གདུང་ཚིག

[ཟླ་ཚེས། 2017-09-27 12:35:01][རྩོམ་པ་པོ། དགེ་བཤེས་དྲང་སྲོང་རྒྱལ་མཚན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

微信图片_20170918224502.jpg

འདི་སྐད་བདག་གིས་ཐོས་པའི་གཏམ་ངན་དུ།།

རྗེ་གཅིག་སྨན་རིའི་ཁྲི་འཛིན་སོ་གསུམ་པ།།

མི་མངོན་བོན་ཉིད་དབྱིངས་སུ་གཟིམས་སོ་ཞེས།།

ལྷོ་མཐའི་མདངས་ཉམས་ཁུ་བྱུག་ངག་ལས་གྲག།

 

དེ་ཡང་གསེར་གྱི་རྒྱལ་མཚན་འགྱེལ་བ་འམ།།

གཡུ་ཡི་དཔལ་བེའུ་དེ་ཉིད་འཁྲུག་པ་དང་།།

དངུལ་གྱི་བུམ་པ་དེ་ཡང་ཞིག་པ་སྟེ།།

བསླབ་གསུམ་བསྟན་པའི་འདུས་སོ་འཐོར་རམ་ཅི།།

 

ཁྱེད་སྐུ་ཧྲག་ཧྲག་དུས་ནས་ཕྱི་རོལ་དུ།།

ཁྱེད་གསུང་སྟོབས་པའི་དུས་ནས་སློབ་ཚོགས་ལ།།

ཁྱེད་ཐུགས་སྤོབས་པའི་སྐབས་ནས་བོན་དོན་དུ།།

དཀའ་བ་བརྒྱ་ཕྲག་བརྒལ་བའི་གཟི་བྱིན་དེ།།

 

དྭ་ཕྲུག་བརྒྱ་ཕྲག་འགའ་ཡིས་ལྟ་ས་དེ།།

ཡུལ་གྱལ་འཁྱམས་པོ་སྟོང་གི་འཁོར་ས་དེ།།

གཤེན་ཆུང་རང་ཚུགས་མེད་རྣམས་བརྟེན་ས་དེ།།

ཡང་མེས་ཆོོས་ལུགས་དེ་ཡི་གསེར་ཡིག་རེད།།

 

གཡུ་བྱ་ཁུ་བྱུག་འདྲ་བའི་སྐུ་ལུས་དེ།།

བོན་གྱི་བཀའ་རྟགས་བཙུགས་པའི་རྡོ་རིང་ཡིན།།

གཡོ་མེད་རི་བོ་འདྲ་བའི་ཐུགས་ཉིད་དེ།།

དུས་འགྱུར་བོན་ལ་རན་པའི་ཆགས་རྟེན་ཡིན།།

 

གཞན་གྱིས་ཆུ་སྒང་གསར་རྙིང་རྩོད་པའི་སྐབས།།

ཁྱེད་ནི་རང་ཚུགས་བརྟན་པའི་དབུ་ཁྲིད་ཡིན།།

གཞན་གྱིས་རང་དགའི་ཞེན་ཆོས་བསྲེ་བའི་སྐབས།།

ཁྱེད་ནི་ཆུ་འབྱེད་ངང་པའི་རྒྱལ་པོ་ཡིན།།

 

ཐལ་བ་མིག་ལ་གཏོར་མི་བྱུང་ཡང་སྲིད།།

ཞལ་ངོ་ཟླ་དཀར་འདྲ་ལ་གོས་མྱོང་མེད།།

ཐུགས་གསེང་ཆུ་འཁྱག་གཏོར་མི་བྱུང་ཡང་སྲིད།།

སྙིང་རྗེ་ཉི་མ་འདྲ་ལ་བསིལ་མྱོང་མེད།།

 

འདི་ན་བོན་གྱི་ལུང་དང་རྟོགས་པའི་བསྟན།།

ཉི་མོར་བྱས་པའི་གཟི་འོད་འབར་བཞིན་དུ།།

ལྷོ་མཐའི་གཟི་བརྗིད་སྨན་གྱི་འདུས་གླིང་དུ།།

སྐུ་མཆོག་ཞི་བར་གཤེགས་དེ་ཡང་ཡང་དྲན།།

 

དགེ་བཤེས་དྲང་སྲོང་རྒྱལ་མཚན་གྱིས།༢༠༡༧/༩/༢༣

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།