལ་བའི་ཉི་མ་ཡིན།།

འཁོར་སློབ་དྭ་ཕྲུག་བྱེ་བའི་ཕ་མ་ཡིན།།

དབྱིངས་ནས་གཟིགས་པ་མ་ཆུང་བརྩེ་ཆེན་གཤེན།།


སྐུ་ཚེ་ཧྲིལ་པོར་བསྟན་འགྲོའི་དོན་ལ་གཟིགས།།

བསྟན་པའི་རྒྱལ་མཚན་སྲིད་གསུམ་རྩེ་མོར་བསྒྲེངས།།

གྲུབ་མཐའི་བར་དུ་མཛའ་མཐུན་གསེར་ཟམ་བཙུགས།།

ཁྱེད་ཀྱི་འགྲན་མེད་མཛད་རྗེས་ཡིད་ལ་དྲན།།


བརྩེ་ཆེན་ཐུགས་རྗེ་ཟླ་བའི་མཛུམ་ཟེར་ལས།།

ཉེར་བར་བསྐྱངས་པའི་ལྔ་རིག་ཀུ་མུད་ཚལ།།

ཤེས་རིག་འོད་སྟོང་འབར་བའི་བདུད་རྩིའི་བཅུད།།

མྱོང་བའི་སྐལ་བཟང་འདི་ནི་ཁྱེད་ཀྱི་དྲིན།།


བུ་སློབ་གཞོན་ནུ་བྱེ་བའི་དཔུང་ཚོགས་ལ།།

ཤེས་རིག་ནོར་བུའི་གཟི་འོད་འཕྲོ་བ་འདི།།

ཁྱེད་ཀྱི་ཚེ་གང་བཞུར་བའི་རྔུལ་ཆུ་སྟེ།།

འགྲོ་ཀུན་གདུང་བ་སེལ་བའི་སྨན་མཆོག་ཡིན།།


ཉིད་ཀྱི་བུ་སློབ་སྟོང་གི་གྲལ་མཐའ་ན།།

ཤེས་རིག་ནོར་བུའི་དབེན་པའི་དབུལ་བུ་ངས།།

གྱེས་བྲལ་ཚོར་སྡུག་དྲག་པོའི་འོབས་ཆེན་དུ།།

སྐྱོ་གདུང་མིག་མཐའ་ཆུ་མས་རླན་བཞིན་བྲིས།།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།