གསེར་ཁྱུང་གཤེགས་པའི་གདུང་དབྱངས།

[ཟླ་ཚེས། 2017-09-25 10:56:05][རྩོམ་པ་པོ།  ལམ་འགྲོ་བ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

1506308223963912.jpg

སེམས་ཅན་ལས་ཀྱི་བསོད་ནམས་མ་ཟད་དུས།།

སངས་རྒྱས་སྟོང་གི་ངོ་བོ་གཅིག་བསྡུས་པའི།།

རྒྱལ་བ་གཉིས་པའི་གདན་རབས་གསེར་རིའི་ཕྲེང་།།

ཁྱད་པར་འཕྲིན་ལས་ཟབ་པའི་སོ་གསུམ་བ།།


སེམས་ཅན་ཀུན་ཏུ་བཟང་པོའི་ལམ་སྟེགས་སུ།།

བཀྲིད་དྲང་ཚུལ་ལ་གཞན་དྲིན་མི་འཇོག་པའི།།

བོན་སྒོ་བརྒྱད་ཁྲིའི་རྩལ་ལྡན་གསེར་ཁྱུང་རྗེ།།

ཁྱེད་ཉིད་ལྷ་ཡུལ་ཕེབས་པར་སྔ་དྲགས་སོང་།།


འཚེ་མེད་ཞི་བདེ་གྲུབ་མཐའི་སྲོལ་ཕྱེ་བོས།།

གོང་གི་བསྟན་པའི་དར་ཆེན་སྲིད་རྩེར་བཙུགས།།

སྙན་པའི་གྲགས་པ་ཕྱོགས་ཀུན་ཁྱབ་པར་མཛད།།

ཁྱེད་ཀྱི་རླབས་ཆེན་མཛད་རྗེས་སུ་ཡིས་དཔོག །


སྙིགས་མ་ལྔ་མདོའི་སེམས་ཅན་སྲིན་པོའི་ཁར།།

གཤེན་བསྟན་ཟ་ལ་ཉེ་བའི་དུས་མཚམས་དེར།།

བསྟན་པའི་སྲོག་རྩ་བསྐྱབས་པའི་སྙིང་སྟོབས་ཅན།།

གངས་རིའི་དཔའ་བོ་ངོ་མ་ཁྱེད་ཉིད་ཡིན།།


ཁ་བས་རྭ་བ་བསྐོར་བའི་ཕྱི་རོལ་གྱི།།

ལོག་ཚོགས་ཁྱི་སྤྱང་འཐབ་པའི་གཡུལ་ས་ན།།

ཟིལ་གནོན་སྟོབས་ལྡན་གཡུ་རལ་ཅན་ཁྱེད་ཀྱིས།།

ལོག་པའི་དཔུང་གཏུལ་ཡང་དག་བསྟན་པ་སྤེལ།།


གྱེར་བསྟན་ཁང་བཟང་འདེག་པའི་གསེར་གྱི་ཀ།།

བོན་འབངས་སྤྱི་བོའི་གཙུག་གི་ཡིད་བཞིན་ནོར།།

འཛམ་གླིང་གངས་རི་ཅན་གྱི་ལྷ་སྐལ་མཆོག །

ཁྱེད་ཀྱི་བཀའ་དྲིན་དྲན་བཞིན་མིག་ཆུ་འཁྲུགས།།


བཀའ་དྲིན་མཚུངས་མེད་བླ་མ་བྱོན་པའི་ཤུལ།།

འཛམ་གླིང་ཤར་ནུབ་ཀུན་ཏུ་སྡུག་གིས་མནར།།

བོན་འབངས་འཁོར་ས་འཁྲི་སའི་ཉི་མ་འདྲའི།།

རྗེ་ཁྱེད་གཤེགས་རྗེས་གླིང་འདི་མུན་ནག་འཐིབ།།


སྟོན་པ་གཤེན་རབ་བཀའ་ཡི་ནུས་མཐུ་དང་།།

མཉམ་མེད་ཆེན་པོའི་གདན་སའི་བྱིན་རླབས་ཀྱིས།།

འགྲོ་དམན་འཁོར་བའི་འདམ་ལས་དྲང་བའི་ཕྱིར།།

ཐུགས་རྗེས་ཉི་མ་མྱུར་དུ་ཤར་བར་ཤོག།  

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།