རྗེ་སྨན་རི་བ་བཀའ་དྲིན་དྲན་པའི་མཆོད་ཚིག

[ཟླ་ཚེས། 2017-09-25 22:26:05][རྩོམ་པ་པོ། གངས་སྙུག་འཛིན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

2211q.jpg

ཀ་དག་བོན་སྐུའི་ངོ་བོ་དངོས་བྱོན་ཉིད།།

རིམ་གཉིས་ལྟ་བའི་ཐེག་དགུའི་ས་ལམ་བསྒྲོད།།

བདེན་གཉིས་ཟབ་མོ་སྙིང་རྗེའི་རང་གཟུགས་ཉིད།།

གཞན་ཕན་འགྲོ་བ་ཡོངས་ཀྱི་དོན་ཆེད་དུ།།

བྱམས་བརྩེའི་བཀའ་དྲིན་སྣུམ་པོ་བརྗེད་པ་མེད།།


འགྲོ་ཀུན་མུན་པ་སེལ་བའི་འོད་པོ་ཆེ།།

གཟུགས་སྐུའི་བཀོད་པ་བོན་དབྱིངས་བསྡུས་པའི་ཚེ།།

བདག་ཡིད་སྐྱོ་བས་ལུས་ལ་བ་སྤུ་ཟིང་།།

ཤུལ་ལུས་དྭ་ཕྲུག་ང་ཚོའི་དོན་ཆེད་ལ།།

ཐུགས་རྗེ་སྤྱན་གྱིས་ཡང་ནས་གཟིགས་རོགས་ཞུ།།


ཁམས་གསུམ་སེམས་ཅན་རྟག་འཛིན་བཟློག་ཕྱིར་དུ།།

འདུལ་བྱའི་སྣང་ངོར་སྐྱེ་འཆིའི་ཚུལ་དུ་བསྟན།།

ཡེ་ནས་སྐུ་མཆོག་གཤེགས་པ་མ་ཡིན་ཏེ།།

རྨོངས་པའི་སེམས་ཅན་གྲོལ་བའི་ཐབས་སུ་དྲངས།།

སླར་ཡང་ང་ཚོའི་མགོན་དུ་ཕེབས་ཤིག་ཀྱཻ།།


རྒྱུད་ལུང་ཀུན་གྱི་ཚིག་མཛོད་བླ་ན་མེད།།

འཇིག་རྟེན་སྨྲག་རུམ་སེལ་བ་སྲིད་པའི་སྒྲོན།།

གློ་བུར་མཁའ་བསྐྱོད་ཞིང་དུ་ཕེབས་པས་ན།།

ཞལ་མཇལ་བསྐལ་པ་མ་བྱུང་འགྱོད་བཞིན་དུ།།

གདོང་པར་མིག་ཆུའི་འགེང་བཞིན་ཡིད་རེ་སྨྲེང་།།


དུས་འགྱུར་མུན་ནག་བལྟར་མེད་བཟོད་དཀའི་སྐབས།།

རྒྱལ་གཤེན་བསྟན་པའི་མེ་རོ་མཐའ་ནས་སྤར།།

མཛད་འཕྲིན་ཟབ་མོ་བརྗོད་འདས་བསམ་མཐའ་ཡས།།

ཡང་སྤྲུལ་ཉི་མ་གཞོན་ནུའི་འོད་ཟེར་མདངས།།

འགྲོ་ཀུན་སྤྱི་བོའི་མགོན་དུ་འཆར་བར་སྨོན། །


སྤྱི་རུ་གངས་ལྗོངས་ཁ་བའི་ཐ་གྲུ་དང་།།

དགོས་སུ་བོན་འབངས་ཡོངས་ཀྱི་ལྷ་སྐལ་རྗེ།།

རེ་ཞིག་ཞིང་ཁམས་གཞན་ལ་བྱོན་པ་དེས།།

མ་རྟོགས་འཁོར་བ་མུན་པའི་གླིང་ཆེན་གྱུར།།

སྐྱོ་སྡུག་སྨེ་ངག་ཤོར་བཞིན་སེམས་པ་བརླན།།


གདུང་བའི་ན་ཟུག་ཡ་ཆུང་ཁོག་ནས་ལྡང་།།

སྐྱོ་བའི་མིག་ཆུ་གཙང་པོའི་ངོས་ལ་འགྲན།།

བསྟན་པ་རྗེས་བཞགས་མི་ཟད་རྒྱན་གྱི་སྤྲིན།།

གཞལ་བར་དཀའ་བའི་བཀའ་དྲིན་དྲན་བཞིན་དུ།།

དད་པའི་ཐལ་མོ་ཟུམ་ཞིང་སྤྱི་བོར་བསྟོད།།


གངས་སྙུག་འཛིན་གྱིས་རྩེ་གཅིག་དད་པའི་སྒོ་ནས་ཕུལ་བའོ།།

༢༠༡༧/༩/༢༥ཉིན།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།