བཟོད་མེད་ཀྱི་དྲན་གདུང་།

[ཟླ་ཚེས། 2017-09-25 10:59:30][རྩོམ་པ་པོ། གངས་སྨྱུག་དཀར་པོ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

1506308438554851.jpg


གངས་རིའི་ཞིང་ནས་གསེར་གྱི་ཁྱུང་ཆེན་ཅིག།།

གནམ་འོག་འདིར་ན་མ་བཞུགས་མཁའ་མཐའ་ལ།།

ཡོངས་སུ་བརྒལ་ཏེ་གདོད་མའི་རྒྱལ་ས་རུ།།

བདེ་བར་གཤེགས་པའི་ངང་དུ་མངོན་པར་ཐིམ།།


འགྲོ་མང་གདུལ་བྱ་སྐྱབས་འོག་གུར་ཁང་ནས།།

ཐུགས་རྗེས་ལེགས་མཛད་ཁྱབ་པའི་དྭ་ཕྲུག་ཀུན།།

བཟོད་པར་མེད་པའི་སེམས་ཀྱི་ན་ཟུག་གིས།།

དྲན་པའི་ངང་ནས་སྐྱོ་བའི་ངུ་སྐད་སྒྲོག།


ཁྱེད་ཀྱིས་མཛད་པའི་འཕྲིན་ལས་མ་ལུས་པ།།

ཞིང་འདིར་རྗེས་སུ་བཞག་པའི་རྒྱལ་བསྟན་ལ།།

རླབས་ཆེན་དཔག་ཏུ་མེད་པའི་ཚ་ཟེར་གྱིས།།

ལེགས་པར་སྐྲུན་པའི་འོད་སྣང་ཕྱོགས་ཀུན་ཁྱབ།།


མེས་པོའི་ཤུལ་དུ་བཞག་པའི་རིག་གཞུང་དག།

སྐྱོར་བའི་སྤོབས་པ་རབ་ལྡན་མི་ཡི་སེང་།།

ཤེས་བྱའི་དཀྱིལ་འཁོར་མངོན་པར་བཀྲ་བ་གྱིས།།

བཤད་དང་སྒྲུབ་པའི་བསྟན་འགྲོའི་ཁུར་ཆེན་བཞེས།།


མུན་པ་སྟུག་པོ་ཞིག་གི་སྒྲིབ་སར་ནས།།

ལུང་དང་རིག་པའི་གད་རྒྱངས་དྲག་པོ་ཡིས།།

ས་ཆེན་གསུམ་གྱི་ལོག་སྨྲ་མ་ལུས་པ།།

ཝ་སྐྱེས་ཚོགས་ཀུན་ཕྱོགས་ལས་རྣམ་པ་རྒྱལ།།


མགོན་ཁྱེད་ལྷག་བསམ་རྣམ་པར་དག་པ་ཡིས།།

ཞིང་འདིར་གཡོ་པའི་སྐྱ་རེངས་ལས་དྲངས་ནས།།

འཆད་རྩོད་རྩོམ་གསུམ་རྒྱས་པའི་ཉི་མོ་གསལ།།

མཁས་དང་གྲུབ་པའི་དཔལ་ཡོན་མཆོག་ལ་མངའ།།


མི་འཇིགས་སྟོབས་བཅུའི་མངའ་བདག་ལྷུན་ལ་རྫོགས།།

དྲི་མེད་བསླབ་གསུམ་གཡུ་རལ་རྒྱས་པའི་གཉེན།།

གཞན་ཕན་ལྷག་བསམ་རྩེ་དགའ་བཟང་བོ་ཡིས།།

འགྲོ་ཀུན་ཐར་བའི་ལམ་ལ་འགོད་མཛད་རྗེ།།


སྙིགས་མའི་བསྐལ་ཁུག་གསོལ་བའི་དཔའ་བོ་དེ།།

གསང་གསུམ་གཉུག་མའི་གཤིས་ཀྱི་རང་ལུགས་སུ།།

ཀ་དག་དགོངས་པ་ཞི་བའི་ཚུལ་མཛད་ནས།།

ཡིད་ཅན་འགྲོ་ཀུན་ཡལ་བར་མ་འདོར་ཤོག།


མ་བཞུགས་དམ་པ་གང་ཉིད་གཤེགས་པའི་ཤུལ།།

སྡུག་བསྔལ་དུ་མ་བརྩེགས་པའི་མུན་པ་འཐིབ།།

མགོན་མེད་དྭ་ཕྲུག་གདུང་བའི་མྱ་ངན་གྱིས།།

བཅོས་མིན་སྙིང་ནས་དྲན་པའི་སྨྲེ་ངག་འདོན།།


____________གངས་སྨྱུག་དཀར་པོས།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།