གསེར་གྱི་ཁྱུང་ཆེན་ཞིག་ནུབ་ལ་འཕུར་སོང་།

[ཟླ་ཚེས། 2017-09-24 22:12:56][རྩོམ་པ་པོ། རྩེ་འོད་སྣང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

1506262479151084.jpg

སྐད་ཚོམས་ཤིག་གི་འུར་སྐད་ལ་འཐིམ་ནས་དུས་ཚོད་ཀྱང་ཡུན་རིང་འགོར་བའི་མཚན་མོ་འདིར། རྣ་བར་གཟན་པའི་གནས་ཚུལ་ཞིག་སྐད་འཕྲིན་གྱི་གྲོགས་ཚོམས་ནས་མཐོང་བྱུང་། ཁ་བྱང་རིག་མ་ཐག་ཡིད་སེམས་སྐྱོ་བའི་གནས་ཚུལ་ཞིག་བྱུང་སོང་བ་ཧ་གོ་ཡང་ཁྱེད་སྐུ་དུང་ཟླ་དཀར་པོ་འདི་ལྟར་གཟིམ་འགྲོ་བ་བློ་ཡིད་ལ་ཡང་མ་ཤར། གནས་ཚུལ་དེ་མཐོང་མ་ཐག་སྐད་ཚོམས་ནང་གི་གཏམ་བཤད་ཚ་ཤོས་དག་ལ་ཡང་ཉན་འདོད་པར་མགོ་བོ་སྔས་འགྲམ་ལ་བཞག་ཏེ་སྐྱོ་གདུང་གི་མཆི་མའི་སེམས་པ་བརླན་ཞོར་རྟོག་བཏགས་ཀྱི་བཟོས་པའི་ཁྱེད་ཀྱི་སྐུ་བརྙན་ཡིད་ལ་སྒོམ་དེ་ཁྱེད་ལ་སྐྱབས་འཇུག་ཞུས།


ཁྱེད་འཇིག་རྟེན་འདི་ནས་ཕེབས་ཀྱང་ལམ་དུ་རྐྱེན་ངན་གྱི་གཏེ་བོ་དང་དགེ་བར་སྡང་བའི་གཤེད་མ་སོགས་མེད་ཀྱང་། མཁའ་སྤྱོད་བདེ་ལྡན་གྱི་ཞིང་དུ་ཕ་རྒྱུད་ཐབས་ཀྱི་རྒྱུད་དང་མ་རྒྱུད་ཤེས་རབ་ཀྱི་རྒྱུད་སོགས་གྲོགས་སུ་བྱོན་ཏེ་ཁྱེད་སྐུ་ཉི་མ་འདྲ་བོ་འོད་ལམ་ལམ་དུ་འཚེར་སྲིད། ཞལ་ཁྱིམ་དུང་ཟླ་འདྲ་བོ་ཡང་བྱམས་བརྩེ་དང་འཛུམ་ཞལ་གྱིས་ངང་བགད་ཡོང་། 

 ༣

ཁྱེད་རང་མི་རིགས་ག་གེ་ཞིག་དང་ཡུལ་ལུང་ག་གེ་རེར་མེད་ཀྱང་མཆོད་མོད། ང་ཚོའི་ཉམ་ང་ཞིང་ཉག་ཕྲ་བའི་བོན་འབངས་སྐྱ་སེར་ཀུན་ལ་མེད་མི་རུང་། ང་ཚོས་ཉིན་རྒྱུན་ཁྱེད་ནི་སྙིང་སྟོབས་ཤིག་དང་ལ་རྒྱ་ཞིག་བློམ་ནས་ཡོད། ཡིན་ན་ཡང་སྐད་གཅིག་གི་འདས་པའི་དུས་ཚོད་ཉུང་ཉུང་འདིའི་བར་གསེང་ལ་གློ་བུར་གློ་བུར་ནས་ཁྱེད་རང་བདེ་ལྡན་མཁའ་སྤྱོད་ཀྱི་ཞིང་ཁམས་ལ་བཤེགས་འགྲོ་བ་དོན་དུ་རྟག་འཛིན་ཉོན་མོངས་ཀྱི་ཕྱུག་པའི་བདག་ཅག་ལ་གྱོང་གུད་ཚབ་ཆེན་ཞིག་དང་སྐྱོ་གདུང་ཚ་བོ་ཞིག་སྤྲད་པ་ཅི་མིན། 

 ༤

དུས་རྒྱུན་པར་ཁྱེད་ཀྱིས་སྐུ་པར་སོགས་ལ་མཇལ་ཐེངས་རེ་ངས་ཁྱེད་ནི་བོན་བསྟན་དཔུང་ལ་འདེགས་པའི་གསེར་གྱི་ཀ་བ་ཞིག་དང་། བོན་འབངས་བརྩེ་བའི་སྐྱོང་མཁན་གྱི་བླ་མ་ཞིག་ལ་སྒོམ་ནས་ཡོད། དེ་ཡང་ལོས་ཡིན་ཁྱེད་རང་དང་འདྲིས་པར་བྱིན་པའི་གྲྭ་བ་སྐོར་ཞིག་གིས་ལབ་ཀྱང་ཁྱེད་ནི་བྱམས་བརྩེ་ཡིས་ཕྱུག་པའི་བླ་མ་ཞིག་ཡིན་ཞེས་ལབ་ལ་དེ་བས་ང་ཁྱེད་ལ་བག་ཆགས་གཏིང་ཟབ་པོ་ཞིག་ཆགས་སོང་།

 ༥

དོན་ངོ་མར་ཁྱེད་ཀྱིས་སྐུ་དྲིན་ལས་བོན་བསྟན་གསེར་གྱི་ཉི་མ་མཁའ་ནས་ཚེས་མྱོང་ལ། བོན་འབངས་སྐར་ཚོགས་ཁྲི་འབུམ་དགའ་བའི་འཚོས་མྱོང་། ཁྱེད་སྐུ་ཉི་མ་སེར་པོ་ནུབ་རིར་ཡིབ་སོང་བའི་དུས་འདིར་ང་རང་ཁྱེད་ཉིད་དང་རྒྱང་ཐག་ཆས་རིང་ས་ཞིག་ནས་སྐྱོ་གདུང་གི་དངན་པ་སེམས་ནས་འཕྱུར་བཞིན་ཁུ་སིམ་སིམ་གྱི་མཚན་ལྗོངས་འདི་ཕུད་ཐབས་མ་བྱུང་བར་རང་སེམས་གསོ་བའི་སྨན་ཆུ་ཞིག་གི་ཚུལ་ཏུ་འགྱོད་གདུང་གི་གྱེས་གཏམ་དེའི་མཇུག་སྔར་འཐམ། དེ་ཡང་ཡོད་ཚད་བདག་སེམས་ཀྱི་སྐྱོ་བ་རྣལ་མ་དག་ཡི་གེར་ཕབ་དེ་རང་སེམས་རང་གིས་གསོས་པ་ཡིན།

 ༦

རྨི་ལམ་ཡིན་ན་བསམ་པའི་ཡིད་སྐྱོ་བའི་སྡུག་བསྔལ་ཚ་བོ་འདི་རང་ཅག་བོན་འབངས་ཀུན་གྱི་མིག་ཆུ་དང་ན་ཟུག་ཡིན་ལ། དངན་པ་དང་སྐྱོ་བ་ཡང་ཡིན། གསེར་གྱི་ཁྱུང་ཆེན་ཁྱེད་ནུབ་ལ་བཞུད་པ་ནི་རང་སྟེང་ནས་རྟག་འཛིན་ཅན་ལ་སུན་འབྱིན་ཞིག་བྱས་པ་ཡིན་མོད། ཤུལ་ལུས་ཀྱི་དད་འབངས་ཁྲི་མ་འབུམ་ལ་སྐྱོ་གདུང་དང་མྱ་ངན་གྱིས་མིག་ཆུ་འཐོར་དུ་བཅུག་པ་ལ་མ་འདས་སོ།།


གློ་བོར་བའི་དོན་རྐྱེན་འདི་སེམས་སུ་དྲན་ཐེངས་རེར་སྙིང་ཆུང་དམར་པོ་འདི་ཡང་རྒྱུན་ལྡན་མིན་པར་འཕར་ཚད་མྱུར་བ་ནི་ང་ཁྱེད་ལ་དད་པ་གཙང་མ་ཞིག་དང་མོས་པ་ལྷག་མ་ཞིག་ཡོད་པས་ཡིན་ལ། ཁྱེད་ལ་མཇལ་མ་ཐུབ་པ་ནི་དོན་གྱིས་རང་སྟེང་གི་སྐྱོ་བ་གནོད་མོ་ཞིག་ཅིང་ཡིན། ད་ནི་འཕྱི་སོང་། ཁྱེད་རང་བཞུད་པ་སྔ་སོང་།

ཨ་ཁ་ཁ་ད་བར་ཏུ་སྐད་གཅིག་མ་མི་རྟག་པའི་མཚན་ཉིད་ཅེས་བརྒྱ་སྟོང་ཞིག་ཁ་ནས་ལབ་ཡང་དེ་རིང་གློ་བུར་དུ་ཡིད་སེམས་སྐྱོ་བའི་གནས་ཚུལ་འདི་ཐོས་མ་ཐག་དེ་ཡང་བསམ་པའི་གུར་ཁང་དུ་དྲན་མ་ཐུབ་པར། རྟག་འཛིན་ཉོན་མོངས་ཀྱི་འཚང་ཁའི་ཁྲོད་དུ་ཡང་ཡང་སྐྱོ་མྱོང་ལ་ཡང་ཡང་ཁྱེད་རང་དྲན། གསེར་གྱི་ཁྱུང་ཆེན། སྨན་རི་བ།

བོན་འབངས་ཡོངས་ཀྱི་དཔྲལ་བའི་མིག་དང་ཁོག་གི་སྙིང་ལྟ་བུ་མཚན་བརྗོད་པར་དཀའ་བ་དོན་གྱིས་སླད་དུ་མཚན་ནས་སྨོས་ན་སྐྱབས་རྗེ་ལུང་རྟོགས་བསྟན་པའི་ཉི་མ་མཆོག་གདུལ་བྱ་རྟག་འཛིན་ཅན་གྱི་ངོར་སྐུ་མི་རྟག་མྱ་ངན་ལས་འདས་ཚུལ་བསྟན་པར་སྐྱོ་གདུང་ན་ཟུག་དྲག་ཏུ་འཕྱོ་བཞིན་རྩེ་འོད་སྣང་དུ་འབོད་པས་སྦྱར་བ་དགེའོ།།


 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།